གྲྭ་ཕྱི་རྩིས་བཤེར་གྱི་དམངས་སྲོལ་སྐོར་ངོ་སྤྲོད་མདོར་ཙམ་བྱེད་པ།

རྩོམ་པ་པོ།:《བོད་ལྗོངས་ཡུལ་སྐོར་སྣེ་ཤན》ལས་ ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-11-12 10:32:00 ཀློག་གྲངས།:

         བོད་ཟླ་དང་པོའི་ཚེས་ཉི་ཤུ་གསུམ་ཉིན་གྲྭ་ཕྱི་རྩིས་བཤེར་ཞེས་སྔར་སྲོལ་ཡ་སོར་བརྡ་གཏོང་པས་ཐོན་བརྡ་གནམ་ལྕགས་གསུམ་པ་བརྒྱབ་རྗེས་འདམ་བརྒྱ་ཤོག་པས་གོ་ཤྲིའི་སྐབས་ཀྱི་ལམ་སྲོལ་བསྟན་སྲུང་དམར་ནག་གཉིས་ཀྱི་རྟེན་ཐུག་གདན་ཞུ་དང་འབྲེལ་ཀླུ་སྦུག་སྒར་ས་ནས་དམག་རུ་གཉིས་གཤིབས་ཀྱིས་པོ་ཏ་ལའི་མདུན་གྱི་སྐལ་བཟང་ཟམ་པ་བརྒྱུད་རྡོ་རིང་ཕྱི་མར་གཡས་སྐོར་གྱིས་དཔའ་ཉམས་རྔམ་བརྗིད་དང་ལྡན་པའི་ཐོག་ནས་རྟ་པ་རྣམས་གྲྭ་ཕྱི་ཐང་དུ་མི་རྟ་གོ་མཚོན་བཅས་ཚང་སྒྲིག་རྩིས་བཤེར་དུ་འབྱོར་དགོས་པ་དང་། ཡ་སོར་སྤྱི་ཁྱབ་པ་གཉིས་ལ་རྒྱན་བཟང་གཞོན་ནུ་མ་གཉིས་ནས་ཁྲུང་ཕུད་དང་གསོལ་ཇ་བཞེས་ཐུག་ཕུལ་བ་སོགས་མདོར་ན་བྱེད་སྒོ་མང་དག་ཅིག་བྱེད་ཀྱི་ཡོད་པ་དཔེར་ན།  རྟ་སྐད་རྒྱག་མི་ཤོད་དྲུང་ཞབས་གསར་ཞིག་གིས་སྐད་གསང་མཐོན་པོས་གཡས་རུ་དང་པོ་གཡུལ་རྣམ་པར་རྒྱལ་བའི་སྡེ་དཔོན་ཐའི་ཇི་འོ་འཇོ་དགའ་བཞི་བ་གཟབ་འདོན་དང་བཅས་རྟ་པ་ཉི་ཤུ་རྩ་བཞི་འགྲིག་ལགས་ཞེས་དང་དེའི་མཇུག་རྩིས་ཕྲུག་དང་པོས་རྟ་ཤེད་བཟང་། མི་གོ་ཐང་། རྟ་སྒ་སྒ་འཁོར་ཆ་ལག་ཆ་ཚང་དང་བཅས་པ་འགྲིག་ལགས། རྩིས་ཕྲུག་གཉིས་པས་སོག་རྨོག་ཤུབས་ལྡན། འཇའ་ལའི་དམར་མདངས་མེ་ལོང་བཞིའི་མཐའ་བཅད་བྱང་ཁེབས་དང་བཅས་འགྲིག་ལགས། རྩིས་ཕྲུག་གསུམ་པས་གོ་ཆའི་ཨ་ཁྲབ། ཁ་ཤའི་ཤ་དོར། དཔའ་དམ་འུ་ཐུ་སོགས་སྒུམ་ཤུབས་ཁ་གསར་རྟ་མདུང་སོགས་རྔ་དང་བཅས་འགྲིག་ལགས། རྩིས་ཕྲུག་བཞི་པས་སག་ཐག་མདའ་གཞུ་རྒྱུན་སྦྱར་མེ་མདའི་ཆ་ལག་ཆ་ཚང་དང་བཅས་འགྲིག་ལགས་ཞེས་པ་སོགས་རིམ་པར་ཁྲབ་རྨོག་འཁོར་གསུམ་གྲངས་བཤེར་གྱི་བྱེད་སྒོའི་རྣམ་གྲངས་ཛ་དྲག་ཆེ་ལ་གོ་རིམ་ལྡན་པ་ཞིག་བྱེད་ཀྱི་ཡོད་པ་དེར་གྲྭ་ཕྱི་རྩིས་བཤེར་ཞེས་ཟེར།
         རུ་གཡས་གཡོན་གཉིས་ཀྱི་རྟ་གཞུང་ནང་གསལ་མཇུག་སྒྲིལ་ཟིན་མཚམས་རྩིས་ཁང་ལས་ཁུངས་ནས་ཡ་སོར་སྤྱི་ཁྱབ་གཉིས་ཀྱིས་མཚོན་རྟ་དམག་རྣམས་ལ་ལེགས་དར་གཡོགས་ཏེ་བཀའ་ཤག་སྐུ་མདུན་ཐུགས་རྗེ་ཆེ་ཞུ་བའི་ཕྱག་འབུལ་ཞུས་ཟིན་རྗེས་ཡ་སོར་སྤྱི་ཁྱབ་ངོ་ལས་ནས་གཡས་རུ་དང་གཡོན་རུའི་སྣེ་ཁྲིད་དེ་རྟེན་མདུང་དང་རྟ་དམག་རྣམས་རུ་སྟར་བསྒྲིགས་པོས་ར་ཆེའི་མདུན་ནས་རྗེ་འབུམ་སྒང་བརྒྱུད་ཀླུ་སྦུག་སྒར་སྒྲིག་སར་ཕྱིར་སྐྱོད་བྱེད། དེ་ཉིན་ལྷ་ས་བ་དང་ཕྱོགས་མི་སོགས་ཟ་ཆས་འཁྱེར་ཏེ་ལྟད་མོར་བསྐྱོད་མིའང་མི་ཉུང་བ་ཞིག་ཡོད་འདུག


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།