དབྱར་འཇོལ་མོ་དུས་ཆེན།
རྩོམ་པ་པོ།:བོད་ཀྱི་སྲོལ་རྒྱུན་དུས་ཆེན་སྐལ
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2014-06-16 16:37:00
ཀློག་གྲངས།:
དབྱར་འཇོལ་མོ་དུས་ཆེན་ནི་མོན་ཡུལ་རྟ་དབང་ཁུལ་སོགས་སུ་ལོ་རེ་བཞིན་བོད་ཟླ་དྲུག་པའི་ཚེས་བཅོ་ལྔ་ཉིན་འཚོགས་པའི་དུས་ཆེན་ཞིག་ཡིན་ཏེ། རྒྱལ་ཁབ་ཕྱི་ནང་གི་མི་རིགས་གང་དང་གང་ལའང་དེ་ལྟ་བུའི་ཡུལ་སྲོལ་གོམས་གཤིས་ཁྱད་མཚར་བ་ཞིག་མི་འདུག་པས། ས་དེའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པའི་གོམས་སྲོལ་ཞིག་ཡིན་པར་བཤད། དུས་ཆེན་དེ་འཚོགས་ལ་ཉེ་དུས་ཡུལ་ལུང་སོ་སོའི་དུད་ཚང་ཡོད་ཚད་ནས་ཇ་མར་འབྲུ་དངུལ་སོགས་བསྡུ་ཆ་བརྒྱབ་སྟེ་གྲ་སྒྲིག་ལེགས་པོ་བྱེད་ཅིང་། ཉིན་ཞག་གསུམ་ཙམ་གྱི་རིང་ལ་ཚོགས་མཆོད་འབུལ་བ་དང་། ལོ་ལོན་རྣམས་ཚེ་ཐག་རིང་ཞིང་བྱིས་པ་རྣམས་ཁོ་ལག་རྒྱས་པའི་ཞབས་བརྟན་སྨོན་ལམ་འདེབས་སྲོལ་ཡོད། སྐབས་དེ་ནི་དབྱར་དུས་ཀྱི་འོང་སྐོར་བྱེད་རན་པའི་སྐབས་ཡིན་པས། ཡུལ་ལུང་གི་མི་རྒན་པ་རྣམས་ལྷན་དུ་འདུ་འཛོམས་བྱས་ནས་ཇ་ཆང་གི་དཔལ་ལ་དགྱེས་དགུར་རོལ་ཞིང་། ཕོ་གཞོན་ཚོས་ཤིང་སྡོང་སྐམ་པོའི་ཤིང་ཐལ་བསྒྲུགས་ནས་དཔལ་འབར་བཞུ་མར་བསྒྲོན་པ་དང་། མེ་ཕུང་གི་མཐའ་བསྐོར་ནས་ལུས་གཅེར་བུར་སོལ་ཐལ་ནག་པོ་བྱུགས་ནས་སྡོད་སྐབས། ཞབས་བརྟན་སྒྲུབ་མཁན་གཙོ་བོ་དེས་ལྷ་ལ་གསེར་སྐྱེམས་ཤིག་ཕུལ་རྗེས། དམར་ཧྲེང་ཡིན་པའི་མི་དེ་ཚོར་ཐེངས་གསུམ་ཙམ་ལ་མེ་འོད་ལ་བརྟེན་ནས་ཤིང་ཐལ་མེ་རྫས་སྤར་བ་གང་རེ་ཤུགས་ཆེན་པོས་གཏོར་བ་ན། ཚང་མའི་ངག་ནས་ཚ་ཟུག་མི་བཟོད་པའི་འཁུན་སྒྲ་ཧའུ་ཞེས་སྐད་ཆེན་པོ་རེ་འདོན་པ་དང་། རང་དབང་མེད་པར་གནམ་ལ་འཕར་ལྡིང་རེ་བྱེད། ཆོ་གའི་བརྒྱུད་རིམ་དེ་ཚར་རྗེས་ཚང་མ་ཁ་ཁུ་སིམ་པོའི་ངང་གྲོང་ཚོའི་ནང་དུ་འོང་ནས་རྔ་སྦུབས་ཤུགས་ཆེན་དུ་རྡུང་བ་དང་། ཚང་མས་ཧའུ་ཧའུ་ཞེས་སྒྲ་སྒྲོག་བཞིན་དུད་ཚང་རེ་རེའི་ཁང་ཁྱིམ་སྟེང་ཤོད་ཀུན་ལ་འཛུལ་ནས། དཔལ་འབར་གྱི་མེ་འོད་ཁང་བའི་གྲུ་ག་སོ་སོར་འཕྲོ་རུ་འཇུག་ཅིང་། ཞབས་རིམ་པ་བླ་མ་གཙོ་བོ་དེས་ཁང་བ་སྟེང་ཤོད་ཚང་མར་ཕྱག་ནས་མཆོད་འབྲུ་གཏོར་ཏེ་བྱིན་གྱིས་བརླབས་པ་དང་། སྐབས་དེར་བུད་མེད་ཚོ་མལ་སར་ཉལ་འདུག་པ་མཐོང་ན་རྐང་ལག་རེ་རེར་མི་རེས་འཇུས་ཏེ། སོ་ལོ་མོ་ལོ་ཞེས་ཁ་གཡང་ལྟ་བུ་ཞིག་སྒྲོག་བཞིན་གནམ་ལ་འཕེན་པའི་རྩེད་སྲོལ་ཡོད། དེ་ལྟར་བྱེད་པར་ཡུལ་དཔོན་དང་མི་སེར་གྱི་མགོ་གཙོ་སུས་ཀྱང་ཇུས་གཏོགས་མི་བྱེད་ལ། རྒྱུ་ཆེན་དཔོན་པོ་སུ་ལའང་དམིགས་བསལ་གྱི་ངོ་ཆེན་སྟེར་རྒྱུ་མེད། དབྱར་འཇོལ་མོ་ཞེས་པའི་དུས་ཆེན་དེ་རོལ་བའི་དམིགས་ཡུལ་ནི་སྟོན་འབྲས་བསྡུ་བར་འགལ་རྐྱེན་བར་ཆད་བཟོ་བའི་གདོན་འདྲེ་དག་ཁང་བའི་ནང་དང་གྲོང་ཚོའི་ནང་ནས་ཕྱིར་བསྐྲད་པའི་ཆེད་ཡིན་ལ། ཆོ་ག་དེ་མ་བྱས་ན། ལོ་དེར་ནད་ཡམས་མུ་གེ་དང་ལོ་ཏོག་ལ་སད་སེར་གྱི་གནོད་འཚེ་ཐེབས་ངེས་རེད་ཅེས་པའི་བཤད་སྲོལ་འདུག དེ་བས་ལོ་རྒྱུན་དུ་བོད་ཟླ་དྲུག་པའི་ཚེས་བཅོ་ལྔ་ཉིན་མོན་པ་ཚོས་དབྱར་འཇོལ་མོ་དུས་ཆེན་ལ་གཙིགས་ཆེན་གྱིས་རོལ་བ་རེད།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།