བཀའ་ཤག་ཐུགས་སྤྲོའི་དུས་བཟང་།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2014-10-14 08:50:00
ཀློག་གྲངས།:
བཀའ་ཤག་ཐུགས་སྤྲོའི་དུས་བཟང་ནི་ལོ་ལྟར་བོད་ཟླ་བརྒྱད་པ་ཙམ་ལ་གཏོང་སྲོལ་ཡོད། དེ་ནི་ཐོག་མར་རྒྱལ་དབང་བདུན་པའི་སྐབས་སུ་བཀའ་ཤག་ལས་ཁུངས་ཀྱི་སྐུ་དྲག་རྣམས་སྤྲོ་གསེང་ལ་ཕེབས་ནས་ཉིན་གྲངས་བདུན་ཙམ་གྱི་རིང་ལ་སྤྲོ་སྐྱིད་བྱེད་པ་དེ་ནས་དཔེ་སྲོལ་དེ་དར་ཞིང་། རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་སྐབས་སུ་བཀའ་ཤག་ཐུགས་སྤྲོས་མཚོན། ལས་ཁུངས་ཁག་གི་སྤྲོ་སྐྱིད་ལ་ཉིན་གྲངས་ཉུང་ངུར་བསྡུས་ནས་ཉིན་ལྔ་ཙམ་གྱིས་ཆོག་པར་བྱས། བོད་ས་སྟག་སྤྱི་ལོ1938ལོ་ཕན་ཆད་དུ་དམིགས་བསལ་སྤྲོ་སྐྱིད་ཁང་ཟུར་དུ་མེད་སྟབས་ཞབས་པད་སོ་སོའི་སྐུ་སྒེར་གཟིམ་ཤག་ནས་འོས་འཚམས་ཀྱིས་གྲ་སྒྲིག་བྱས་ཏེ་གཏོང་བ་ཡིན་མོད། སྤྱི་ལོ1938ལོ་ནས་བཟུང་ལྷ་སའི་ཤར་ངོས་དཔལ་ལྷའི་མཚོ་འཁོར་གྱི་ཉེ་འགྲམ་དུ་ཤོད་སྐོར་དྲུང་སྤྱིས་ཁང་འཛིན་ཞུས་ཏེ་ཆེད་དུ་སྤྲོ་སྐྱིད་ཁང་ཞིག་གསར་སྐྲུན་བྱས་པར། དབུས་སུ་དྲུང་སྤྱི་དང་ཤར་དུ་བཀའ་ཤག་དང་རིམ་བཞི། སྐུ་སྲས་བཅས་ཀྱི་ཚོགས་ཁང་། ནུབ་ཏུ་བཀའ་ཤག་མགྲོན་དྲུང་དང་ལྷ་ལྕམ་ཁང་བཅས་ཐོག་གཅིག་མ་སྡིངས་ཆ་ཡོད་པ། རྒྱབ་ཏུ་ཐབ་ཁང་གྲ་སྒྲིག་བྱ་ཡུལ་བཅས་ཉིས་ཐོག་ཅན་བསྐྲུན་ཏེ་ལོ་རྒྱུན་དུ་སྤྲོ་སྐྱིད་ཁང་དེར་བཀའ་ཤག་ཐུགས་སྤྲོའི་དུས་སྟོན་ངེས་ཅན་དུ་གཏོང་སྲོལ་ཆགས་པ་རེད། ཐུགས་སྤྲོའི་གསོལ་ཚིགས་ཀྱི་སྐབས་སུ་ཚོགས་ཁང་ཆེན་མོར་བཀའ་ཤག་འཁོར་བཅས་དང་དེར་ཡོད་སྐུ་མགྲོན་ཚང་མ་བཞུགས་གྲལ་དུ་འཁོད་འཕྲལ་གསོལ་ཇ་དང་གྲོ་མ་འབྲས་སིལ་སོགས་ཟས་ཞིམ་མ་ཚང་བ་མེད་པ་བཤམས་ནས་གསོལ་ཇ་བཏེགས། མཉེས་ཟས་དྲངས། རྩེད་མོ་དགོད་གཏམ་ལ་གཡེང་བཞིན་ཐུགས་སྤྲོའི་དགྱེས་སྟོན་ལ་ཅི་དགར་རོལ་ཞིང་། སྒྲ་སྙན་གཏོང་མཁན་དང་གླིང་བུ་འབུད་མཁན་ཚོས་གར་རོལ་གཟུགས་བཟང་མ་དག་ལ་རོལ་མོས་རམ་འདེགས་བྱས་ཏེ་གླུ་གཞས་བྲོ་གར་ཡག་པོ་སྟོན་པ་དང་། ཉིན་ལྔ་སོང་བའི་དགོང་དྲོའི་གསོལ་ཚིགས་གྲོལ་མཚམས་སུ་རྡོ་གཅལ་སྟེང་དུ་བབས་ནས། རྩེམ་ཕོ་བྲང་ལ་ཞལ་ཕྱོགས་བཞིན་ཞབས་པད་རྣམ་པ་དང་ལྷ་ལྕམ་མགྲོན་དྲུང་ལས་བྱེད་ལྟོ་གཟན་ཡན་ཆད་ཚང་མས་གྲོ་སོ་ཕྱེ་མ་སྤར་མོས་གཏོར་ཞོར། ལྷ་རྒྱལ་བཀྲ་ཤིས་དགུ་བརྩེགས་ཀྱི་མཐར་ཀི་ཀི་བསྭོ་བསྭོ་ལྷ་རྒྱལ་ལོ་ཞེས་ལྷ་རྒྱལ་དབྱར་རྔ་ལྡིར་བ་ལྟར་བསྒྲགས་ཏེ། སྤྱི་ཁྱབ་ལས་བྱེད་པ་རྣམས་གཞུང་སྒོའི་ཕྱི་རོལ་གཡུང་དྲུང་རི་མོའི་དཀར་ཐིག་ཡོད་ས་ནས་ཕེབས་སྐྱེལ་བདེ་མོ་འཇོག་པ་དང་མཉམ་དུ་རང་རང་སར་གོ་རིམ་ཡོད་པའི་ངང་མཇུག་ལེགས་པར་འགྲིལ་བ་ཡིན།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།