བོད་སྐད་ཡིག་སྤྱོད་པར་ཤུགས་བསྣན་ན་བོད་མི་རིགས་ཐུན་མོང་གི་རྒྱུ་སྤུས་ཇེ་ལེགས་སུ་འགྲོ་བར་ཕན། (གཉིས་པ)
མི་རིགས་རང་སྐྱོང་ཁུལ་གྱི་ཏང་སྲིད་འགོ་ཁྲིད་པས་མི་རིགས་རང་གི་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་བྱེད་པར་མཐོང་ཆེན་དང་མི་རིགས་སྐད་ཡིག་སྤྱད་ནས་སློབ་ཁྲིད་དང་ཡིག་རྨོངས་སེལ་རྒྱུ་རྒྱུན་འཁྱོངས་བྱས་སྟབས། རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱི་རིག་གནས་གྲུབ་སྟངས་ལ་འགྱུར་ལྡོག་འོས་འཚམ་བྱུང་། ༢༠༠༠ལོའི་ལོ་མཇུག་བར་མཚོ་སྔོན་གྱི་མི་རིགས་རང་སྐྱོང་ཁུལ་དྲུག་དང་རྫོང་བདུན་དུ། སློབ་འབྲིང་དང་སློབ་ཆུང་ནང་དུ་བོད་ཡིག་བོད་སྐད་སྤྱད་ནས་སློབ་ཁྲིད་བྱེད་བཞིན་པའི་སློབ་མ་ཉིས་འབུམ་བདུན་ཁྲི་ལྷག་ཡོད་པ་ལས་གཞན། ཞིང་ཕྱུགས་ལས་ས་ཁུལ་དུ་ཞིང་ཕྱུགས་ཐོན་སྐྱེད་དང་ཐོན་ལས་གསུམ་པར་ཞུགས་བཞིན་པའི་མི་འབོར་ཁྲོད། བོད་ཡིག་གི་ཆུ་ཚད་སློབ་གྲྭ་ཆུང་འབྲིང་གི་ཚད་ཙམ་འདུག་པས་མི་བདུན་ཁྲི་ལྷག་ཟིན། མི་འདི་དག་གིས་རྒྱ་ཆེའི་རོང་འབྲོག་མང་ཚོགས་ཁྲོད་སོ་སོས་བསམ་བློ་གསར་བ་དང་ལྟ་བ་གསར་བ། བྱེད་ཐབས་གསར་བ་བཅས་སྤྱད་ནས་འཚོ་བ་སྐྱོང་བ་དང་ཐོན་སྐྱེད་རྩ་འཛུགས། སྣ་མང་བདག་གཉེར་བཅས་བྱེད་པ་དང་མཉམ་དུ། ཁོ་ཚོ་ཚན་རིག་ལག་རྩལ་ཁྱབ་སྤེལ་དང་མཚོ་སྔོན་བོད་ཁུལ་གྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་གོམ་སྟབས་ཇེ་མྱུར་དུ་གཏོང་བའི་སྟོབས་ཤུགས་གསར་བར་ཡང་གྱུར། ལག་ལེན་ལས་ར་སྤྲོད་བྱུང་བ་ནི། མི་རྣམས་ཀྱིས་རང་ལ་བྱང་ཆ་ཆེས་ཆེ་བའི་སྐད་ཡིག་ལ་བརྟེན་ནས་དེང་རབས་ཅན་གྱི་རིག་གནས་དང་ཚན་རིག་ཤེས་བྱར་སློབ་སྦྱོང་བྱས་ཚེ། ད་གཟོད་མི་རིགས་རང་གི་ཆེད་མཁས་མི་སྣའང་དེང་རབས་ཀྱི་ཤེས་ལྡན་པའི་མི་འཇོན་ཐང་ཅན་མང་པོ་མགྱོགས་པོར་སྐྱེད་སྲིང་བྱ་ཐུབ་པ་རེད། གལ་ཏེ་མཚོ་སྔོན་བོད་ཁུལ་དུ་བོད་ཀྱི་སྐད་ཡིག་སྤྱད་ནས་སློབ་ཁྲིད་བྱེད་པའི་མི་རིགས་སློབ་གསོའི་སྲིད་ཇུས་ལག་བསྟར་མི་བྱེད་པ་དང་བོད་ཡིག་བོད་སྐད་ཁྱབ་སྤྱོད་མ་ཐུབ་པའི་དབང་དུ་བཏང་ན། དུས་ཚོད་འདི་འདྲ་ཐུང་ངུ་ཞིག་གི་ནང་དུ་མི་རིགས་རང་གི་འཇོན་ཐང་ཅན་འདི་འདྲ་མང་པོ་ཞིག་བསྐྱེད་སྲིང་བྱ་རྒྱུ་ནི་སྟོང་བསམ་ཁོ་ན་ལས་མ་འདས། འདིར་ད་དུང་ཡིད་འཇོག་བྱ་འོས་པ་ཞིག་ནི་མི་རིགས་སྐད་ཡིག་གི་ཆུ་ཚད་ཅུང་མཐོན་པོ་ཡོད་པའི་མི་རིགས་ལས་བྱེད་པ་དང་ཆེད་མཁས་མི་སྣ་ཚོས་ཅུང་མགྱོགས་མྱུར་ངང་མི་རིགས་གཞན་པའི་སྐད་ཡིག་སློབ་སྦྱོང་དང་བྱང་ཆུབ་ཐུབ་པ་སྟེ། སྐད་ཡིག་སྣ་གཉིས་སམ་གསུམ་ལྷན་དུ་སྤྱོད་ནུས་པའི་ཤེས་ལྡན་མི་སྣར་འགྱུར་ཐུབ་པ་རེད། དེང་དུས་ཀྱི་བོད་མི་རིགས་ཀྱི་ཁྲོད་དུ་ཆུང་དུས་ནས་མི་རིགས་རང་གི་ཕ་སྐད་རྨང་གཞི་བྱས་ནས་རིག་གནས་སློབ་སྦྱོང་དང་རིག་པའི་སྒོ་མོ་ཐོག་མ་ཕྱེ་བ་དང་། དེའི་རྗེས་འབྲིང་རིམ་སློབ་གྲྭའམ་སློབ་གྲྭ་ཆེན་མོ་ལས་མཐར་ཕྱིན་པའི་ཤེས་ལྡན་མི་སྣ་རྣམས། ཕལ་ཆེ་བས་རྒྱ་བོད་ཡིག་གཉིས་ཀ་བཀོལ་ནུས་ལ། དེའི་ནང་ནས་མི་མང་ཆེ་བ་སྐད་ཡིག་གཉིས་ལ་མཁས་པར་གྱུར་འདུག དེ་ལས་ལྡོག་སྟེ་ཆུང་དུས་ཕ་སྐད་ཀྱི་རྨང་གཞི་བཟང་ཡང་ཐོག་མ་ཉིད་ནས་རྒྱ་ཡིག་གཙོར་བཞག་ནས་རིག་གནས་སྦྱངས་ཤིང་། རྗེས་སུ་འབྲིང་རིམ་ཆེད་ལས་སློབ་གྲྭའམ་མཐོ་རིམ་སློབ་གྲྭ་ནས་མཐར་ཕྱིན་པའི་ཤེས་ཡོན་ཅན་རྣམས་ཀྱི་ཁྲོད། མི་ཉུང་ཤས་ཤིག་གིས་སྤྱིར་བཏང་འཚོ་བའི་ཁྲོད་ཀྱི་སྐད་རིགས་སྣ་གཉིས་ཤེས་པ་མ་གཏོགས་ཡི་གེ་སྣ་གཅིག་ལས་མི་ཤེས་པ་རེད། འདིས་སྐད་ཡིག་གི་སྣ་མང་རང་བཞིན་ནི་དགེ་མཚན་ལྡན་པ་ཞིག་ལས་སྐྱོན་ཆ་ཞིག་མིན་པ་ར་སྤྲོད་བྱུང་ཡོད། བོད་རིགས་ལྟ་བུའི་མི་གྲངས་མང་ཆེ་བས་རྒྱ་སྐད་མི་ཤེས་པའི་གནས་ཚུལ་འོག སྐད་ཡིག་ཟུང་གི་སློབ་ཁྲིད་ལ་དོན་དངོས་ཐོག་གཙིགས་སུ་འཛིན་འོས་ལ། ལྷག་པར་དུ་བྱིས་པས་མི་རིགས་རང་གི་སྐད་ཡིག་རྨང་གཞི་བྱས་ནས་དེང་རབས་ཀྱི་ཚན་རིག་ཤེས་བྱར་སྦྱང་ན། ད་གཟོད་མི་རིགས་ཀྱི་ཤེར་སྟོབས་སྔར་ལས་མྱུར་ཞིང་ཕན་འབྲས་ལྡན་པའི་སྒོ་ནས་གསར་འབྱེད་དང་མི་རིགས་ཧྲིལ་པོའི་རིག་གནས་ཀྱི་རྒྱུ་སྤུས་ཇེ་ལེགས་སུ་གཏོང་ནུས་པ་རེད།
གཉིས། ས་གནས་རང་སྐྱོང་མི་རིགས་ཀྱི་རང་སྐྱོང་གི་དབང་ཆ་ཁག་ཐེག་བྱས། བོད་རིགས་རང་སྐྱོང་ས་ཁུལ་ལ་མཚོན་ན། བོད་ཀྱི་སྐད་ཡིག་ནི་སྤྱི་ཚོགས་འབྲེལ་འདྲིས་ཀྱི་ཡོ་བྱད་ཅིག་ཡིན་པ་ལས་གཞན། མི་རིགས་རང་སྐྱོང་དབང་ཆའི་ནང་དོན་གཙོ་བོ་དང་ལག་ལེན་གྱི་ཡོ་བྱད་ཀྱང་ཡིན། མི་རིགས་མང་པོ་གནས་པའི་རྒྱལ་ཁབ་ཅིག་ལ་མཚོན་ན་མི་རིགས་གྲངས་ཉུང་མཉམ་པོར་འཕེལ་རྒྱས་ཆེན་པོ་འབྱུང་དགོས་ཚེ། ཐོག་མར་མི་རིགས་འདྲ་མཉམ་གྱི་གོ་གནས་དང་རང་བདག་གི་དབང་ཆ་ཞིག་ཡོད་དགོས་ཏེ། མི་རིགས་འདྲ་མཉམ་མམ་མི་རིགས་རང་སྐྱོང་དབང་ཆའི་སྲིད་ཇུས་ཁྲོད་སྐད་ཡིག་འདྲ་མཉམ་ནམ་སྐད་ཆས་རང་སྐྱོང་བྱ་ཐུབ་མིན་དེ་མི་རིགས་རང་སྐྱོང་གི་ནང་དོན་གལ་ཆེན་ཞིག་ཡིན། མི་རིགས་རང་གི་སྐད་དང་ཡི་གེ་ཡོད་པའི་མི་རིགས་ཤིག་ལ་མཚོན་ན་སྐད་ཡིག་འདྲ་མཉམ་མ་ཡིན་པར་མི་རིགས་འདྲ་མཉམ་ཞིག་མེད་ལ། སྐད་ཡི
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com