བོད་སྐད་གཅིག་གྱུར་དང་ཐ་སྙད་གསར་པ་ཚད་ལྡན་གྱི་སྐོར།
སྐད་དང་ཡི་གེ་ནི་འགྲོ་བ་མིའི་རིགས་ཀྱི་བློ་གྲོས་ཀྱི་དྭངས་མ་དང་བླ་སྲོག་ལྟ་བུར་བརྩི་བཞིན་ཡོད། དེས་ན་རང་རིགས་ཀྱི་སྐད་དང་ཡི་གེ་ཕུན་སུམ་ཚོགས་སུ་གཏོང་རྒྱུ་ནི་མི་རིགས་སྤྱི་སྒོས་སུ་སྐད་ཡིག་བྱ་བའི་ལས་གནས་སྟེང་གི་དཔྱོད་ལྡན་རྣམས་ཀྱི་བསྙོན་དུ་མེད་པའི་འགན་འཁྲི་ཞིག་ཡིན་པར་སེམས། བོད་མི་རིགས་ཀྱི་ཤེས་རིག་གོང་འཕེལ་དང་དཔལ་འབྱོར་དར་རྒྱས་གཏོང་བ་ལ་རང་གི་སྐད་དང་ཡི་གེར་ཐུན་མོང་མ་ཡིན་པའི་ནུས་པ་ཡོད་ཅིང༌། སྐད་ཡིག་དེ་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགྲོས་ལ་བསྟུན་ནས་སྔར་མེད་ཐ་སྙད་སྣ་ཚོགས་བྱུང་དང་འབྱུང་བཞིན་ཡོད་པ་དེ་དག་ཚད་ལྡན་གཅིག་གྱུར་གྱི་ལམ་ནས་ཁྱབ་གདལ་གཏོང་དགོས་པ་དང༌། ཆོལ་ཁ་གསུམ་གྱི་བོད་མི་ཐུན་མོང་གི་སྤྱོད་ཡུལ་དུ་འགྱུར་བའི་བོད་ཀྱི་སྤྱི་སྐད་ཅིག་གཏན་འབེབས་བྱེད་དགོས་པ་ནི་བོད་མི་རིགས་འདི་ཉིད་སའི་གོ་ལའི་སྟེང་རང་གི་ལོ་རྒྱུས་ཀྱི་རྒྱུན་བསྲིང་ཐུབ་མིན་དང་འཕེལ་རྒྱས་འགྲོ་ཐུབ་མིན་དང་འབྲེལ་བའི་དོན་ཆེན་ཞིག་ཡིན་ལ། ཏང་གི་མི་རིགས་སྲིད་ཇུས་ལག་ལེན་ཡང་དག་བསྟར་ཐུབ་མིན་གྱི་བདེན་དཔང་འཛིན་ས་ཞིག་ཀྱང་ཡིན། འདིར་སྐབས་བབ་ཀྱི་བརྗོད་བྱ་ནི་བོད་ཀྱི་སྤྱི་སྐད་གཏན་ལ་ཕབ་སྟེ་ཁྱབ་གདལ་གཏོང་ཐབས་དང༌། གསར་བྱུང་ཐ་སྙད་ཚད་ལྡན་དང་གཅིག་གྱུར་ཡོང་ཐབས་གཙོ་ཆེར་བཟུང་བས། གནད་དོན་འདི་གཉིས་ཐད་རང་གི་འཆར་སྒོ་ཙམ་གླེང་ན།
གཅིག བོད་ཀྱི་སྤྱི་སྐད་གཏན་འབེབས་དང་ཁྱབ་གདལ་གཏོང་ཐབས་སྐོར།
དེང་སྐབས་འགྲིམ་འགྲུལ་སྟབས་བདེ་དང་ཕན་ཚུན་འབྲེལ་གཏུག་ཤུགས་ཆེར་འགྲོ་བའི་དུས་འདིར་ཡུལ་ལུང་སོ་སོའི“ལ་རྒྱ”མཁྲེགས་བཟུང་གིས་ཆོལ་གསུམ་བོད་མི་ནང་ཁུལ་ཕན་ཚུན་སྐད་བརྡ་འཕྲོད་པའི་སྤྱི་སྐད་ཅིག་མེད་པ་ནི་ཤིན་ཏུ་ཡ་ང་བ་ཞིག་རེད། གནའ་སྔ་མོ་ནས་མདོ་དབུས་མཐོ་སྒང་གི་བོད་མི་ལ་བོད་སྐད་ཡོད་པ་མ་ཟད། ད་ལྟའི་བོད་ཡིག་འདི་བྱུང་ནས་ཀྱང་ལོ་ངོ་ཆིག་སྟོང་སུམ་བརྒྱ་ཙམ་སོང༌། ཡི་གེ་དེ་ལ་སྐད་ཀྱི་སྒྲ་གདངས་སྟོན་པའི་བརྡ་སྤྲོད་རིག་པ་ཞིབ་ཚགས་ཤིག་ཡོད་པ་དེ་ནི་སྐད་གདངས་གཅིག་གྱུར་རམ་སྤྱི་སྐད་འགྲུབ་པའི་གཞི་མ་ཡིན་པས། མིག་སྔར་བོད་སྤྱིའི་སྐད་གདངས་གཅིག་གྱུར་བཟོ་རྒྱུ་དེ་ཡང་དཀའ་ཁག་ཆེ་བ་ཞིག་མིན་སྙམ། སྤྱི་སྐད་ཇི་ལྟར་གཏན་ལ་འབེབས་དགོས་ཤེ་ན། མི་རིགས་གང་ཞིག་གི་ཁོངས་མི་འདུས་ཚོགས་ཆེ་ཞིང་སྲིད་འབྱོར་རིག་གསུམ་གྱི་ལྟེ་བར་གྱུར་བའི་ཡུལ་དེའི་སྐད་རྨང་གཞི་བྱས་ཐོག་ཡུལ་གྲུ་གཞན་གྱི་སྐད་ལས་སྤྱོད་བདེ་གོ་སླའི་ཐ་སྙད་སྣ་ཚོགས་གཞིབ་སྟེ་མི་རིགས་དེའི་ཁོངས་མི་ཚང་མས་ངལ་རྩོལ་དང་འཚོ་བའི་ཁྲོད་དུ་བེད་སྤྱོད་གཏོང་ཆོག་པའི་སྐད་ཆ་ཞིག་ཡིན་དགོས། རང་རེ་བོད་ལ་མཚོན་ནའང་མཚན་ཉིད་འདི་ཚང་བའི་སྤྱི་སྐད་གཏན་འབེབས་བྱེད་དགོས་པ་ཧ་ཅང་གསལ། དེ་ཡང་གནད་འགག་གཙོ་བོ་ནི་བོད་ཀྱི་སྤྱི་སྐད་གཏན་འབེབས་བྱེད་པ་ལ་ཡུལ་གྲུ་གང་ཞིག་གི་ཡུལ་སྐད་རྨང་གཞི་བྱ་རྒྱུ་དེ་ཡིན། གོང་གི་སྤྱི་སྐད་ཀྱི་མཚན་ཉིད་ལ་བལྟས་ན་བོད་ཀྱི་སྤྱི་སྐད་ཀྱི་རྨང་གཞི་ནི་ལྷ་སའི་སྐད་བྱེད་དགོས་ཤིང༌། སྤྱི་སྐད་ཀྱི་ཚད་ལྡན་སྒྲ་གདངས་ནི་དབུས་གཙང་ཁུལ་གྱི་ང་རོ་ཀློག་སྟངས་བྱས་ཐོག་བརྡ་སྤྲོད་པའི་རྣམ་གཞག་ནི་སློབ་དཔོན་ཐོན་མིའི་སུམ་རྟགས་ཀྱི་གཞུང་ལ་གཞི་བཅོལ་ནས་ཉེ་རབས་བོད་ཀྱི་མཁས་པས་མཛད་པའི་བསྟན་བཅོས་དག་གི་བརྡ་སྤྲོད་རྣམ་གཞག་ལྟར་མཛད་དགོས་པ་ཤེས་ཐུབ། དེ་ཡང་ལོ་རྒྱུས་ཐོག་ལྷ་ས་གྲོང་ཁྱེར་ནི་བོད་ཀྱི་སྲིད་འབྱོར་རིག་གསུམ་གྱི་ལྟེ་བ་ཡིན་ཅིང༌། དུས་རབས་བདུན་པ་ནས་སྲིད་གཞུང་གི་སྲིད་འཛིན་ལས་ཁུངས་ཀྱི་སྐད་ཆ་དང་སྲིད་འཛིན་ཡིག་ཆ་སོགས་ལྷ་སའི་ཡུལ་སྐད་གཙོ་བཟུང་གནང་བ་མ་ཟད། བཀས་བཅད་རིམ་གསུམ་མཛད་སྐབས་ཀྱང་ལྷ་སའི་སྐད་ལ་གཞི་བཞག་པ་རྗེས་སུ་དཔག་པ་ཙམ་གྱིས་ཤེས་ཐུབ། ད་ལྟ་འཛམ་གླིང་སྟེང་ན་མཐོང་ཆེན་བྱེད་བཞིན་བོད་རིག་པ་ཞེས་པ་དེའི་མཆེད་ཁུངས་ལྟ་བུ་ནི་སེ་འབྲས་དགའ་གསུམ་གཙོ་བྱས་པའི་དབུས་གཙང་ཁུལ་གྱི་དགོན་སྡེ་ཁག་ཡིན་ཞིང༌། བོད་ན་གྲགས་ཆེ་བའི་མཁས་པ་ཕལ་ཆེར་སེ་འབྲས་དགའ་གསུམ་གང་རུང་ན་ཐོས་བསམ་མ་མཛད་པ་མེད་ཐོག ཁོ་ཚོས་བརྩམས་པའི་བོད་ཀྱི་ཤེས་རིག་གི་སྙིང་པོར་གྱུར་པའི་བསྟན་བཅོས་ཁག་ལ་ལྷ་སའི་ཡུལ་སྐད་ཀྱི་ཤན་ཞུགས་ཆེ། བསྟན་བཅོས་དེ་དག་མདོ་དབུས་ཁམས་གསུམ་གྱི་ཤེས་ལྡན་སུ་ཞིག་གིས་བཀླགས་ཀྱང་ཆགས་ཐོགས་མེད་པར་ནང་དོན་གོ་བ་ལེན་ཐུབ་པ་འདིས་ཡིག་ཐོག་ཕན་ཚུན་གོ་བརྡ་འཕྲོད་ངེས་ཡིན་པ་ཤེས་ཐུབ། དབུས་གཙང་སྐད་དང་རྟགས་འཇུག་ནང་བསྟན་པའི་ཡི་གེ་སྒྲ་གདངས་སྟོན་སྟངས་མཐུན་ཆེ་བས་སྐད་ཡིག་དབར་ཁྱད་པར་ཆེན་པོ་མེད་པ་ནི་སྐད་རིགས་འཕེལ་རྒྱས་ཀྱི་ཆོས་ཉིད་དང་མཐུན། ཡིག་སྐད་ནི་ཁ་སྐད་ཀྱི་རྨང་གཞིའི་སྟེང་གྲུབ་པས་ཁ་སྐད་ཀྱི་བརྗོད་དོན་ཡིག་ལམ་ནས་མཚོན་པའི་ནུས་པ་ཐོན་དགོས་ལ། ཁ་སྐད་འཕེལ་རྒྱས་ལ་ཡིག་སྐད་ཀྱིས་ཚོད་འཛིན་ངེས་ཅན་བྱས་ཏེ་ཁ་སྐད་རང་ཡན་དུ་མི་འགྱུར་བར་ཚད་བཀག་གི་ནུས་པ་ཐོན་ཡོད་པས་ཕན་ཚུན་རམ་འདེགས་དང་ལྟོས་བཅས་ངང་འཕེལ་བཞིན་ཡོད་ན་བོད་ཀྱི་ཡིག་སྐད་དང་ལྷ་སའི་སྐད་ལ་ཁྱད་པར་ཆེན་པོ་ཤོར་མེད་པ་འདི་ཐོག་ནས་ཀྱང་སྤྱི་སྐད་ཀྱི་རྨང་གཞི་འཛིན་སའི་སྐད་དེ་ལྷ་སའི་སྐད་ཡིན་དགོས་པ་ཐུབ། གཞན་ཡང་ནང་བསྟན་ཆོས་ལུགས་ལ་དད་ཞ
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com