སྐད་ཆ་ནི་མི་རིགས་ཀྱི་བླ་སྲོག་ཡིན།

རྩོམ་པ་པོ།:ལྕགས་ཐར་རྒྱལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2008-08-28 09:37:01 ཀློག་གྲངས།:

དང་པོ།  སྐད་ཆ་ནི་མི་རིགས་ཤིག་འགྲུབ་བྱེད་ཀྱི་རྒྱུན་རྐྱེན་གལ་ཆེན་ཞིག་ཡིན།

  མི་རིགས་ཤིག་གི་འཚོ་གནས་ཀྱི་ཁོར་ཡུག་དང་ཐོན་སྐྱེད་གནས་བབ།  ཆོས་ལུགས་དད་མོས་དང་སྤྱི་ཚོགས་ལམ་ལུགས།  ཡུལ་སྲོལ་གོམས་གཤིས་དང་རྒྱན་གོས་ཆ་ལུགས་དང་བཅས་པ་ཡུལ་དུས་ངེས་ཅན་ཞིག་གི་ནང་དུ་སྒྱུར་བཅོས་དང་བརྗེ་སྤོར་བྱེད་མི་རུང་བ་མེད་ཀྱང་།  མི་རིགས་ཤིག་གིས་ནམ་ཡང་འདོར་མི་རུང་བ་ནི་སྐད་ཆ་ཡིན་ཏེ།  སྐད་ཆའི་དབང་གིས་མི་རྣམས་སྲོག་ཆགས་ཕལ་བ་ལས་ཁྱད་དུ་བཏོན་ཅིང་འགྲོ་བ་མིའི་བྱེ་བྲག་ཏུ་གྱུར་བའི་ཚོགས་པ་སོ་སོ་མི་རིགས་ཤིག་ཏུ་གྲུབ་སྟེ་རང་ས་རང་མལ་གྱི་ཐུན་མོང་མ་ཡིན་པའི་རིག་གནས་མཐའ་དག་གཞན་ལ་བརྒྱུད་ཅིང་སྤེལ་བར་བརྟེན།  ཕྱོགས་ངེས་ཅན་ཞིག་གི་ཆ་ནས་སྐད་ཆ་ནི་མི་དང་མི་རིགས་ཀྱི་མཚོན་བྱེད་གལ་ཆེན་ཞིག་ཏུ་གྲུབ་ཕྱིར།  སྐད་ཆ་མེད་ན་མི་རིགས་ཟེར་བ་ཞིག་མ་གྲུབ་པ་དང་།  མི་རིགས་མེད་ན་མི་རིགས་ཀྱི་རིག་གནས་ཀྱང་མེད་པས།  སྐད་ཆ་ནི་མི་རིགས་ཤིག་གི་བླ་སྲོག་དང་།  མི་རིགས་རིག་གནས་ཀྱི་ཉུང་བཅུད་ཉག་གཅིག་ཏུ་གྲུབ་བོ།།  དེ་ཡང་གནད་བསྡུས་ན་གཤམ་གསལ་གྱི་དོན་འགར་འདུ་སྟེ།

གཅིག  མི་རིགས་ཤིག་གི་སྐད་ཆ་ནི་མི་རིགས་དེའི་ལོ་རྒྱུས་ཡིན།

  འགྲོ་བ་མིའི་འཇིག་རྟེན་བྱུང་བ་དང་ཆབས་ཅིག་སྐད་ཆ་བྱུང་བ་དང་།  མི་རྣམས་ཀྱིས་སྐད་ཆ་ལ་བརྟེན་ནས་བསམ་བློ་བརྗེ་རེས་དང་།  ཐོན་སྐྱེད་གོང་སྤེལ།  འཇིན་རྟེན་སྒྱུར་བཅོས་བྱེད་པའི་དུས་མཚུངས་སུ།  མི་རིགས་རང་ཉིད་དར་རྒྱས་གོང་འཕེལ་དུ་བཏང་བའི་དབང་གིས།  སྐད་ཆའི་བྱུང་ལུགས་དང་མི་རིགས་ཀྱི་གྲུབ་ཚུལ་གཉིས་ཐ་དད་དུ་ཕྱེ་མི་རུང་ཞིང་།  སུ་ཞིག་གིས་མིའི་དོན་གླེང་ན་དེ་ཡི་སྐད་ཆ་གླེང་དགོས།  སྐད་ཆ་གླེང་བ་ལ་སྤྱི་ཚོགས་གླེང་དགོས་པ་དང་། སྐད་ཆ་ཇི་ལྟར་འཕེལ་ཞིང་འགྱུར་བ་ནི་སྤྱི་ཚོགས་ཀྱི་འཕེལ་འགྱུར་དང་བསྟུན་ནས་འགྲོ་ལྡོག་བྱེད་ཀྱིན་ཡོད་ཕྱིར།  སྐད་ཆ་ནི་མི་རིགས་ཤིག་གི་བྱུང་འཕེལ་གསལ་རྗེན་དུ་སྟོན་བྱེད་ཀྱི་མེ་ལོང་ཆེན་པོ་ཞིག་ཏུ་འཁུམས་ཏེ།  མི་ནི་སྤྱི་ཚོགས་དང་ཆབ་སྲིད་ཀྱི་ཐོན་རྫས་ཤིག་ཏུ་གྲུབ་ཅིང་།  སྤྱི་ཚོགས་ཀྱི་འཕེལ་རིམ་མི་འདྲ་ན།  མི་རིགས་ཀྱི་ཐོབ་ཐང་དང་འབྲེལ་བ་མི་འདྲ་ལ།  དེ་མི་འདྲ་བས་སྐད་ཆ་དང་རིག་གནས་ཀྱི་འཕེལ་ཚུལ་ཡང་མི་འདྲ་བས།  སྤྱི་ཚོགས་ཀྱི་ཁྱད་ཆོས་དང་།  ཐོན་སྐྱེད་ཀྱི་གནས་བབ།  ཐ་ན་སྐབས་དེ་དུས་ཀྱི་སྣོད་བཅུད་ཀྱི་བཀོད་པ་སོགས་མི་དང་འབྲེལ་བའི་ཆོས་མཐའ་དག་མང་ཉུང་ཅི་རིགས་ཀྱིས་སྐད་ཆའི་ནང་དུ་ཐོན་ཞིང་།  ཁྱད་པར་དུ་མིང་བརྡའི་བསྟན་དོན་དང་གྲུབ་ཚུལ་གྱི་ཆ་ལ་མི་རིགས་ཀྱི་དར་རྒུད་དང་སྤྱི་ཚོགས་ཀྱི་འཕེལ་འགྱུར་སོགས་གསལ་བར་མངོན་ཕྱིར།  མི་རིགས་ཤིག་གི་སྐད་ཆ་ནི་མི་རིགས་དེའི་ལོ་རྒྱུས་ཡིན་གསུངས་ཏེ།  ཧྥ་རན་སེའི་སྐད་ཀྱིcassetteཞེས་པ་དུས་རབས་བཅོ་བརྒྱད་པའི་ནང་དུ་འབྱོར་བ་ལྡན་པའི་ལྕམ་མོ་རྣམས་ཀྱི་རྒྱན་ཆ་འཇོག་སའི་སྒམ་དུ་བྱེད་པ་དང་།  དུས་རབས་ཉི་ཤུ་བར་སླེབས་པ་ན་སྒྲ་ཐག་གི་སྒམ་དུ་བྱ་བ་སོགས་ཀྱིས་དུས་སྐབས་སོ་སོའི་ཤེས་རིག་གི་འཕེལ་ཚུལ་དང་སྤྱི་ཚོགས་འཚོ་བའི་གནས་ཚུལ་གསལ་བར་མཚོན་པ་ལྟར།  དབྱིན་ཡིག་གིpenཞེས་པའི་ཐ་སྙད་འདི་ཡང་ཐོག་མར་ལ་ཏིང་གི་སྐད་ལ་ཕྱུང་དུས་བྱ་སྒྲོའི་དོན་ཁོ་ན་མ་གཏོགས་མེད་ཀྱང་།  རྗེས་སུ་སྒོ་ཕུར་དང་ལྕགས་སྨྱུག་ཏུ་བྱེད་པ་འདིས་སྐད་ཆ་དང་ལོ་རྒྱུས་ལྷན་དུ་འཕེལ་བ་དང་།  དུས་རབས་ཤིག་གི་ནང་དུ་གསར་དུ་བྱུང་བའི་མིང་བརྡ་དེར་དུས་རབས་དེའི་ཁྱད་ཆོས་ལྡན་ཞིང་།  མིང་ནི་ལོ་རྒྱུས་ཀྱི་རྣམ་པ་མཚོན་པའི་ཐེལ་རྟགས་ལྟ་བུར་གྲུབ་ཕྱིར།  མིང་ནི་ལོ་རྒྱུས་ཀྱི་དཔང་རྟགས་ཤིག་ཏུའང་ངེས་ཏེ།  རྒྱ་ནག་སྐད་ཀྱིཞེས་པ་ཐོག་མར་དབྱུགས་པ་ལ་མདེའུ་སྤྲད་པའི་མདུང་ལ་བྱ་ཡང་།  ད་ལྟ་མེ་ཡི་རྟ་ལ་བརྟེན་པའི་མཚོན་ཆའི་བྱེ་བྲག་ཅིག་ཏུ་བྱ་བ་དང་།  བོད་སྐད་ཀྱི་གཙང་བོ་ཞེས་པ་གདོད་མའི་དུས་སུ་ཡར་ཀླུང་གི་ཡུལ་དུ་གནས་པའི་ཆུ་བོ་བྱེ་བྲག་པ་དེར་རང་གི་མིང་དུ་བྱེད་པ་ལ།  ཕྱིས་སུ་བོད་ཀྱི་རྒྱལ་ཁམས་རྒྱ་སྐྱེད་པའི་དུས་དང་བསྟུན་ནས་ཆུ་ཀློང་སྤྱིའི་མིང་དུ་འཇགས་པ་ལྟར།  རུ་ཞེས་པའང་ཐོག་མར་དམག་གི་དོན་དུ་སྤྱོད་ཀྱང་།  དུས་ཕྱིས་སྔོན་གྱི་དམག་སྡེ་དག་འབྲོག་ཁྱིམ་དུ་གྱུར་པ་ན་རུ་ཞེས་པའི་དོན་ཡང་རྩྭ་ཆུའི་རྗེས་སྙེག་པའི་འབྲོག་སྡེའམ་མི་ཁྱིམ་སྤྱིའི་མིང་དུ་བྱེད་པ་སོགས་ཀྱིས་མཚོན་ཏེ།  མིང་དོན་ཆེར་སྐྱེད་ཆུང་འགྲིབ་དང་མིང་དོན་འཕོ་འགྱུར་གྱི་ཆ་ལ་མིང་བརྡ་དེ་སྤྱོད་ཀྱི་མི་རིགས་དེ་གའི་འཕེལ་འགྱུར་ཏིལ་ཏིལ་མར་གྱི་ཚུལ་དུ་གྲུབ་འདུག་གོ །

  མིང་གི་འཕེལ་འགྲིབ་ཀྱི་ཆ་ནས་བལྟས་ནས་དེ་བས་ཀྱང་གསལ་བོ་ཡིན་ཏེ།  ཆོས་འབྱུང


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།