བོད་སྐད་ཡིག་ཚད་ལྡན་དུ་གཅིག་གྱུར་དང་སྤྱི་སྐད་གཏན་ལ་དབབ་རྒྱུའི་སྐོར་མདོ་ཙམ་བརྗོད་པ། (གསུམ་པ)
དེ་ཡང་དང་བོ་ཡི་གེའི་སྒྲ་ཀློག་དག་ཐོན་གྱི་སྐོར་བཤད་པར། ཡི་གེའི་སྒྲ་དག་པ་དགོས་རྒྱུ་ཤིན་ཏུ་གལ་ཆེ་བ་ནི་བོད་ཡིག་དེ་སྒྲ་སྦྱོར་གྱི་ཡི་གེ་ཡིན་པའི་ཕྱིར། ཡི་གེའི་སྒྲ་དོན་འཇུག་ཚུལ་བཤད་པའི་ཐོག་མར་ཡི་གེའི་སྒྲ་གདངས་ཀྱི་དབྱེ་བ་རྣམས་ངོས་བཟུང་སྟེ་སྒྲ་ཀློག་དག་ཐོན་ཡོང་བར་འབད་དགོས་པ་ཡིན། ཇི་སྐད་དུ། བསླབ་ལ་བརྩོན་པའི་གང་ཟག་གིས།། ཐོག་མ་ང་རོ་རྣམས་ལ་སྦྱང༌།།ཞེས་གསུངས་པ་ལྟར། ཡི་གེའི་སྒྲ་ཀློག་ལ་སྣང་ཆུང་ཁྱད་གསོད་བྱས་ནས་སྒྲ་ཀློག་དག་ཐོན་མ་ཐུབ་ན་བརྡ་དོན་གསལ་འཕྲོད་མ་ཐུབ་པ་དང་གོ་བ་འཁྲུལ་རྒྱུ་གོར་མ་ཆག ཡུལ་སྐད་ཀྱི་ཤན་ཞུགས་ཆེ་བས་ཡི་གེའི་སྒྲ་ཀློག་མ་དག་རྒྱུན་འབྱམས་ཀྱི་གནས་ཚུལ་དེ་ཚབས་ཆུང་ལ་མ་ལྟོས་པར་མདོ་དབུས་ཁམས་གསུམ་ཚང་མའི་ཡུལ་སྐད་དུ་གནས་མུས་ཡིན། དེ་ཡང༌། དཀར་ལེབ་སུམ་རྟགས་དཀའ་འགྲེལ་ལས། དང་བོ་ང་རོ་རྣམས་ལ་སྦྱངས།། སྔོན་འཇུག་མིང་གཞི་རྗེས་འཇུག་གསུམ།།ཀློག་གི་ཆེད་དུ་བསླབ་པ་ཡིན།། གསུངས་བཞིན་ཐོག་མར་བོད་ཡིག་གི ། སྐྱེ་གནས་བྱེད་རྩོད་སྒྲ་གདངས་སོགས།། མ་འདྲེས་སོ་སོའི་མཚམས་འབྱེད་ཕྱིར།། སློབ་དཔོན་མཁས་ནས་སྦྱོར་ཀློག་གཅེས།།དེ་མེད་དང་སང་ཁམས་འབྲོག་དང༌། ། སྟོད་སྨད་ལྷོ་རོང་ཕལ་ཆེར་རུ།། ཀློག་ཚུལ་མ་དག་རྒྱུན་འབྱམས་ཀྱིས།། དགའ་འགའ་སྒྲ་འདྲ་སྦ་འབའ་དང༌། གདའ་འདའ་རྫ་ཛ་བྱེད་འབྲེལ་སོགས།། ཀློག་ཚུལ་སོ་སོར་མི་འདོན་ཅིང༌།། པའི་ལ་པིའི་དང་བའི་ལ་བིའི།། རྨོངས་ཞེན་མུ་འབྱམས་སྦྱོར་ཀློག་ལ།། སྡེབ་སྦྱོར་དག་འདོད་མོ་གཤམ་བུ།།དེ་ལས་འཇམ་དབྱངས་སམ་བྷོ་ཊས།།བསླབ་པའི་རིམ་པ་འདི་ཡིས་ནི།། གང་ཞིག་འབད་པ་ཆུས་ངུས་ཀྱང༌།།ཤེས་རབ་མྱུར་དུ་གྲོལ་བར་འགྱུར།།ཞེས་གསུངས་པ་ལྟར་རོ།། ལྷག་པར་དུ་དབུས་གཙང་ཕྱོགས་ཀྱི་ཡུལ་གྲུ་ཆེ་ཞིང་སྤྱི་ཚོགས་འཕོ་འགྱུར་མང་བས་ཡུལ་མིའི་སྤྱོད་ལམ་དང་སྐད་ལུགས་ལ་ཡང་འགྱུར་བ་ཆེ་བ་དང༌། གྲོང་སྐད་ཀྱི་ཤན་ཞུགས་གོམས་སྤྱོད་དུ་འཇགས་པ་སོགས་རྐྱེན་མང་བོར་བརྟེན་ནས་ཡི་གེའི་སྒྲ་ཀློག་མ་དག་པའི་སྐྱོན་ཆེ་ཙམ་ཡོད། ཡུལ་སྐད་སོ་སོའི་ནང་ཡི་གེའི་སྦྱོར་ཀློག་དང་བསྡུས་ཀློག་གི་སྒྲ་གདངས་མ་དག་རྒྱུན་འབྱམས་སུ་སོང་བ་རྣམས་སྒྲ་དག་སྒྲོས་གཙང་དུ་ལེགས་བཅོས་དགོས་པ་གླེང་མེད་ཡིན་མོད་ཀྱང༌། ཡི་གེའི་སྒྲ་ཀློག་སྟབས་བདེར་འགྱུར་བ་དང༌། དབྱངས་ནུས་ཐོན་པའི་སྒྲ་གསར་འཕེལ་བ་སོགས་ཀྱི་གནས་ཚུལ་ཁག་གཅིག་ལྷད་སྐྱོན་ཁོ་ནར་བརྩིས་ཏེ་མ་བཞག་པར་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགྲོས་དང་མཐུན་པའི་སྐད་ཡིག་འཕེལ་འགྱུར་གྱི་ཆོས་ཉིད་ལ་བསམ་གཞིགས་ཐོག་ནན་ཞིབ་བགྲོ་གླེང་གནང་བ་བརྒྱུད་སྐབས་བསྟུན་གང་བདེའི་གཅིག་གྱུར་གཏན་འབེབས་གནང་གལ་ཆའོ།།
གཉིས་པ། བརྡ་སྤྲོད་ཚིག་སྦྱོར་ཞེས་པ་ནི་མིང་གི་བར་དུ་ཕྲད་རྣམ་དབྱེའི་རྐྱེན་སྦྱར་ཏེ་དོན་གྱི་ཁྱད་པར་སྟོན་པའི་ངག་གི་ཕྲེང་བ་བསྒྲིགས་པ་ལ་ཟེར་བ་གསལ་སྐྱོར་མི་དགོས་པ་དང༌། བོད་ཡིག་གི་བརྡ་སྤྲོད་ཚིག་སྦྱོར་བྱེད་སྟངས་ཐད་གངས་ཅན་ཡུལ་གྲུ་ཀུན་ཏུ་རིང་ནས་གོམས་སུ་འཇགས་ཤིང་ཐུན་མོང་དུ་གྱུར་པའི་སྲོལ་ཆགས་པ་དེ་དང་མཐུན་པའི་རིག་ལམ་བཤད་ལུགས་ཀྱང་ཆ་ཚང་བ་ཡོད། ཉེ་དུས་ལོ་བཅུ་ཕྲག་འགའི་ནང་སྤྱི་ཚོགས་འཕེལ་རྒྱས་ཆེ་ཞིང༌། གསར་ཐོན་ཚན་རྩལ་རིག་པ་དར་ཁྱབ་ཆེ་བ་དང་སྦྲགས་རྒྱ་བོད་ལོ་ཙཱའི་ལས་དོན་དར་རྒྱས་ཆེན་པོ་བྱུང་ནས་བོད་ཡིག་གི་མིང་བརྡ་ཚིག་སྦྱོར་དང་བརྗོད་དོན་མཚོན་ཚུལ་སོགས་ཕུན་སུམ་ཇེ་ཚོགས་སུ་སོང་བའི་དགེ་མཚན་མངོན་པར་གསལ་མོད་ཀྱང༌། དེ་དང་ཕྱོགས་མཚུངས་རྒྱའི་སྐད་ཡིག་གི་ཤུགས་རྐྱེན་ཐེབས་ཤུགས་ཆེ་བས་བོད་ཀྱི་བརྡ་སྤྲོད་རིག་ལམ་རྙོག་པའི་རྐྱེན་དུ་གྱུར་པའང་དངོས་ཡོད་གནས་ཚུལ་ཡིན། དེའི་ཐད་ཀྱི་གནས་ཚུལ་མང་ཆེ་བ་ནི་ལོ་ཙཱའི་ལམ་ནས་ཐོན་ཡོང་གི་ཡོད། འགའ་ཞིག་གིས་བསྒྱུར་བྱའི་མ་ཡིག་གི་བརྗོད་དོན་རྣལ་མར་མཚོན་ཁུལ་གྱིས་སྒྱུར་བྱེད་སྐད་ལུགས་དང་མཐུན་མིན་ལ་མ་བལྟས་པར་རྒྱ་ཡིག་ཚིག་འགྲོས་ཇི་བཞིན་དུ་ཐད་སོར་ཕབ་སྒྱུར་བྱས་པས་གངས་ལྗོངས་གྲགས་པའི་སྐད་ལུགས་ཡིག་སྲོལ་ལས་འདས་པ་དཔེར་ན། རྒྱ་ཡིག་གི་བརྗོད་པའི་ནང་རྟག་ཏུ་མཐོང་རྒྱུ་མང་བའི་བརྗོད་བྱའི་རྗེས་འབྲེལ་ཚིག་སྣོན “性” ཞེས་པ་དེའི་དོན་བོད་ཡིག་ཏུ་མཚོན་ཚུལ་སྣ་ཚོགས་ཡོད་ཀྱང་འགའ་ཞིག་གིས་བོད་ཡིག་གི་བརྗོད་བྱའི་སྐབས་ཐོབ་ཀྱི་འཇུག་པ་འཚམས་མིན་ལ་མ་བལྟས་པར་རང་བཞིན་དུ་སྒྱུར་རྐྱང་བྱས་པས། བཀོལ་སྤྱོད་རང་བཞིན་ཤུགས་ཆེན་པོ་མེད་པ་(操作性不强)ཞེས་སུ་བྲིས་པ་དང༌། ཡང་དཔེར་ན། ལྟེ་བའི་ལས་ཀར་དམ་པོར་དམིགས་པ་(紧紧围绕中心工作)ཞེས་བྲིས་པ་དེ་ལྟའི་དཔེ་མཚོན་བརྗོད་ཀྱིས་མི་ལང༌། གསར་ཐོན་རིག་ཚན་ཁག་བོད་ཡིག་ཏུ་ཕབ་སྒྱུར་བྱེད་དགོས་དོན་ནི་རྒྱའི་སྐད་ཡིག་མི་ཤེས་པའི་བོད་རིགས་ཀློག་པ་པོའི་ཆེད་དུ་ཡིན། གལ་ཏེ་བསྒྱུར་ཡིག་དེ་བོད་ཡིག་གི་བརྡ་སྤྲོད་ཚིག་སྦྱོར་བྱེད་ལུགས་དང་མི་མཐུན་པས་ཀློག་པ་པོ་རྣམས་ཀྱི་གོ་ཤེས་གསལ་བ་མི་ཐུབ་ན་འགྱུར་གྱི་དགོས་པ་དོན་ལ་མ་སྨིན་པར་ཇོ་ལགས་སྐུ་ཐང་མཉེས་རོགས་དང་ཤ་ཁྱི་རྐང་བ་ཚ་རོགས་ཀྱི་དཔེ་རུ་གྱུར།
འགྱུར་གྱི་ཚད་གཞི་དམ་པ་ནི་དོན་དང་མི་འགལ་བ་དང༌། སྒྱུར་བྱེད་སྐད་ལུགས་ཀྱི་འཇུག་ཚུལ་དང་མཐུན་ཞིང་གོ་བདེ་བ་དགོས་རྒྱུ་ཡིན་པ་རང་རེའི་
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com