བོད་ཀྱི་ཐ་སྙད་གསར་བའི་སྐོར་ལ་ཅུང་ཙམ་དཔྱད་པ།

རྩོམ་པ་པོ།:danzheng ཡོང་ཁུངས།:མཚོ་སྔོན་པོ་བོད་ཡིག་ཟིན་བྲིས། དུས་ཚོད།:2011-06-12 14:52:00 ཀློག་གྲངས།:

        སྤྱི་ཚོགས་འཕེལ་རྒྱས་སུ་སོང་བ་དང་བསྟུན་ནས་རང་ཅག་བོད་མི་རིགས་ལ་མཚོན་ནའང་སྲིད་འབྱོར་རིག་གསུམ་སོགས་གང་ཅིའི་ཐད་ཐུན་མོང་མ་ཡིན་པའི་འཕེལ་རྒྱས་འགྲོ་དང་འགྲོ་བཞིན་ཡོད་ལ།འོན་ཀྱང་མི་རིགས་གཞན་དག་དང་བསྡུར་ན་རང་ཅག་གི་ཐ་སྙད་གསར་བའི་འཕེལ་ཚད་ཀྱིས་དུས་རབས་ཀྱི་རྗེས་སུ་རྐང་བ་ཙམ་ཡང་འཇོག་ཐུབ་ཀྱི་མེད་པ་ནི་སྨྲོས་མེད་ཅིག་རེད།དེའི་རྒྱུ་མཚན་གང་རེད་ཟེར་ན། དེ་ནི་བོད་ཀྱི་ཐ་སྙད་གསར་བའི་གསར་གཏོད་ཀྱི་རིན་ཐང་ཉུང་བ་དང་གཅིག། དེ་བཀོལ་སྤྱོད་ཀྱི་རིན་ཐང་ལ་གཙིགས་འཛིན་མི་བྱེད་པ་དང་གཉིས།ཐ་སྙད་གསར་གཏོད་ཀྱི་གོ་དོན་གྱོང་བ་དང་གསུམ། བོད་ཀྱི་སྤྱི་ཚོགས་ཁྲོད་ཡིག་རྨོངས་བའི་སྡེ་ཡིས་ཆེས་ཤོས་ཟིན་པ་དང་བཞི། དེ་བས།ང་ཚོའི་སྲོག་དང་རྣམ་ཤེས་ལྟ་བུར་གྱུར་བའི་སྐད་དང་ཡི་གེ་དེ་བཀོལ་སྤྱོད་བྱེད་པ་ཆེས་མང་བ་ནི་འབྲོག་ཁུལ་དང་དགོན་སྡེ་མ་རྟོགས་ཉུང་བ་དང་། གྲོང་ཁྱེར་དང་དཔལ་འབྱོར་སྤྱི་ཚོགས་སོགས་སུ་བོད་སྐད་བོད་ཡིག་གྱིས་ས་རྒྱ་ཆེན་པོ་ཞིག་ཟིན་གྱི་མེད་པ་དང་བོད་ཡིག་བོད་སྐད་བཀོལ་བར་དཀའ་ལས་ཁག་པོ་འཕྲད་ཀྱི་ཡོད་པ་དང་།དེའི་མཚོན་དོན་ནི་གོང་དུ་བརྗོད་པའི་བོད་ཀྱི་ཐ་སྙད་གསར་བའི་མ་ལག་གིས་དུས་རབས་ཀྱི་རྗེས་སུ་རྐང་བ་ཙམ་ཡང་འཇོག་ཐུབ་ཀྱི་མེད་པ་དེ་མཚོན་པ་རེད།དཔེ་བཞག་ན། རྒྱ་སྐད་དང་བོད་སྐད་ཞིབ་བསྡུར་གྱི་སྒོ་ནས་འཆད་ན།བོད་ཀྱི་མཁས་པ་མི་ཉུང་བ་ཞིག་གིས་ཐ་སྙད་གསར་སྒྱུར་བྱེད་སྐབས་སྒྱུར་སྟངས་ཀྱི་ཆ་ནས་དོན་སྒྱུར་དང་སྒྲ་སྒྱུར།ཐད་སྒྱུར་སོགས་ཀྱི་སྒོ་ནས་གཞུང་ལུགས་དང་འབྲེལ་ནས་སྒྱུར་གྱིན་ཡོད་པ་དང་དེ་ནི་ཡག་ཤོས་ཤིག་རེད་མོད།འོན་ཀྱང་། བོད་རང་གི་ད་ལྟའི་སྤྱི་ཚོགས་ཀྱི་གནས་བབས་ཀྱི་ཆ་རྐྱེན་དང་བལྟོས་བཅས་ཀྱིས་བཤད་ན།བོད་ཀྱི་སྤྱི་ཚོགས་སྟེང་ཡིག་རྨོངས་བའི་དཔུང་སྡེ་མང་བས་གཞུང་ལུགས་དང་འབྲེལ་ན་གོ་བ་ལོན་མཁན་གྱིས་བརྒྱ་ཆའི་ཉུང་ཤས་མ་རྟོགས་ཟིན་ཐུབ་ཀྱི་མ་རེད་སྙམ་མོ།།དེ་ན་གཞུང་ལུགས་དང་འབྲེལ་ནས་སྒྱུར་ན་ནོར་འཁྲུལ་ཞིག་ཡིན་ནམ་ཞེ་ན། དེ་ནོར་བ་ནི་གཏན་ནས་མ་ཡིན་སྟེ། སྤྱི་ཚོགས་ཁོར་ཡུག་གི་གནས་བབས་དང་འཚམས་པའི་སྒོ་ནས་གོ་བདེ་དོན་གསལ་ངང་ནས་མིང་དེ་མཐོང་མ་ཐག་སེམས་སུ་སྣང་བརྙན་ཞིག་འཆར་འོངས་བའི་སྒོ་ནས་སྒྱུར་ན་བོད་ཀྱི་ཐ་སྙད་གསར་བའི་བཀོལ་སྤྱོད་ཀྱི་འཕེལ་ཚད་མགྱོགས་ཤིང་བཀོལ་སྤྱོད་བྱེད་ཀྱིས་ཀྱང་མི་ཉུང་བ་ཞིག་ཟིན་ཐུབ་ཀྱི་རེད་སྙམ།

        དཔེར་ན།   རྒྱ་སྐད་ཀྱི馒头ལྟ་བུ་ལ་མཚོན་ན། བོད་མདོ་དབུས་ཁམས་གསུམ་ལ་མིང་རེ་རེ་ཡོད་མོད། འོན་ཀྱང་།སྐད་གཅིག་གྱུར་མེད་པའི་ཆ་ནས་ལྷ་ས་དང་ཨ་མདོ་བ་ཁམས་པ་བཅས་བར་ལ་གོ་བརྡ་མི་འཕྲོད་པའི་གནས་ཚུལ་ཡོད་པ་ནི་སྨོས་མེད་ཅིག་རེད་མོད།དེས་ན་ཇི་ལྟར་བྱས་ན་ད་གཟོད་གཅིག་གྱུར་གྱིས་གོ་ཐུབ་ཞེ་ན། དེ་ནི་བོད་ཀྱི་མཁས་གྲུབ་དག་གིས་གནའ་བོའི་གཙུག་ལག་ཁང་སོགས་ནས་དྲངས་ཏེ།ཡུན་རིང་ལ་ཉམས་པའི་མིང་དེ་དང་ད་ལྟ་དངོས་སུ་བཀོལ་ནས་ཡིག་ཐོག་ཏུ་ཕབ་པའི་རྐྱེན་གྱིས་རེད་སྙམ། དཔེར་ན། ཡུལ་ཕྱོགས་སོ་སོར་ཡོད་པའི་མིང་སྟེ། གོ་རེ་ཅོང་རྡོག་དང་། གོ་རེ་སྐྱ་ཐོ། ཕྱེ་ཐོ།གོ་རེ་རླངས་བཙས་།སྦྱིན་རྡོག་སོགས་རང་རང་ཡུལ་ཕྱོགས་སོ་སོར་མིང་རེ་ཡོད་མོད། འོན་ཀྱང་དེ་ནི་མཐའ་གཅིག་ཏུ་གནའ་བོའི་གཙུག་ལག་ཁང་སོགས་ཀྱི་མིང་དེ་ཆེད་དུ་བཀོལ་དགོས་བའི་ངེས་པ་མེད་ལ།གང་ཞིག་གོ་བདེ་བ་དང་དོན་གསལ་བ་ཚིག་འགྲོས་ལས་ཐད་གར་གོ་དོན་རྟོགས་ཐུབ་པའི་ངང་སྒྱུར་ན་མིང་དེ་བཀོལ་སྤྱོད་ཀྱི་ཁྱབ་རྒྱ་ཆེ་བ་དང་།འདི་ལྟ་བུ་ནི་གནའ་བོའི་གཙུག་ལག་ཁང་སོགས་སུ་བཀོད་པའི་མིང་དེ་མ་སྤྱད་ན་ལེགས་སྙམ་མོ། །གལ་ཏེ་འདི་ལྟ་བུ་གནའ་བོའི་གཙུག་ལག་ཁང་སོགས་ཀྱི་ཡིག་རྙིང་དང་འབྲེལ་ནས་སྒྱུར་ན།མིང་དེ་ནི་གནའ་བོའི་ཡིག་རྙིང་ལས་དྲངས་བ་རྟོགས་མཁན་ཉུང་བ་དང་།གོ་དོན་ཁག་པོ་ཡོད་པས།བོད་ཀྱི་སྤྱི་ཚོགས་སུ་ཤེས་ཡོན་པའི་སྡེ་ཡིས་བརྒྱ་ཆའི་ཉུང་ཤས་མ་རྟོགས་ཟིན་ཐུབ་ཀྱི་མེད་པ་དང་།ཡིག་རྨོངས་བའི་སྡེ་ས་ཁྱབ་རྡོ་ཁྱབ་ཏུ་སོང་ཡོད་པ་སོགས་ལ་གཞིགས་ན་།གཙོ་བོ་མང་ཚོགས་སམ་ཡིག་རྨོངས་བའི་སྡེ་དང།སྤྱི་ཚོགས་ཀྱི་གནས་བབས་བཅས་ལ་ཁ་ཕྱོགསཏེ་སྒྱུར་ན་ལེགས་ཤིང་། གལ་ཏེ་མིང་དེ་དེ་ལྟར་མ་སྒྱུར་ན།གོ་དཀའ་བའི་གནས་ཚུལ་འབྱུང་སྲིད་པ་དང་དེའི་བཀོལ་སྤྱོད་དཀོན་པ་དང་གོ་དཀའ་བའི་མིང་ཚིག་ཅིག་ཏུ་གྱུར་སྲིད་རེད།

        གཞན་ཡང་།   香菜ལྟ་བུ་ལ་མཚོན་ན་ཡང་།ལྷ་ས་བའི་བསོད་ནམས་གཡང་འཛོམས་ཞེས་བརྗོད་པ་དང་།ཨ་མདོ་བར་མཚོན་ན།སྔོ་ཚོད་ཅིག་གི་མིང་ལ་བུད་མེད་ཞིག་གི་མིང་བཏགས་འདུག་ཅེས་ཧ་ལས་ཤིང་དགོད་ཁ་ཤོར་གྱིན་ཡོད།འདི་ལྟ་བུ་ནི་གོ་དཀའ་ལ་དོན་མི་གསལ་བས་བཀོལ་མཁན་ཉུང་ལ་གོ་མཁན་ཡང་ཉུང་བས།     香菜ལ་གོ་བདེ་བརྗོད་བདེ་ངང་ནང་དོན་ལ་འགྱུར་བ་མ་བཏང་བར་དྲི་ཞིམ་སྔོ་ཚོད་ལ་སོགས་པའི་འོས་འཚམས་སྒྱུར་ན་ལེགས་སྙམ།

        དེ་བས།རྒྱུ་རྐྱེན་འདི་འདྲ་ཞིག་གི་དབང་གིས་བོད་སྤྱིའི་ཐ་སྙད་གསར་བའི་མ་ལག་ཞིག་སྒྱུར་སྐབས་གནའ་བོའི་གཙུག་ལག་ཁང་གི་མིང་ཚིག་དེ་དག་ད་ལྟའི་དུས་རབས་སུ་མཐའ་གཅིག་ཏུ་ཚད་མར་འཛིན་དགོས་པའི་ངེས་པ་མེད་ལ་།གོ་བདེ་བརྗོད་བདེ་ངང་ནས་ཀློག་མཁན་གང་ཟག་ལ་ཐད་ཀར་གོ་བ་ལོན་ཐུབ་པའི་སྒོ་ནས་སྒྱུར་ན་འོས་སྙམ་སྟེ།དེ་མིན་མཐའ་གཅིག་ཏུ་གནའ་བོའི་ཡིག་རྙིང་སོགས་སུ་བཙལ་ནས་བཀོལ་བ་ནི་འཕེལ་རྒྱས་དང་མེད་པའི་ཐབས་ལམ་ཞིག་ཏུ་སེམས་པ་མ་ཟད།གོ་དོན་རྟོགས་མཁན་ལ་ཡང་རྨོངས་སེམས་བསྐྱེད་ངེས་རེད།

         རྒྱུ་མཚན་དེའི་དབང་གིས་གོང་སྨོས་བཞིན་གནའ་བོའི་ཡིག་རྙིང་དང་གཙུག་ལག་ཁང་གི་མིང་དེ་ཚད་མར་མི་འཛིན་པར་དུས་རབས་དང་བསྟུན་ནས་སྒྱུར་ན་ལེགས་སྙམ། རིག་རྩལ་དང་སྲིད་འབྱོར་རིག་གསུམ་དབྱར་མཚོ་བཞིན་རྒྱས་པའི་དུས་སྐབས་འདིར་།ང་ཚོས་ཀྱང་རང་ཉིད་ཀྱི་རྣམ་དཔྱོད་དང་དོགས་སློང་མཐའ་དཔྱད་ཀྱི་རིག་པས་དུས་རབས་ཀྱི་རྗེས་སུ་སྙེགས་ན་འགྲིག་ལ་།ནམ་ཡང་གཞི་རྟེན་གྱི་ཁུངས་ལུང་དེ་གནའ་བོའི་ཡིག་རྙིང་དང་ཁོ་ནར་སྦྱར་ན་བོད་ཀྱི་ཐ་སྙད་གསར་བའི་མ་ལག་གིས་འཕེལ་ཚད་ཀྱིས་གོ་གནས་ངེས་ཅན་ཞིག་ཟིན་ཐུབ་ཀྱི་མ་རེད་སྙམ་མོ།།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།