རྒྱ་མཚོ་རྟགས་ཅན་གྱི་སློབ་ཆེན་སློབ་མའི་རྩོམ་ཡིག་འགྲན་སྡུར་བདེ་བླག་ངང་མཇུག་སྒྲིལ་བ།

རྩོམ་པ་པོ།:ཨ་རྟ་མགྲིན་སྐྱབས། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-12-15 11:27:00 ཀློག་གྲངས།:


བདམས་ཐོན་བྱུང་བའི་སློབ་གྲོགས་དག་ཡུལ་དངོས་རྩོམ་ཡིག་འགྲན་སྡུར་ལ་ཞུགས་བཞིན་པ།

         ཉེ་སྔོན། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་སློབ་ཁྲིད་ཐོག་ཁང608སློབ་ཁང་དུ་རྒྱ་མཚོ་རྟགས་ཅན་གྱི་སློབ་ཆེན་སློབ་མའི་རྩོམ་ཡིག་འགྲན་སྡུར་སྤེལ།  ཐེངས་འདིའི་རྩོམ་ཡིག་འགྲན་སྡུར་ནི་སློབ་གླིང་དེ་གའི་སློབ་མའི་སློབ་གསེང་གི་འཚོ་བ་ཕུན་སུམ་ཇེ་ཚོགས་དང་རྩོམ་འབྲིའི་ནུས་པ་སྐྱེད་སྲིང༌། གསར་རྩོམ་གྱི་ལས་ལ་གཞོལ་བའི་སློབ་བུ་དག་ལ་རྩོམ་རིག་གི་ཁ་དབུགས་གསར་བ་ཞིག་སྐྲུན་ཆེད་དུ་ཟི་ལིང་རྒྱ་མཚོ་བརྡ་འཕྲིན་གློག་རྡུལ་ཚད་ལྡན་ཀུང་ཟིས་མ་དངུལ་གྱི་མཐུན་རྐྱེན་སྐྲུན་ཐོག་མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་ཐོན་སློབ་གླིང་གི་བོད་ཀྱི་སྐད་ཡིག་དང་རྩོམ་རིག་སྡེ་ཁག་གིས་གཙོ་སྒྲུབ་བྱས་ཏེ་སྤེལ་བ་ཞིག་ཡིན། དེར་བོད་ཀྱི་སྐད་ཡིག་དང་རྩོམ་རིག་སྡེ་ཁག་གི་འཛིན་གྲྭ་རེར་འགྲན་ཞུགས་པ་གཉིས་རེ་དང་མི་རིགས་སློབ་གླིང་གི་སྡེ་ཁག་གཞན་པར་འཛིན་གྲྭ་རེར་འགྲན་ཞུགས་པ་གཅིག་རེ་བདམས་ཐོན་བྱུང་ནས་སྡེ་ཁག་མི་གཅིག་པའི་སློབ་གྲོགས་དང་སློབ་གླིང་མི་གཅིག་པའི་སློབ་གྲོགས25ཐེངས་འདིའི་འགྲན་སྡུར་ལ་ཞུགས་ལ། མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་ཐོན་སློབ་གླིང་གི་བོད་ཀྱི་སྐད་ཡིག་དང་རྩོམ་རིག་སྡེ་ཁག་གི་དགེ་རྒན་མགོན་པོ་ཚེ་རིང་དང་དགེ་རྒན་དོན་གྲུབ་ཚེ་རིང་། དགེ་རྒན་དཔལ་ལོ། དགེ་རྒན་རིན་ཆེན་བཀྲ་ཤིས། སློབ་མ་ཨ་རྟ་མགྲིན་སྐྱབས་བཅས་དཔྱད་འདེམས་སུ་བདམས། 


དཔྱད་འདེམས་པས་རྩོམ་ཡིག་འདེམས་བཞིན་པ།

         དུས་ཚོད་གཉིས་ཀྱི་ཡུལ་དངོས་འགྲན་སྡུར་གྱི་རྗེས་སུ་སློབ་གླིང་དེ་གའི་དགེ་རྒན་ཆེན་མོ་མགོན་པོ་ཚེ་རིང་དང་དགེ་རྒན་དོན་གྲུབ་ཚེ་རིང་སོགས་དཔྱད་འདེམས་པས་དཔྱད་འདེམས་བྱས་མཐར་སློབ་གྲོགས11ལ་ཐེངས་འདིའི་རྒྱ་མཚོ་རྟགས་ཅན་གྱི་སློབ་ཆེན་སློབ་མའི་རྩོམ་ཡིག་འགྲན་སྡུར་གྱི་བྱ་དགའ་ཐོབ། ཐེངས་འདིའི་རྩོམ་ཡིག་འགྲན་སྡུར་གྱི་བྱ་དགའི་རིམ་པ་ནི་ཨང་དང་པོ་གཅིག  བྱ་དགའ་སྒོར1500ཅན་གྱི་ལག་ཁྱེར་ཁ་པར་གཅིག  ཨང་གཉིས་པ་གཉིས། བྱ་དགའ་སྒོར1100ཅན་གྱི་ལག་ཁྱེར་ཁ་པར་གཅིག     ཨང་གསུམ་པ་གསུམ། བྱ་དགའ་སྒོར500ཡས་མས་ཀྱི་དཔེ་ཆ། ཕུལ་བྱུང་བྱ་དགའ་ལྔ། བྱ་དགའ་སྒོར100ཡས་མས་ཀྱི་དཔེ་ཆ། ཕུལ་བྱུང་རྩོམ་སྒྲིག་པ་གཅིག  བྱ་དགའ་སྒོར1500ཅན་གྱི་ལག་ཁྱེར་ཁ་པར་གཅིག་བཅས་སློབ་གྲོགས12བདམས་ཐོན་བྱུང་།

རྒྱ་མཚོ་རྟགས་ཅན་གྱི་སློབ་ཆེན་སློབ་མའི་རྩོམ་ཡིག་འགྲན་སྡུར་བདེ་བླག་ངང་མཇུག་སྒྲིལ་བ།
བྱ་དགའ་ཐོབ་པའི་སློབ་གྲོགས་དག་གི་མཉམ་པར།

         དེར་བརྟེན། ཉེ་ལམ་མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་ལྷོ་གླིང་སློབ་ཁྲིད་ཐོག་ཁང་གི115སྐས་རིམ་སློབ་ཁང་དུ་རྒྱ་མཚོ་རྟགས་ཅན་གྱི་སློབ་ཆེན་སློབ་མའི་རྩོམ་ཡིག་འགྲན་སྡུར་གྱི་བྱ་དགའ་སྤྲོད་པའི་མཛད་སྒོ་རྒྱ་ཆེ་སྤེལ།  ཚོགས་འདུའི་གདན་ཞུའི་སྐུ་མགྲོན་ནི་མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་ཐོན་སློབ་གླིང་གི་སློབ་སྟོན་ཁྲུའུ་ཡི་ཆན་ཀྲུའུ་རིན་དང་བོད་ཀྱི་སྐད་ཡིག་དང་རྩོམ་རིག་སྡེ་ཁག་གི་ཀྲུའུ་རིན་སྟོབས་ལྡན་དང་ཀྲའུ་རིན་གཞོན་པ་མགོན་པོ་ཚེ་རིང་།  དགེ་རྒན་དོན་གྲུབ་ཚེ་རིང་། དགེ་རྒན་རིན་ཆེན་བཀྲ་ཤིས། ཟི་ལིང་རྒྱ་མཚོ་བརྡ་འཕྲིན་གློག་རྡུལ་ཚད་ལྡན་ཀུང་ཟིའི་ལས་བཟོ་བ་མཁའ་འགྲོ་མཚོ་མོ་སོགས་ཡིན། གཞན་ད་དུང་མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་གསར་འགོད་པ་ཡུལ་དངོས་སུ་འབྱོར་ནས་བརྙན་ཕབ་བྱས། 


དགེ་རྒན་དོན་གྲུབ་ཚེ་རིང་གིས་འགྲན་ཞུགས་རྩོམ་ཡིག་གི་ལེགས་པའི་ཆ་དང་མི་ལེགས་པའི་ཆ།
རྗེས་ཕྱོགས་མཉམ་འཇོག་དགེས་སའི་ཐད་ནས་གསུང་བཤད་གནང་བ།

         ཚོགས་ཐོག་ཏུ་མདོ་འཛིན་པས་ཚོགས་འདུ་མགོ་འཛིན་བྱས་པ་དང་དགེ་རྒན་མགོན་པོ་ཚེ་རིང་གིས་བྱ་འགུལ་ཐོག་མཐའ་བར་གསུམ་གྱི་གནས་ཚུལ་ངོ་སྤྲོད་བྱས་པ་དང་དགེ་རྒན་དོན་གྲུབ་ཚེ་རིང་གིས་འགྲན་ཞུགས་རྩོམ་ཡིག་དག་གི་ལེགས་པའི་ཆ་དང་མི་ལེགས་པའི་ཆ། རྗེས་ཕྱོགས་མཉམ་འཇོག་དགོས་སའི་ཐད་ནས་གསུང་བཤད་མང་པོ་གནང་།  རྒྱ་མཚོ་རྟགས་ཅན་གྱི་སློབ་ཆེན་སློབ་མའི་རྩོམ་ཡིག་འགྲན་སྡུར་གྱི་བྱ་དགའ་ཨང་དང་པོ་ཐོབ་མཁན་ནི་མི་གཞུང་སློབ་གླིང་གི 2010ལོའི་མི་གཞུང་སློབ་གསོའི་འཛིན་གྲྭའི་སློབ་གྲོགས་བཀྲ་ཤིས་རྒྱལ་དང་། བྱ་དགའ་ཨང་གཉིས་པ་ཐོབ་མཁན་ནི་མི་རིགས་སློབ་གླིང་གི་བོད་ཡིག་སྡེ་ཁག2010ལོའི་བོད་ཡིག་འཛིན་གྲྭ་ཁ་བའི་སློབ་གྲོགས་འབྲུག་པ། མི་རིགས་སློབ་གླིང་གི་དངོས་ལུགས་སྡེ་ཁག2011ལོའི་དངོས་ལུགས་འཛིན་གྲྭའི་སློབ་གྲོགས་ཡུལ་ལྷ་ཐར། བྱ་དགའ་ཨང་གསུམ་པ། མི་རིགས་སློབ་གླིང་གི་རྫས་འགྱུར་སྡེ་ཁག2012ལོའི་རྫས་འགྱུར་འཛིན་གྲྭའི་སློབ་གྲོགས་ཀླུ་སྐྱབས་རྒྱལ། མི་རིགས་སློབ་གླིང་གི་བོད་དབྱིན་སྡེ་ཁག2010ལོའི་བོད་དབྱིན་འཛིན་གྲྭའི་སློབ་གྲོགས་དབང་ཆེན་ཚེ་རིང་། མི་རིགས་སློབ་གླིང་གི་བོད་དབྱིན་སྡེ་ཁག2011ལོའི་བོད་དབྱིན་འཛིན་གྲྭའི་སློབ་གྲོགས་ཀླུ་བྱམས་ཡག  ཕུལ་བྱུང་བྱ་དགའ། མི་རིགས་སློབ་གླིང་གི་བོད་ཡིག་སྡེ་ཁག2010ལོའི་བོད་ཡིག་འཛིན་གྲྭ་ཁ་བའི་སློབ་གྲོགས་ཚེ་རིང་དོན་གྲུབ།  མི་རིགས་སློབ་གླིང་གི་བོད་ཡིག་སྡེ་ཁག2010ལོའི་བོད་ཡིག་འཛིན་གྲྭ་ཀ་བའི་སློབ་གྲོགས་ཚེ་རིང་དཔའ་རྒྱལ།  མི་རིགས་དགེ་ཐོན་སློབ་གླིང་གི་བོད་ཡིག་སྡེ་ཁག2012ལོའི་བོད་ཡིག་འཛིན་གྲྭའི་སློབ་གྲོགས་ཉི་མ་ཚེ་རིང་།  མི་རིགས་དགེ་ཐོན་སློབ་གླིང་གི་དངོས་ལུགས་སྡེ་ཁག2012ལོའི་དངོས་ལུགས་འཛིན་གྲྭའི་སློབ་གྲོགས་ཚེ་བྷོ།  མི་རིགས་དགེ་ཐོན་སློབ་གླིང་གི་རྫས་འགྱུར་སྡེ་ཁག2011ལོའི་རྫས་འགྱུར་འཛིན་གྲྭའི་སློབ་གྲོགས་ལྷག་པ།  ཕུལ་བྱུང་རྩོམ་སྒྲིག་པ།    མི་རིགས་དགེ་ཐོན་སློབ་གླིང་གི་བོད་ཡིག་སྡེ་ཁག2011ལོའི་བོད་ཡིག་འཛིན་གྲྭའི་སློབ་གྲོགས་རྟ་མགྲིན་སྐྱབས་བཅས་ལ་བྱ་དགའ་གནང་།
         མཇུག་མཐར་དགེ་རྒན་སྟོབས་ལྡན་གྱིས་ཐེངས་འདིའི་རྩོམ་ཡིག་འགྲན་སྡུར་ལ་དགེ་མཚན་མི་དམན་པ་ཡོད་པ་སོགས་ཕྱོགས་བསྡོམས་བྱས་ཏེ་རྒྱ་མཚོ་རྟགས་ཅན་གྱི་སློབ་ཆེན་སློབ་མའི་རྩོམ་ཡིག་འགྲན་སྡུར་བདེ་ལེགས་ངང་མཇུག་སྒྲིལ་བར་བྱས།


བརྡ་སྦྱོར།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།