མདོ་སྨད་ཀྱི་ལོ་གསར་དུས་སྟོན་རོལ་བའི་སྲོལ་ལུགས།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-01-23 14:34:00 ཀློག་གྲངས།:

              བོད་ཀྱི་ལོ་གསར་ནི་བོད་ཡུལ་ཆོལ་ཁ་གསུམ་གྱི་དུས་སྟོན་ཆེན་པོ་ཞིག་ཡིན་ཞིང་། བོད་ཟླ་དང་པོའི་ཚེས་གཅིག་ནས་བཅོ་ལྔའི་བར་དུ་རོལ་བ་ཡིན། དུས་སྟོན་ཆེན་མོའི་འགོ་མཇུག་བར་གསུམ་དུ་སྲོལ་ལུགས་དང་འཛེམ་བྱ་སྣ་ཚོགས་ཤིག་མཆིས་ལ།  གནའ་ནས་དེང་བར་དུ་ཉམས་པ་མེད་པར་དུས་སྟོན་འདིར་རོལ་བཞིན་ཡོད།
              མདོ་སྨད་ཡུལ་ལ་མཚོན་ན་ལོ་གསར་སྔོན་སྟེ་ལོ་རྙིང་གི་ཟླ་བཅུ་གཉིས་པའི་ཚེས་བཅུ་དགུ་ཉིན“དུད་པ་རྒྱག་པ”ཞེས་ཁྱིམ་ནང་དུ་གཙང་སྦྲ་བྱས་ཏེ་ཁྱིམ་འཕྱག་དང་མི་གཙང་བའི་རྫས་རྣམས་ཁང་མགོ་མི་མཐོང་སར་འཕངས་ནས་བཀྲ་མི་ཤིས་པའི་རྐྱེན་ངན་རྣམས་རིང་དུ་དོར་བར་ངོས་འཛིན་གྱིན་ཡོད། ཚེས་ཉེར་བཞི་ཉིན་ཐབ་ཀ་དང་བསང་ཁྲིའི་སྟེང་ཀ་རག་བྱུགས་རྗེས་ཚེས་ཉེར་ལྔ་ཉིན་ཐབ་ལྷ་དང་ཡུལ་ལྷ་གཞི་བདག་སོགས་ལ་མཆོད་པའི་ཆོ་ག་དང་ཁྱིམ་གྱི་ལས་ཀ་མཐའ་དག་མཇུག་སྒྲིལ་བར་བྱ་དགོས། ཚེས་ཉེར་དགུ་ཉིན་ཡུལ་ཕྱོགས་སོ་སོར་མཆིས་པས་ཕ་མ་སྤུན་མཆེད་རྣམས་ལྷན་ཅིག་ཏུ་འཛོམས་ཏེ་མཉམ་དུ་དགུ་ཐུག་འཐུང་ནས་ཟས་མཆོག་ཅི་རིགས་ལོངས་སུ་སྤྱོད་པ་དང་། གནམ་གང་ཉིན་དུ་ཁྱིམ་ཚང་སོ་སོས་བསང་གཏོང་བ་དང་། ཁྱིམ་གཞིའི་མཐའ་བསྐོར་གྱི་གྱང་སྟེང་ལ་དར་འཇོག་པ། ཟས་ཀྱི་སྡེར་ཁ་སྣ་ཚོགས་བཤམས་པ། བྱིས་པ་རྣམས་ཀྱིས་ཤོག་སྦག་རྒྱག་པ་སོགས་ལོ་སར་བསུ་བའི་སྤྲོ་དགའི་དཔལ་ལ་རོལ།
              རྒྱ་ལོའི་ཚེས་གཅིག་ཉིན་གྱི་སྔ་དྲོར་ཉི་བཞོན་ཤར་རིའི་རྒྱབ་ནས་འཕགས་མ་ཐག་ཐོག་མར་ལྷ་བསང་གཏོང་བ་དང་མཆོད་པ་འབུལ་བ་སོགས་ཆོས་ཀྱི་ཆོ་ག་བགྱི་ནས་ལོ་གསར་བའི་ནང་དུ་ལྷ་ཀླུ་གཞི་བདག་རྣམས་ཀྱིས་སྡོང་གྲོགས་མཛད་དེ་མི་འདོད་རྐྱེན་ངན་ཞི་ཞིང་མཐུན་རྐྱེན་ཕུན་སུམ་ཚོགས་པོར་འགྱུར་བའི་སྨོན་འདུན་ཞུ་བ་དང་། དེའི་རྗེས་ཁྱིམ་གཞིའི་ཕྱོགས་བཞི་བོར་གོམ་བཞི་རུ་སྤོས་ནས་ཡུལ་ཕྱོགས་གང་དུ་སོང་ཡང་ལམ་གྱི་བར་ཆད་བཟློག་པར་ངོས་འཛིན་གྱིན་ཡོད། ཆོས་ཀྱི་ཆོ་ག་ཡོངས་མཇུག་སྒྲིལ་རྗེས་སྡེ་བའི་ནང་གི་རྒན་པ་རྣམས་ལ་ལོ་གསར་གྱི་ལེགས་སྐྱེས་འཁྱེར་ནས“ལོ་སར་ཡག”ཅེས་རྟེན་འབྲེལ་ཞུ་བ་དང་མཉམ་དུ། རྒན་པ་རྣམ་པར་ཕྱག་འཚལ་ནས་བགེགས་བར་ཆད་ཞི་ཞིང་ཚེ་ཐག་རིང་བའི་སྨོན་འདུན་ཞུ་བ་དང་། རྒན་པ་རྣམས་ཀྱིས་རྗེས་རབས་པ་རྣམས་ལུས་དབང་ཐང་རླུང་རྟ་དར་ཞིང་ཚེ་བསོད་ལོངས་སྤྱོད་ཀྱི་དཔལ་ཡོན་དར་བའི་ཁ་གཡང་འབོད་པ་ཡིན།
              མདོ་སྨད་དུ་ལོ་སར་སྐབས་སུ་འཛེམ་བྱ་ཡང་མང་པོ་ཡོད་པ་སྟེ། ཚེས་ཉེར་དགུ་ཉིན་ཁྱིམ་ནང་དུ་གཙང་སྦྲ་བྱེད་སྐབས་རྩིས་དཔེ་ལྟ་བ་དང་ཡང་ན་རྩིས་གཞུང་གི་དཔྱོད་ལྡན་རྣམས་ལ་ལོ་དེའི་དུད་པ་རྒྱག་པའི་ཁ་ཕྱོགས་དང་ལོ་ལྷའི་ཁ་ཕྱོགས་གསལ་བོར་དྲིས་ནས་དེ་བཞིན་དུ་བྱེད་དགོས། དཔེར་ན་ད་ལོར་མཚོན་ན་ལོ་ལྷ་ནུབ་ཕྱོགས་སུ་ཡོད་པར་བཤད་པས་དེའི་ཕྱོགས་སུ་གད་སྙིགས་སོགས་གཏོར་མི་རུང་། གལ་ཏེ་དུད་པ་རྒྱག་པའི་ཁ་ཕྱོགས་དང་ལོ་ལྷའི་ཁ་ཕྱོགས་མ་ཤེས་ན་དུད་ཚང་སོ་སོའི་ཐབ་མགོར་གཡས་ཕྱོགས་སུ་ཕྱགས་མས་ཐེངས་གསུམ་ལ་གཡུག་རྗེས་གཙང་སྦྲ་བྱེད་ཆོག་ལ། ལོ་སར་གྱི་ཚེས་གཅིག་ཉིན་དུ་གད་སྙིགས་སོགས་འཁྱེར་ནས་ཁྱིམ་མཚེས་དང་གྲོགས་པོ་རྣམས་ལ་འཕྲད་ན་བཀྲ་མི་ཤིས་བར་ངོས་འཛིན་པས་དེ་བྱོལ་བའི་ཆེད་དུ་ཉིན་དེར་གད་སྙིགས་ཕྱི་རུ་མི་གཏོར། དེ་ལས་གཞན་ཁྱིམ་ཚང་ནང་གི་བཟའ་མིའམ་ཉེ་དུ་ཞིག་འདས་ཚེ་ཁང་བའི་ནང་དུ་གད་བདར་མི་བྱེད་ལ“འདུན་བྱེད་པ”ཞེས་ནས་ལོ་སར་གྱི་དུས་སྟོན་མི་རོལ་བ་དང་། སྡེ་བ་དང་ཚོ་བའི་མི་རྣམས་ཁྱིམ་ཚང་དེ་གར་ཚེས་གཉིས་ཉིན་ལོ་སར་གྱི་འཚམས་འདྲི་བྱེད་དུ་འགྲོ་བ་ལས་ལོ་སར་གྱི་རྟེན་འབྲེལ་ཞུ་མི་རུང་བ་ཡིན།
              ཕན་ཚུན་ལ་ལོ་སར་གྱི་འཚམས་འདྲི་བྱས་ཚར་རྗེས་སྡེ་བའི་ནང་དུ་མཉམ་དུ་གླུ་ལེན་གར་རྩེད་དང་མདའ་འཕེན་པ་སོགས་ཀྱི་རྩེད་མོ་སྣ་ཚོགས་སྤེལ་ཏེ་སྡེ་དམངས་རྣམས་ཀྱི་བསམ་པའི་དཔལ་ཡོན་ཕུན་སུམ་ཚོགས་པོར་གཏོང་བ་ཡིན་ནོ། །


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།