རྡོ་སྦིས་ཡུལ་ཚོ་ནས་ལབ་ཙེ་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་སུམ་ཅུ་བའི་དུས་སྟོན་བསྡུས་པ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། དུས་ཚོད།:2019-07-22 15:20:00 ཀློག་གྲངས།:

     རྒྱུས་ལོན་བྱུང་བ་ལྟར་ན། ལུགས་གསར་གྱི་ཟླ7པའི་ཚེས17དང་ལུགས་རྙིང་གི་ཟླ6པའི་ཚེས15ཉིན། མཚོ་ཤར་གྲོང་ཁྱེར་ཡ་རྫི་རྫོང་རྡོ་སྦིས་ཡུལ་ཚོ་ནས་ལབ་ཙེ་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་སུམ་ཅུ་བའི་དུས་སྟོན་བསྡུས།

     ཐེངས་འདིའི་ལབ་ཙེ་རིག་གནས་ཡུལ་སྐོར་དུས་ཆེན་ནི་ཐེངས་སྔོན་མ་དག་དང་བསྡུར་ན་ཁྱད་ཆོས་མངོན་པར་གསལ་ཞིང་ཐུན་མོང་མ་ཡིན་པ་ཞིག་ཡིན་འདུག་སྟེ། ད་ལོའི་ལབ་ཙེ་རིག་གནས་ཀྱི་འགྲོས་རིམ་ལ་ཐོག་མར་མང་ཚོགས་ཡོངས་ཀྱིས་ཀི་ཀི་བསོ་བསོ་ངང་ནས་རྡོ་སྦིས་སྤྱི་མཐུན་ལབ་ཙེ་ཆེན་མོ་བསྟད་ཅིང་སྤྱི་བསང་བཏང་བ་དང་། དེ་ནས་ཡུལ་ཚོའི་ཏང་ཨུ་དང་མི་དམངས་སྲིད་གཞུང་གིས་ཡུལ་ཚོ་ཡོངས་ནས་ད་ལོའི་མཐོ་རྒྱུགས་ཁྲོད་རྒྱུགས་འབྲས་ཕུལ་དུ་བྱུང་བ་བླངས་པའི་སློབ་གྲོགས17ལ་བྱ་དགའ་གནང་ནས་སློབ་ལ་བརྩོན་པའི་སློབ་གྲོགས་རྣམས་ལ་སྐུལ་མ་བཏང་།

     དེ་ནས་ཟི་ལིང་གི་མེ་ཏོག་གངས་ལྷ་དམངས་ཁྲོད་སྒྱུ་རྩལ་ཚོགས་པ་དང་རང་ས་གནས་ཀྱི་མང་ཚོགས་ཀྱིས་རྩ་འཛུགས་བྱས་པའི་སྐོར་བྲོ་ཚོགས་ཤིང་། དམངས་ཁྲོད་སྒྱུ་རྩལ་པ་དག་གིས་དུས་ཚོད་གཉིས་ཙམ་གྱི་རིང་ལ་གླུ་གར་འཁྲབ་སྟོན་རྒྱ་ཆེར་བར་བྱེད་ནས་མང་ཚོགས་རྣམས་ལ་རིག་རྩལ་ལྟད་མོ་གྱ་ནོམ་པ་ཞིག་བསྟན་ལ། དེ་ལས་གཞན་གནས་འདི་ལ་སྔ་མོ་ནས་མཚོ་སྔོན་གྱི་གཟེབ་གྲུག་གི་ཕ་ས་ཞེས་པའི་མཚན་སྙན་ཐོགས་ཡོད་པས། མང་ཚོགས་རང་བཞིན་གྱིས་གཟེབ་གྲུག་ལ་དགའ་ཞིང་དུངས་པ་དང་། ད་ལོ་ཡང་ཡུལ་ཚོ་སྲིད་གཞུང་གིས་རང་ས་གནས་ཀྱི་གཟེབ་གྲུག་ལུས་རྩལ་རུ་ཁག་གཉིས་དང་རྨ་ལྷོའི་གཟེབ་གྲུག་རུ་ཁག་གཅིག་གདན་འདྲེན་བྱེད་ནས་ཡུལ་མི་རྣམས་ལ་གཟེབ་གྲུག་གི་ལྟད་མོ་ཡིད་ཚིམས་པ་ཞིག་བསྟན་བྱུང་། དེ་ལས་གཞན་མང་ཚོགས་རང་བཞིན་གྱིས་གླུ་དང་ལ་གཞས་ལེན་པ་སོགས་ཀྱི་རིག་གནས་བྱ་འགུལ་མང་དུ་སྤེལ་ནས་དུས་ཆེན་གྱི་ཡོ་ལང་རྣམ་པར་རྒྱས་ཡོད་པ་རེད།

     ཏང་གི་ཡང་དག་པའི་མི་རིགས་སྲིད་ཇུས་དང་ཆོས་ལུགས་དད་མོས་རང་དབང་གི་སྲིད་ཇུས་འོག་ཏུ། དུས་སྟོན་འདི་ཉིད་ཇེ་རྒྱས་ཇེ་ལེགས་སུ་ཕྱིན་ནས་བགྲང་བྱ་སུམ་ཅུ་འགོར་བ་དང་། དུས་སྟོན་འདི་ཉིད་ཀྱི་གོ་སྐབས་དང་བསྟུན་ནས་འདས་པའི་ལོ་ངོ་འདི་དག་གི་རིང་རྡོ་སྦིས་ཡུལ་གྱི་དཔལ་འབྱོར་དང་རིག་གནས། སློབ་གསོ། དམངས་ཚིས་སོགས་འཕེལ་རྒྱས་ལ་སྐུལ་འདེད་ཀྱི་ནུས་པ་བླ་ལྷག་ཐོན་ཡོད་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།