དཔེ་ཀློག་མྱོང་ཚོར་མཉམ་སྤྱོད་འགྲན་སྡུར་ཁྲོད་ཨང་དང་པོ་ཐོབ་མཁན་སློབ་མ་རིག་ལྡན་གྱི་དཔེ་ཀློག་མྱོང་བཤད།

རྩོམ་པ་པོ།:རིག་ལྡན་རྒྱལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2023-04-25 08:59:16 ཀློག་གྲངས།:
ཀོས་ནན་རྫོང་མི་རིགས་སློབ་འབྲིང་གཉིས་པའི་སྐབས་དང་པོའི་དཔེ་ཀློག་མྱོང་ཚོར་མཉམ་སྤྱོད་འགྲན་སྡུར་ཁྲོད་ཨང་དང་པོ་ཐོབ་མཁན་སློབ་མ་རིག་ལྡན་གྱི་དཔེ་ཀློག་མྱོང་བཤད།
ངའི་དཔེ་ཀློག་དང་ངའི་དཔེ་ཀློག་མྱོང་བཤད།

བཀུར་འོས་པའི་འགོ་ཁྲིད་དང་དགེ་རྒན། རྒྱ་ཆེ་བའི་སློབ་གྲོགས་རྣམ་པ། ཁམས་བཟང་།
       ང་ནི་དཔེ་ཀློག་འཛིན་གྲྭ་སྐབས་གཉིས་པའི་སློབ་གྲོགས་རིག་ལྡན་རྒྱལ་ཡིན། ང་རང་ཉིད་ལྟ་བུ་ཞིག་ལ་མཚོན་ན། གཅིག་ན། “ཁ་ན་གཞན་སེམས་འགུག་པའི་ཚིག་མེད། ཁོག་ན་གཞན་བློ་འདྲེན་པའི་ཐབས་མེད།” གཉིས་ན། ཡི་གེའི་ཚེག་འདེད་ཙམ་ལས་སྐད་ཡིག་གི་ཆུ་ཚད་ཟེར་བའང་ཅང་མེད། ཡིན་ནའང་། ད་ཐེངས་རང་སློབ་གྲྭའི་འགོ་ཁྲིད་རྣམ་པའི་བློ་འདོན་དང་དགེ་རྒན་རྣམ་པའི་མཛུབ་སྟོན། སློབ་གྲོགས་ཚང་མའི་སྐུལ་སློང་ལ་བརྟེན་ནས། རང་ཉིད་མང་རྫོང་མི་རིགས་སློབ་འབྲིང་གཉིས་པས་སྒྲུབ་པའི་དཔེ་ཀློག་གི་མྱོང་ཚོར་མཉམ་སྤྱོད་བྱེད་པའི་བྱ་འགུལ་སྐབས་དང་པོ་འདིའི་སྟེང་ཞུགས་ཏེ་ཚང་མའི་སྙན་ལམ་དུ་རང་གི་དཔེ་ཀློག་གི་མྱོང་ཚོར་ཞུ་འབུལ་བྱ་པའི་གོ་སྐལ་ཡག་ཤོས་འདི་འདྲ་བྱུང་བ་ནི་ཤིན་ཏུ་དགའ་འོས་ལ་སྤྲོ་ཡང་འོས་པའི་དོན་གལ་ཆེན་ཞིག་རེད་ཨང་། འདིས་ངའི་ད་ལྟའི་དཔེ་ཀློག་ལ་དགའ་དད་བརྩོན་གསུམ་གྱི་སྒུལ་ཤུགས་བསྐྱེད་ཐུབ་ཅིང་། མ་འོངས་རྨི་ལམ་ལ་འཇའ་ཚོན་གྱི་རི་མོ་འབྲི་བར་རྟིང་སྐུལ་གྱི་ནུས་པ་གདོན་ཐུབ། དེ་ལྟ་ན། ངས་འདི་ནས“གཏམ་ཁ་མེད་ཀྱང་ཡོད་ཁུལ། ལུས་ཚུགས་ཀ་མེད་ཀྱང་སྡོག་ག”ཞེས་པའི་དཔེ་ལྟར། ཀུན་ལ་སྙན་ཞུའི་ཚུལ་གྱིས་འབུལ་བ་ལ། དང་པོ། «མི་རོ་རྩེ་སྒྲུང»ཁྲོད་ཀྱི་གཏམ་རྒྱུད«ཤིང་བཟོ་ཀུན་དགའ»ནས་འགོ་རྩོམ་རྒྱུ་ཡིན། ཀུན་གྱིས་ཤེས་གསལ་ལྟར། «ཤིང་བཟོ་ཀུན་དགའ»ནི«མི་རོ་རྩེ་སྒྲུང»ཁྲོད་ཀྱི་གཏམ་རྒྱུད་ཉན་སྤྲོ་བ་ཞིག་ཡིན། «ཤིང་བཟོ་ཀུན་དགའ»ཞེས་པའི་གཏམ་རྒྱུད་འདི་ནི་ཆུང་དུས་ཨ་མའི་གཉིད་འགུག་གི་ཁྲོད་ནས་གོ་མྱོང་ལ། དགེ་རྒན་གྱི་སློབ་ཁྲིད་ཀྱི་ཟུར་ནས་ཐོས་ཀྱང་མྱོང་མོད། ཏག་ཏག་ཅིག་སློབ་ཆུང་ལོ་རིམ་དྲུག་པའི་སྐབས་སུ་སློབ་གསེང་དཔེ་ཀློག་བརྒྱུད་ནས་བཀླགས་མྱོང་། གཏམ་རྒྱུད་འདིའི་ནང་དུ་རྒྱལ་བོ་ཀུན་སྐྱོང་གི་ནང་འཁོར་ལྷ་བཟོ་ཀུན་དགའ་ཟེར་བ་དེས་རང་གི་མཚན་སྙན་གྲགས་གི་ཆེད་དུ་གཡོ་དང་རྫུ་བག་ལ་བརྟེན་ནས་ཀུན་ལ་བྱམས་ཤིང་དམངས་ལ་ཕན་པའི་ཤིང་བཟོ་ཀུན་དགའ་གསོད་རྩིས་བྱས། རྒྱལ་བོ་ཀུན་སྣང་གིས་བུ་ཀུན་སྐྱོང་ལ་སྤྲིངས་བའི་བཀའ་ཡིག་རྫུན་མ་སོགས་བྲིས་ཏེ། ཤིང་བཟོ་ཀུན་དགའ་བསང་དུ་ཡི་རྟ་ལ་ཞོན་ནས་ཡབ་རྒྱལ་བོ་བཞུགས་སའི་གནས་ཏེ། ལྷ་ཡུལ་ལ་གཙུག་ལག་ཁང་བཞེངས་པར་རྫོངས་པའི་གཡོ་ཇུས་འཐེན་མོད། འོན་ཀྱང་ཁ་དཔེ་ལ“བསམ་ངན་མི་ལ་བྱས་ན། སྦྱོར་བ་རང་ལ་འཁོར”ནས་ཕར་ཤིང་བཟོ་ཀུན་དགའ་མ་སོད་པར། ཚུར་ལྷ་བཟོ་ཀུན་དགའ་རང་ཉིད་རྐྱེན་ལམ་དུ་སོང་བའི་གཏམ་རྒྱུད་ཉན་སྤྲོ་ལ་ཡིད་འགུག་ལྡན་པ་ཞིག་བྲིས་ཡོད། ངས་གཏམ་རྒྱུད་འདི་ཀློག་པའི་ཚེ་ན། ཐེངས་གཅིག་མ་ཡིན་པར། ཐེངས་དུ་མར་བཀླགས་མྱོང་། གཏམ་རྒྱུད་ཁྲོད་ཀྱི་ཤིང་བཟོ་ཀུན་དགས་ལྷ་བཟོ་ཀུན་དགའི་གཡོ་ལ་གཡོ་ལན་དང་ཇུས་ལ་ཇུས་ལན་སྤྲོད་པའི་ཐབས་ཤེས་ཧ་ལས་ཤིང་། གཏམ་རྒྱུད་ཁྲོད་ཀྱི་མི་སྣའི་སྣང་བརྙན་བྲིས་པ་གསོན་ཉམས་ལྡན་པ་ལ། སྐད་ཆ་བབ་ཆགས་ཤིང་དོན་གོ་སླ། སྒོས་སུ་གཏམ་རྒྱུད་འདིའི་རྩོམ་ཐབས་ལ་བརྟེན་ནས་ངའི་འཕྲིན་ཡིག་གི་གོ་དོན་དང་། འཕྲིན་ཡིག་གི་ཆ་རྐྱེན། འཕྲིན་ཡིག་གི་འབྲི་ཚུལ་སོགས་ལ་རྒྱུས་ལོན་གསལ་བོ་བྱུང་སོང་། ཞོར་ནས། མི་རོ་རྩེ་སྒྲུང་ནི་སློབ་དཔོན་ཀླུ་སྒྲུབ་མཆོག་ལགས་ཀྱིས་བརྩམས་པ་ཤེས་ལ། ཁོང་ནི་འཛམ་གླིང་རྒྱན་དྲུག་མཆོག་གཉིས་ཀྱི་ཡ་གྱལ་ཡིན་པའི་འབྲལ་ཡོད་ཤེས་བྱ་འགའ་ཡང་ཤེས་སོང་།
       དཔེ་ཀློག་ནི་དཔེ་ཀློག་ཙམ་མ་ཡིན་པར། དཔེ་ཀློག་ཁྲོད་ཀྱི་གཏམ་རྒྱུད་རེ་རེ་དང་། གནས་ལུགས་རེ་རེ། ཐ་ན་མི་སྣ་རེ་རེས་མི་ལ་ཤུགས་རྐྱེན་ཟབ་མོ་འཇོག་ཐུབ། དཔེར་ན། ཤིང་བཟོ་ཀུན་དགའི་ཤུགས་རྐྱེན་གྱིས་མི་བཟང་པོ་བཅའ་ལ་བློ་ཞོགས་ནས་ང་རང་ཤིང་བཟོ་ཀུན་དགའ་ལ་ཤིན་ཏུ་དགའ་ཞིང་། མི་རང་ཉིད་ཀྱི་མིག་དཔེར་ལྟ་བུར་བལྟས་ཀྱང་། ལྷ་བཟོ་ཀུན་དགའི་ཤུགས་རྐྱེན་གྱིས་མི་ངན་པར་སྡང་ལ་སེམས་འཚབ། དཔེ་དེ་བཞིན་དུ། ཧི་མ་ལ་ཡའི་ཕར་ཚུར་ཞེས་པའི་དེབ་འདི་བཀླགས་པས་མཁས་དབང་དགེ་ཆོས་དང་འགྲོགས་ནས་དབུས་ཀྱི་གདན་ས་ཁག་ཅིག་ལ་རིག་གནས་འགྲུལ་བཞུད་ཐེངས་གཅིག་བྱས་པ་ལྟ་བུའི་མྱོང་བ་འབའ་ཞིག་བྱིན། «ཧི་མ་ལའི་ཕར་ཚུར་ཞེས་པའི་དེབ་འདི་ནི་མཁས་དབང་དགེ་འདུན་ཆོས་འཕེལ་ལགས་ཀྱིས་མཛད་པའི། «རྒྱལ་ཁམས་རིག་པའི་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མའི»ལེའུ་དང་པོའི་སྤྱི་འགྲེལ་དུ་སྒོ་ཤེས་རབ་རྒྱ་མཚོས་བརྩམས་ཤིང་། བརྗོད་བྱ་ལ་མཁས་དབང་དགེ་ཆོས་རྒྱ་གར་འཕགས་པའི་ཡུལ་དུ་མ་ཕེབས་སྔོན་ལ་སྟ་གོན་གྱི་ཚུལ་ཏུ་བོད་དབུས་གཙང་གཉིས་ཀྱི་དགོན་སྡེ་རྙིང་ཤས་དག་ལ་ཕྱིན་ནས་དཔེ་རྙིང་བཙལ་འཚོལ་བགྱིས་པའི་མཐོང་ཐོས་གསལ་བར་བྲིས་ཡོད་པ་དེ་རེད། དེ་ཡང་ཐོག་མར་གཙང་ཕྱོགས་སུ་ཕྱིན་ནས་དཔལ་ཞ་ལུ་དགོན་དང་ས་སྐྱ་དགོན། སྣར་ཐང་དང་གཙང་བཀྲ་ཤིས་ལྷུན་པོ་སོགས་སུ་ཕེབས་པའི་མྱོང་བ་རེ་རེ་དང་རྒྱ་དཔེའི་གནས་ཚུལ་དག་གསལ་བོ་བཀོད་ཡོད་ལ། དེ་ནས་གཙང་ཕྱོགས་ནས་ཕྱིར་དབུས་ལ་འབྱོར་འཕྲལ་འཕན་པོའི་ཁོག་གི་དགོན་རྙིང་དག་ལ་ཡང་བསྐྱར་རྟོག་དཔྱོད་དུ་ཕེབས་འགོ་བརྩམས། དེབ་འདི་ལ་ལོ་རྒྱུས་ཀྱི་རིན་ཐང་ཡོད་ལ། རིག་གནས་ཀྱི་རིན་ཐང་ཡང་ཆེ་སྟེ། དེབ་འདི་ལས་བྱུང་བའི་བཀའ་གདམས་པའི་སྐྱེས་ཆེན་དག་གི་བྱིན་གྱིས་བརླབས་སའི་གནས་ཁྱད་པར་ཅན་པ་ཚབ་དགོན་དང་གླང་ཐང་དགོན། སྟག་ལུང་དགོན། རྭ་སྒྲེང་དགོན་སོགས་ལུ་གུའི་རྒྱུད་དུ་བསྟར་ཡོད།
       དེབ་འདི་ནི«མི་རོ་རྩེ་སྒྲུང»ལྟ་བུའི་ལྟ་བདེ་མོ། གོ་སླ་མོ་ཞིག་མ་ཡིན་པར། ཆོས་ལུགས་ཀྱི་མིང་བརྡ་དང་ས་མིང་རིག་གནས། ལོ་རྒྱུས་རྒྱུན་ཤེས་ཀྱི་མིང་བརྡ་སོགས་དམའ་འབྲིང་སློབ་མ་ཞིག་གི་སྐད་ཡིག་ཆུ་ཚད་ཀྱིས་མི་འདང་ནའང་། རང་གིས་བཙལ་ཅིང་རྒན་ལ་དྲིས་ཏེ་མགོ་ཆག་བླ་རྡོལ་ཙམ་ཞིག་བལྟས་ཏེ་མཇུག་བསྡུས་པ་ཡིན་མོད། ཕྱིས་སུ་རང་གི་ཆུ་ཚད་ཀྱིས་ལོང་ཚེ། དེབ་འདི་ཡང་བསྐྱར་ཐེངས་འགར་བཀླག་རྒྱུའི་འཆར་གཞི་ཡོད།
       དེའི་འཕྲོར། «དོན་འགྲུབ་རྒྱལ་གྱིས་བརྩམས་སྒྲུང་ཕྱོགས་བསྒྲིགས»ལྟ་བུར་མཚོན་ན། ང་ཚོ་དགེ་སློབ་ཀུན་ལ་གསལ་ཆ་ཡོད་པའི་དེབ་ཅིག་རེད། དེབ་འདིའི་ནང་གི«རྒྱུ་འབྲས་མེད་པའི་མནའ་མ»ལྟ་བུར་མཚོན་ན། ལྷག་ཏུ་སྤྲོ་བ་ཡོད་པའི་གཏམ་རྒྱུད་ཅིག་སྟེ། འདིས་སློབ་གྲྭའི་ནང་གི་དགེ་སློབ་ཙམ་མ་ཟད། སྤྱི་ཚོགས་ལས་རིགས་ཁག་གི་ཡི་གེ་ཚེགས་འདེད་ཐུབ་པའི་སྐྱེས་ཕོ་མོ་རྒན་གཞོན་སུས་བཀླགས་ཀྱང་ཧ་གོ་བའི་ཚིག་དང་ཡིད་འགུག་པའི་དོན་ཇི་བཞིན་གོ་ཐུབ་པ་མ་ཟད། གཏམ་རྒྱུད་ཁྲོད་ཀྱི་མི་སྣ་གཙོ་བོ་བཟོད་པ་དང་། ཀུན་ཏུ་བཟང་མོ། བསོད་བྷེ། ལྷ་མཚོ་བར་གྱི་མི་སྣའི་འགལ་འབྲེལ་བརྒྱུད་ནས་མནའ་མ་རྒྱུ་འབྲས་མེད་པ་ཞིག་གི་ངན་གཤིས་ཐེར་འདོན་བྱེད་ཐུབ། རྩོམ་པ་པོ་དོན་གྲུབ་རྒྱལ་ལགས་ནི་གཏམ་རྒྱུད་གུང་བསྒྲིགས་པ་ལ་ནང་བྱན་ཆུད་པ་མ་ཟད། གཏམ་དཔེ་དང་དཔེ་ཆོས། བརྡ་དང་ཐ་སྙད་སོགས་ཚིག་གི་ཕ་ཁ་སྤྲོད་པའི་ཕྱོགས་ལའང་དབང་འབྱོར་བ་ཞིག་པ་ནི། “རྒྱུགས་ཟེར་ན་དམྱལ་བའི་འཕྲང་དང་། རྒྱོབ་ཟེར་ན་ཨ་ཕའི་མགོ”དང་། “རྩམ་པ་དལ་མོར་ཟ། བཟང་ངན་རིམ་གྱིས་འགྲན།” “རྟ་འདོ་བ་རྒས་ན་རིན་ཐང་མེད། ཡུལ་ཕ་མ་རྒས་ན་ངོ་སོ་མེད།” “ཁ་ནས་བཤད་ན་ལྷ་བཞེངས། ལག་ལ་བཞག་ན་སྣབས་ལུག”ལྟ་བུའི་གཏམ་དཔེ་ནི་ཚིག་གི་འགག་སྒོ་རེ་རེ་ན་གསེར་ལ་བྱུ་རུས་ཕྲ་བཏབ་པ་ལྟ་བུར་བཀོལ་ཡོད་ལ། “མཐོན་པོ་རི། དམའ་མོ་ས། ཀྱ་ཀྱུའི་ཆུ་ཀླུང་། སྟུག་པའི་ནགས”ལྟ་བུའི་ཁྱད་གཞི་དང་ཁྱད་ཆོས་བརྗོད་པའི་མིང་དང་། “སྐྱ་སེང་ངེར། དབེན་ཐིང་ངེར། ཁུ་སིམ་མེར”ལྟ་བུའི་ངང་ཚུལ་སྟོན་པའི་མིང་དག་ཀྱང་སྦྱོར་ཚུལ་གོང་དང་འདྲ་ལ། ཚིག་ཉམས་དེ་ལས་ཆེའོ། །གཏམ་རྒྱུད་འདི་ཐེངས་ཤིག་བཀླགས་པས། ང་ལ་བག་ཆགས་ཟབ་མོ་བཞག་ཅིང་། བསླབ་བྱ་གང་མང་ཐོབ་སོང་། དེས་རང་གི་ཕྱིས་ཀྱི་མ་འོངས་པའི་འཚོ་བ་ལ་ཕན་ཐོགས་ཡོད་ངེས་ཡིན།
       སློབ་གྲོགས་ཚོ། ངས་གོང་དུ་བཤད་པ་ནི་རང་གི་དཔེ་ཀློག་གི་མྱོང་ཚོར་ཙམ་ཡིན། འདིས་ངའི་དཔེ་ཀློག་གི་ཡོད་ཚད་མཚོན་མི་ཐུབ་ལ། ཁྱོད་ཚོའི་དཔེ་ཀློག་གི་ཡོད་ཚད་མཚོན་མི་ནུས་ནའང་། ཆུང་དུས་ཕ་མ་བཟང་བོས་དཔེ་ཀློག་དཔེ་ཀློག་ཅེས་ཏེ་ང་ཚོའི་རེ་བའི་ཤིང་ལ་མེ་བསྒོས། བར་དུ་དགེ་རྒན་དམ་པས་དཔེ་ཀློག་དཔེ་ཀློག་ཅེས་ཏེ་བརྩོན་པའི་གྲི་ལ་ངར་བླུད། ད་ལྟ་སྲིད་ཇུས་བཟང་པོས་དཔེ་ཀློག་དཔེ་ཀློག་ཅེས་ཏེ་མདུན་ལམ་གསར་བའི་སྒོ་འབྱེད་པའི་ལས་དག་ལ་གཞིགས་ན། སློབ་གྲོགས་ཚོ། ང་ཚོའི་སྐྱ་རེངས་གསར་བ་དཔེ་ཀློག་གིས་འབྱེད་དགོས་པ་ནི་དགའ་མོས་ཤིག་ཏུ་བསམ་ཡང་འགན་འཁུར་ཅིག་ཏུ་གྲུབ་ནས་ཡོད་པས། སློབ་གྲོགས་ཚོ། ང་ཚོས་དཔེ་ཀློག་གི་ཐད་ལ་ཅིས་ཀྱང་ཤུ་རེ་བྱེད་དགོས་ཡ།
བཀྲ་ཤིས་བདེ་ལེགས།
2023.04.24
རིག་ལྡན་རྒྱལ། ཀོས་ནན་རྫོང་མི་རིགས་སློབ་འབྲིང་གཉིས་པའི་དཔེ་ཀློག་འཛིན་གྲྭ་སྐབས་གཉིས་པའི་སློབ་མ་ཡིན།
ཀོས་ནན་རྫོང་མི་རིགས་སློབ་འབྲིང་གཉིས་པའི་དཔེ་ཀློག་མྱོང་བཤད་འགྲན་བསྡུར་ཁྲོད་ཨང་དང་པོའི་མཚན་སྙན་ཐོབ་མཁན་ཡིན།
མཛུབ་སྟོན་དང་ཞུ་དག བྱ་གཞུང་དབང་ཆེན་ཚེ་རིང་།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།