བོད་སྐད་ཡིག་ཚད་ལྡན་དུ་གཅིག་གྱུར་དང་སྤྱི་སྐད་གཏན་ལ་དབབ་རྒྱུའི་སྐོར་མདོ་ཙམ་བརྗོད་པ། (གཉིས་པ)
སྐད་ཡིག་ནི་མི་རྣམས་ཕན་ཚུན་གོ་བརྡ་སྤྲོད་རེས་ཀྱི་ལག་ཆ་ལྟ་བུ་ཞིག་ཡིན་པའི་སྐོར་གོང་དུ་སྨྲོས་ཟིན་པ་དང༌། ཚད་ལྡན་ངེས་སྲོལ་ཅན་གྱི་སྐད་ཡིག་བེད་སྤྱོད་གཅིག་གྱུར་དགོས་པ་ནི་རྒྱ་ཆེའི་མང་ཚོགས་ཐུན་མོང་གི་ཁེ་ཕན་ལ་ཐུག་པའི་གལ་དོན་ཞིག་ཡིན། ཉེ་དུས་ལོ་འཁོར་བཅུ་ཕྲག་འགའི་ནང་ཏང་གི་བསྒྱུར་བཅོས་སྒོ་དབྱེའི་སྲིད་ཇུས་ལ་བརྟེན་ནས་རྒྱལ་ཡོངས་ཀྱི་སྲིད་འབྱོར་མངའ་ཐང་རྒྱས་ཤིང༌། ཚན་རྩལ་རིག་ལམ་གསར་གཏོད་ཀྱི་དངོས་པོའི་གྲུབ་འབྲས་མིག་མཐོང་ལག་ཟིན་བྱུང་བ་དང༌། མི་རྣམས་ཀྱི་དངོས་པོའི་ལོངས་སྤྱོད་དང་སེམས་ཀྱི་ལོངས་སྤྱོད་ཕུན་སུམ་ཇེ་ཚོགས་སུ་སོང་ཞིང༌། འབྱོར་བ་གཞི་ལྡན་གྱི་དམིགས་ཚད་མངོན་དུ་འགྱུར་བའི་དུས་བབ་བཟང་བོའི་སྐུལ་སྤེལ་འོག་རང་རེའི་བོད་རིགས་ས་ཁུལ་ཡོངས་ལའང་ཐོན་སྐྱེད་གོང་དུ་སྤེལ་བའི་ཐབས་སྒོ་ཡངས་སུ་སོང་བ་དང༌། མི་དམངས་ཀྱི་འཚོ་ཚིས་འཁོས་ཀ་ལོ་རེ་བཞིན་ཡག་ཏུ་འགྲོ་བ། རིག་གནས་སློབ་གསོའི་བྱ་གཞག་སྔ་ན་མ་གྲགས་པའི་ཡར་རྒྱས་གཟེངས་ཐོན་པ་བཅས་བྱུང་ཡོད། ཁྲོམ་རའི་དཔལ་འབྱོར་དར་རྒྱས་འགྲོ་བ་དང་ཆབ་ཅིག་བཟོ་ལས་འགྲིམ་འགྲུལ་དང༌། གློག་རྡུལ་འཕྲུལ་ཆས། འཕྲིན་བརྡ་མྱུར་འཕྲོད་ལ་སོགས་པའི་དེང་རབས་གྱི་བྱ་གཞག་འཕེལ་རྒྱས་འགྲོ་མགྱོགས་པ་དང༌། དེ་དང་འབྲེལ་བའི་གསར་ཐོན་རིག་ཚན་ཁག་གི་ཐ་སྙད་གསར་བ་ཟམ་མི་ཆད་པར་ཐོན་ཡོང་བ་དེ་རྣམས་སྐབས་འཕྲལ་ལོ་ཙཱ་གཅིག་བྱ་རྒྱུ་ནི་མི་རྣམས་གསར་ཐོན་རིག་པ་སློབ་སྦྱོང་ཉམས་ལེན་དང་ཁྱབ་སྤེལ་གཏོང་བདེའི་དགོས་མཁོ་དང༌། ལྷག་པར་དུ་སྐད་རིགས་གཞན་པ་མི་ཤེས་པའི་རྒྱ་ཁྱབ་ཞིང་འབྲོག་མང་ཚོགས་ཚོའི་རིག་པ་འཕེལ་ཞིང་ཐོན་སྒོ་འབྱེད་པར་ཕན་པའི་གལ་དོན་ཞིག་ཡིན།
ན་ནིང་ལོ་མཇུག་ཏུ་ལྗོངས་ཞིང་ལྔའི་བོད་ཡིག་བསླབ་གཞི་རྩོམ་སྒྲིག་བྱེད་ཕྱོགས་སྐོར་གྱི་རྟོག་ཞིབ་ཚོགས་པ་ལྷན་དུ་ལྗོངས་ཁོངས་ཁུལ་ཁ་ཤས་ལ་ཕྱིན་ནས་བསམ་འཆར་ཉན་དུས། སློབ་གྲྭ་འབྲིང་ཆུང་ཁག་གི་དགེ་རྒན་མང་བོ་ཞིག་གི་བསམ་འཆར་དུ། བོད་ཡིག་བསླབ་གཞིའི་ནང་བརྡ་སྤྲོད་གཞུང་དང་མཐུན་པའི་སྤྱི་འགྲོས་ཀྱི་སྐད་ཡིག་སྤྱོད་པ་ལས་ཡུལ་སྐད་ཀྱི་ཤན་ཞུགས་ན་སློབ་ཁྲིད་ལ་དཀའ་ངལ་ཡོང་ལུགས་དང༌། བོད་ཡིག་གི་བརྡ་དག་གདམ་ང་དང་དུས་གསུམ་བྱ་ཚིག་འཇུག་སྟངས་བཞེད་པ་མི་མཐུན་པ་རྣམས་ཚད་ལྡན་གཅིག་ལ་གཏན་འབེབས་གཅིག་གྱུར་བྱུང་ན་གསར་བུ་བ་རྣམས་ལ་རྙོག་དྲ་མེད་ཅིང་བོད་ཡིག་སློབ་སྦྱོང་བྱེད་བདེ་ཡོང་བ་འདུག་ཅེས་གསུངས་པ་ཐོས་བྱུང༌། གོ་ཐོས་སུ་དེ་སྔ་བོད་ཀྱི་སྐད་ལུག་ཡིག་སྲོལ་ཚད་ལྡན་དུ་གཅིག་གྱུར་མ་བྱུང་བའི་རྐྱེན་གྱིས་ལྗོངས་ཞིང་ལྔའི་བསླབ་གཞི་སྒྱུར་སྒྲིག་པ་རྣམས་དགོངས་པ་གཅིག་མཐུན་མ་བྱུང་བར་བོད་ཡིག་བསླབ་གཞི་ཁག་གཅིག་རང་རང་སོ་སོར་པར་འདོན་བྱེད་དགོས་པའི་འུ་ཐུག་ཐབས་ཟད་དུ་གྱུར་པར་གྲགས། གནས་ཚུལ་དེ་དག་ནས་གསལ་བོར་རྟོགས་ཐུབ་པར་བོད་སྐད་ཡིག་སིལ་བུར་འཐོར་འགྲོ་བའི་རྐྱེན་ལས་ཐོན་པའི་ངན་འབྲས་དེས་མི་རབས་རྗེས་མ་གསོ་སྐྱོང་གི་དོན་ཆེན་ལའང་གནོད་རྐྱེན་ཡོང་གི་ཡོད།
སྐད་ཡིག་ཚད་ལྡན་དུ་གཅིག་གྱུར་བྱེད་པ་དང་སྤྱི་སྐད་བཟོ་བ་དེ་མི་རིགས་ནང་ཁུལ་འབྲེལ་འདྲིས་བསམ་འདོད་སྤེལ་རེས་ཀྱི་འགོག་རྐྱེན་སེལ་ནས་མཛའ་མཐུན་མཉམ་རོགས་ཀྱིས་འབྱོར་བ་གཞི་ལྡན་གྱི་དམིགས་དོན་བསྒྲུབ་རྒྱུར་ཕན་པ་དང༌། ཆ་འཕྲིན་ཁྱབ་ཁོངས་ཀྱི་རྨང་གཞིའི་ཆ་རྐྱེན་འགྲུབ་སྒོར་ཕན་པ། བོད་སྐད་ཡིག་གི་དོན་བྱེད་ནུས་པ་ཆེ་རུ་བཏང་ནས་ལས་རིགས་ཚང་མའི་དགོས་མཁོ་སྐོང་ཐུབ་པ། བོད་སྤྱིའི་དཔལ་འབྱོར་དང་ཤེས་རིག་གོང་དུ་སྤེལ་བར་སྐུལ་འདེད་ཡོང་བ་བཅས་ཕན་རླབས་ཆེ་བའི་དོན་གལ་ཆེན་པོ་ཞིག་ཡིན་པས། ང་ཚོས་མིག་སྔའི་དུས་བབ་བཟང་བོ་དེ་གཙིགས་སུ་བཟུང་ནས་གོ་སྐབས་དམ་འཛིན་གྱིས་མཐུན་སྒྲིལ་མཉམ་རུབ་བྱས་ནས་བསམ་འདུན་མངོན་འགྱུར་ཐུབ་པར་འབད་བརྩོན་གནང་གལ་ཆེའོ།།
(༣)སྤྱི་སྐད་ཀྱི་གོ་དོན་དང་རྨང་གཞིའི་ཡུལ་སྐད་གང་འདྲ་ཞིག་ལ་ཆ་བཞག་ན་འཚམ་པའི་སྐོར།
བོད་པའི་སྤྱི་སྐད་ཅེས་པའི་གོ་དོན་ནི་བོད་མི་ཐུནམོང་གིས་སྤྱད་དུ་རུང་བའི་ཚད་ལྡན་གྱི་བོད་སྐད་ཅིག་ལ་གོ་དགོས་པ་སྟེ། གཞིས་བྱེས་བོད་མི་ཀུན་གྱིས་བཤད་ན་ཤོར་དུ་རུང་བ་དང༌། ཉན་ན་གོ་དོན་རྟོགས་ཐུབ་པ་ཞིག་དགོས་ཤིང༌། སྐད་ཡིག་གི་སྒྲ་ཀློག་དང་ཚིག་ཕྲད་སྦྱོར་སྟངས། མིང་བརྡ་ཐ་སྙད་སྦྱོར་ཚུལ། བདག་གཞན་དུས་གསུམ་གྱི་འགྲོ་སྟངས་སོགས་རིང་ནས་ངེས་སྲོལ་དུ་གྱུར་བའི་བརྡ་སྤྲོད་རིག་ལམ་ལས་མི་འགལ་བ། གསར་ཐོན་རིག་ཚན་ཁག་གི་ཐ་སྙད་རྣམས་བསྒྱུར་ཞུས་གཏན་ལ་ཕབ་ཅིང་བེད་སྤྱོད་གཅིག་གྱུར་བཅས་གྱི་ཁྱད་ཆོས་ལྡན་པ་ཞིག་དགོས་པ་ཡིན།
ཐུན་མོང་གིས་སྤྱོད་པའི་སྤྱི་སྐད་གཏན་ལ་ཕབ་ནས་ཡུལ་སྐད་ཚང་མ་མེད་པ་བཟོ་བ་རྩ་བ་ནས་མིན་ལ་དུས་ཡུན་ངེས་ཅན་ཞིག་གི་རིང་བཟོ་ཡང་མི་ཐུབ། དཔེར་ན་ད་ལྟའི་རྒྱ་རིགས་ཀྱི་སྐད་ལུགས་ལ་ཞིང་ཆེན་སོ་སོའི་ཡུལ་སྐད་སྔར་བཞིན་གནས་མུས་ཐོག་རྒྱལ་ཡོངས་སྤྱི་ལ་ཤོད་བདེ་བ་དང་གོ་ནུས་པའི་སྤྱི་སྐད་ཡོད་པ་བཞིན། རང་རེའི་བོད་སྐད་དེ་ཡང་སྐད་བརྡ་གྱེས་འགྱ
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com