གཙང་གི་གཟིགས་མོ་ཆེན་པོ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-09-13 09:37:00 ཀློག་གྲངས།:
     གཙང་གི་གཟིགས་མོ་ཆེན་པོ་ནི་བོད་ཟླ་བརྒྱད་པའི་ཚེས་གསུམ་ནས་ཚེས་དྲུག་བར་གཙང་བཀྲ་ཤིས་ལྷུན་པོ་དགོན་པའི་ཉེ་འཁོར་དུ་སེར་སྐྱ་མང་ཚོགས་ལྷན་འཛོམས་ཀྱིས་འཆམ་ལ་གཟིགས་པའི་དུས་ཆེན་ཞིག་རེད།
     དེ་ནི་པཎ་ཆེན་སྐུ་ཕྲེང་བརྒྱད་པ་བསྟན་པའི་དབང་ཕྱུག་གི་སྐབས་ནས་བྱུང་སྟེ་ད་བར་ལོ་ཉིས་བརྒྱ་ཙམ་བགོར་པ་དང་། པཎ་ཆེན་སྐུ་ཕྲེང་དགུ་བ་ཆོས་ཀྱི་ཉི་མའི་སྐབས་སུ་དགོན་པ་གཞན་པའི་འཆམ་གྱི་ལེགས་ཆ་བསྡུས་པས་སྔར་ལས་འཁྲུག་ཆ་དོད་ཅིང་འཐུས་སྒོ་ཚང་བར་བཟོས། འཁྲབ་སྟོན་གཙོ་བོ་ནི་བཀྲས་ལྷུན་རྩེ་མགོན་ཁང་གྲྭ་ཚང་ནས་འཁྲབ་སྟོན་བྱེད་པའི་འཆམ་གཟིགས་ལྟད་མོ་ཡིན་ཞིང་། ཞོར་དུ་ལྷ་མོའི་འཁྲབ་སྟོན་དང་དམངས་ཁྲོད་ཀྱི་རིག་རྩལ་སྣ་ཚོགས་ལ་ཉིན་གཉིས་གསུམ་རིང་བལྟ་རྒྱུ་ཡོད།
     འཆམ་ལྭ་ནི་སྔགས་པའི་ཆོས་གོས་དང་འདྲ་བར་མཆོར་ཉམས་ལྡན་ཞིང་རྐང་ལ་ལྷམ་ཡུ་རིང་འཇའ་ཆེན་དང་གདོང་ལ་ལྷ་རིགས་མང་བོའི་ཞལ་འབག་གྱོན་ནས།  རང་རང་གི་ཆ་བྱད་དང་མཐུན་པའི་ཕྱག་མཚན་འདྲ་མིན་སྣ་ཚོགས་ཐོགས་ནས་འཁྲབ་ཀྱིན་ཡོད། གཟིགས་མོ་ཆེན་པོ་དེའི་སྲོལ་ནི་ཐོག་མར་ཆོས་ལུགས་ཀྱི་བྱེད་སྒོ་ཙམ་ཡིན་ཡང་། ད་ལྟ་དུས་རབས་ཀྱི་འཕོ་འགྱུར་དང་ཡུལ་སོ་སོའི་གོམས་གཤིས་ཀྱི་ཤུགས་རྐྱེན་འོག  ལོ་རེའི་དུས་མཆོད་སྐབས་ཆོས་ལུགས་ཀྱི་བྱེད་སྒོ་ལས་ཡོངས་སུ་བརྒལ་ཏེ་མང་ཚོགས་ཀྱི་བསམ་པའི་དགོས་མཁོ་བསྐང་ཆེད་དུ་སྔར་གྱི་གར་འཆམ་ཁོ་ནར་གཟིགས་པའི་ལྟད་མོ་དེ་དག་དེང་སྐབས་སྤྱི་ཚོགས་རྙིང་བ་དང་བསྡུར་ན་རྒྱ་ཇེ་ཆེ་དང་རྣམ་གྲངས་ཕུན་སུམ་ཚོགས་པར་བཏང་སྟེ། མང་ཚོགས་རང་བཞིན་གྱི་དུས་ཆེན་གཟབ་རྒྱས་ཤིག་ཏུ་གྱུར་ཡོད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།