བོད་ཀྱི་ལོ་སར་གྱི་འཕོ་འགྱུར་ལ་ཅུང་ཙམ་དཔྱད་པ།
དུས་རབས་དགུ་བའི་སྐབས་ཀྱི་བོད་ཀྱི་ལོ་སར།
དེའི་རྗེས་སུ་ཁྲི་གཙུག་ལྡེ་བཙན་གྱི་སྐབས་སུ་རྒྱ་ནག་དང་བོད་གཉིས་ཀྱི་ལོ་སར་དང་ཟླ་མགོ་འཛིན་སྟངས་གཅིག་མཚུངས་ཡིན་པར་གསལ་བས། དུས་དེ་ཙམ་ནས་བཟུང་བོད་ཀྱིས་སྔར་གྱི་ཞང་ཞུང་གི་ལུགས་ཀྱི་ལོ་འགོ་འཛིན་སྟངས་དོར་ནས་རྒྱ་ནག་གི་རྩིས་ཀྱི་རྗེས་སུ་འབྲངས་བར་མངོན་པས། ར་ས་འཕྲུལ་སྣང་གཙུག་ལག་ཁང་མདུན་དྲུང་གི་བོད་རྒྱ་དབོན་ཞང་མོལ་བའི་རྡོ་རིང་གི་ཤར་ངོས་སུ། རྒྱ་ཡུལ་དུ་ཎྀ། ཀེང་ཤྀའི་ནུབ་ཕྱོགས་ཤེག་སང་སྀའི་དྲུང་དུ། བོད་ཆེན་པོའི་ལོའི་མྱིང་ཎྀ་སྐྱིད་རྟག་ལོ་བདུན། རྒྱ་ཆེན་པོའི་ལོའི་མྱིང་ཎྀ། ཅང་ཀེང་ལོ་དང་པོ་ལྕགས་མོ་གླང་གྀ་ལོའི་(སྤྱི་ལོ821)དགུན་སླ་ར་བ་ཚེས་བཅུ་ལ། དཀྱྀལ་འཁོར་ལ་འཛེགས་ནས། རྒྱ་ཡིས་གཙྀགས་བཟུང་ངོ་། བོད་ཆེན་པོའི་ཡུལ་དུ་ཎྀ། ཕོ་བྲང་ལྷ་སའྀ་ཤར་ཕྱོགས་སྦྲ་སྟོད་ཚལ་དུ། བོད་ཆེན་པོའི་ལོའི་མྱིང་སྐྱྀད་རྟག་ལོ་བརྒྱད། རྒྱ་ཆེན་པོའི་ལོའི་མྱིང་ཅང་ཀེང་ལོ་གཉྀས། ཆུ་ཕོ་སྟག་གྀ་ལོའི་(སྤྱི་ལོ822)དབྱར་སླ་འབྲྀང་པོ་ཚེས་དྲུག་ལ། དཀྱྀལ་འཁོར་ལ་འཛེགས་ཏེ། བོད་ཀྱྀས་གཙྀགས་བཟུང་ངོ་། གཙྀགས་ཀྱྀ་མདོ་རྡོ་རིངས་ལ་བྲིས་པ་འདི་ཡང་། །བོད་ཆེན་པོའི་ལོའི་མྱིང་སྐྱིད་རྟག་ལོ་དགུ། །རྒྱ་ཆེན་པོའི་ལོའྀ་མྱིང་ཅང་ཀེང་ལོ་གསུམ། ཆུ་མོ་ཡོས་བུ་ལོའི་(སྤྱི་ལོ823)དཔྱྀད་སླ་འབྲིང་པོ་ཚེས་བཅུ་བཞི་ལ་རྡོ་རིངས་ལ་ཡི་གེ་བྲིས་སོ། (17)ཞེས་རྒྱ་ནག་གི་ཡུལ་དུ་མཇལ་དུམ་མཛོད་པའི་དུས་ནི་དགུན་སླ(ཟླ)ར་བའི་ཚེས་བཅུ་ཡིན་པ་གསལ་བ་དང་། ཟླ་ལ་སླ་ཞེས་བྲིས་པ་འདི་ཞང་སྐད་ཡིན་ཏེ། ཞང་བོད་ཀྱི་སྒྲ་བསྡེབས་ཆེན་མོ་ལས། ཏི་ཡུད་(ཐང་ཡུད)ཛྲག་སླ(ཞག་ཟླ)སུམ་ཅུ་སྒྱུར། (སུམ་ཅུ་སྒྱུར།)ཞེས་གསལ་ལོ། (18) དེ་བཞིན་དུ་རྒྱའི་ཐང་ཡིག་ཏུ་དོན་དེ་ཁོད་པ་འདི་ལྟར། ཐང་ཡིག་རྙིང་མ་ལས། ཁྲང་ཆིན་ཁྲི་ལོ་དང་པོའི་ཟླ་བཅུ་པའི་ཚེས་བཅུ་ཉིན། བྷོད་ཀྱི་ཕོ་ཉ་བ་དང་ལྷན་དུ་མཇལ་དུམ་མཛད། (19) ཞེས་བོད་ཀྱི་དགུན་ཟླ་ར་བའི་ཚེས་བཅུ་ནི་རྒྱའི་ཟླ་བཅུ་བའི་ཚེས་བཅུ་ཡིན་པས་ལུགས་འདི་གཉིས་ཀའི་བརྩི་ཚུལ་མཐུན་ནོ། དེ་ལྟར་བརྩིས་ན་བོད་ཀྱི་དཔྱིད་ཟླ་ར་བ་དང་རྒྱའི་ཟླ་བ་དང་པོ་གཉིས་གཅིག་མཚུངས་ཡིན་པས་དེ་དུས་བོད་ཀྱི་ལོ་འགོ་སྟེ་ལོ་སར་ཡང་རྒྱ་ནག་དང་གཅིག་ཏུ་གྱུར་བར་མངོན། དེ་དུས་སུ་བོད་ཀྱི་བཙན་པོས་རྒྱ་ནག་གི་ཤེས་ཡོན་ལ་བརྩི་མཐོང་ཆེན་པོ་བྱེད་པ་དང་དེའི་ལད་ཟློས་བྱེད་པར་དགའ་བ་ནི། གོང་གསལ་ལྟར་བོད་རྒྱལ་ཁྲི་གཙུག་ལྡེ་བཙན་གྱིས་རྒྱ་ནག་གི་ལད་ཟློས་བྱས་ན་སྐྱིད་རྟག་ཅེས་ཁྲི་ལོའི་མིང་ཞིག་བཙུག་པ་འདིས་ཀྱང་གསལ་བོར་ཤེས་ཐུབ།
དུས་རབས་བཅུ་གསུམ་པ་ནས་བྱུང་བའི་བོད་ཀྱི་ལོ་སར་གསར་བའི་ལུགས།
གོང་ཞུས་ལྟར་དུས་རབས་དགུ་བའི་བོད་རྒྱལ་ཁྲི་གཙུག་ལྡེ་བཙན་གྱི་སྐབས་སུ་རྒྱ་བོད་ཀྱི་ལོ་སར་གཅིག་མཚུངས་ཡིན་ཡང་། དེའི་རྗེས་བོད་སིལ་བར་ཐོར་རྗེས་བོད་ཡུལ་དུ་རྒྱལ་ཟླ་དང་མཆུ་ཟླ་གང་རུང་ལ་ལོ་སར་དུ་བཟུང་བའི་ལུགས་གཉིས་ཀ་མ་མཉམ་པར་གནས་ཤིང་བོད་ཡོངས་ལ་ཐུན་མོང་དུ་དབང་བའི་ལོ་སར་ཞིག་མེད་པར་གྱུར་བ་མངོན་ཏེ། ས་སྐྱ་གྲགས་པ་རྒྱལ་མཚན་གྱིས། རྒྱལ་གྱིས་ཉ་བ་ལ་དཔྱིད་ར་བར་བྱས་པ་དེ་ནི། རྒྱ་བོད་འཐབས་པའི་དུས་སུ་བརྫུན་བྱས་པ་བལྟས་པས་དེ་ནོར་བ་ཡིན་ནོ། (20)ཞེས་ས་སྐྱ་གྲགས་པ་རྒྱལ་མཚན་གྱི་སྐབས་སུའང་རྒྱལ་ཟླ་ལ་ལོ་འགོ་བྱེད་པ་ཡོད་པས་དེ་ལ་ནོར་བར་བཞེད་རྐྱེན། འགྲོ་མགོན་འཕགས་པའང་དེའི་རྗེས་སུ་འབྲངས་ནས། རྒྱ་ཡིས་རྟ་པ(རྟ་ཆེན་ཏེ་མཆུ་ཟླ་ཧོར་ཟླ་དང་པོ་ཡིན)དཔྱིད་ར་བ། གཅིག་པ་ཞེས་བྱར་འདོད་པ་ཡིན། བོད་རྣམས་ཕལ་ཆེར་དེ་རྗེས་འབྲང་། ཞེས་དང་། བོད་ལ་གྲགས་པའི་རྒྱ་རྩིས་པ། འཁྲུལ་པ་ཉིད་དུ་འཆད་པར་བྱེད། འདིར་ནི་རྒྱ་ཡི་གཙུག་ལག་ལས། འབྱུང་བའི་ཚུལ་བཞིན་བདག་གིས་བཤད། (21)ཞེས་སྐབས་དེ་ལོ་སར་རྒྱལ་ཟླ་དང་མཆུ་གཉིས་ཀ་ལ་བྱེད་མཁན་ཡོད་པ་གསལ་ལོ། ཁོང་གཉིས་ཀྱིས་སྔོན་ཆད་བོད་དུ་རྒྱ་ནག་གི་རྩིས་དར་བས་རྐྱེན་གྱི་རྒྱལ་ཟླ་ལ་ལོ་འགོ་འཛིན་པ་ནི་བོད་རང་གི་ཡ་ཐོག་ཞང་ཞུང་གི་ལུགས་ཀྱི་ལོ་སར་ཡིན་པར་མ་དགོངས་ནས། རྒྱ་རྩིས་ཡིན་པར་འདོད་ནས་དེ་དང་རྒྱ་ནག་གི་ལོ་འགོ་འཛིན་ཚུལ་མི་གཅིག་རྐྱེན་འཁྲུལ་བར་བཞེད་ནས་རྒྱ་རྩིས་དང་བརྟུན་ཅི་ཐུབ་བྱས་པ་རེད། རྒྱ་གར་ནག་ལུགས་ཀྱི་ལོ་མགོ་འཛིན་སྟངས་ལ་ས་སྐྱ་གྲགས་པ་རྒྱལ་མཚན་གྱིས། ལོའི་མགོ་གང་ནས་འཛིན་པའི་རྩིས་ནི་དུས་འཁོར་བ་ནག་པ་སྟེ། བྱའུས་ཉ་བ་ལ་དཔྱིད་ཟླ་འབྲིང་པོར་བྱས་ནས་དེ་ནས་ལོ་མགོ་འཛིན་ཏེ། ཤིང་ལོ་རྙིང་པ་ལྷུང་ནས་གསར་བ་སྐྱེ་བ་ལ་ལོ་མགོར་བྱེད། རྡོ་རྗེ་མཁའ་འགྲོ་དང་། རྡོ་རྗེ་གདན་བཞི་པ། སྨལ་པོའི་བཅུ་དྲུག་ནས་ལོ་མགོ་འཛིན་ཏེ། ཉི་མ་བྱང་དུ་ལྡོག་པ་ལ་ལོ་མགོར་བྱེད། རྒྱ་ནག་པ་རྒྱལ་གྱི་མཇུག་ལ་ས་བདག་གི་སྐྱས་རྫོགས་ནས་རྟ་པས་ཉ་བ་ལ་དཔྱིད་ཟླ་ར་བར་བྱས་ནས་དེ་ནས་ལོ་སར་དུ་བྱེད་དོ། (22) ཞེས་གསལ་ལ། དེར་བརྟེན་རབ་བྱུང་བཞི་བའི་སྐབས་ས་པཎ་ཀུན་དགའ་རྒྱལ་མཚན་དང་འགྲོ་མགོན་འཕགས་པ་རྣམ་གཉིས་ཧོར་རྒྱལ་གྱི་བླ་མཆོད་མཛད་ནས། རྒྱའི་ཡུལ་དུ་སོང་ནས་དེའི་རྩིས་རིག་གི་དགོངས་པ་བླངས་ནས་ལོ་ཟླ་བརྩི་ཚུལ་རྒྱ་ནག་གི་རྗེས་སུ་འབྲངས་ཤིང་། ཟླ་ཤོལ་འདོར་ཚུལ་དུས་འཁོར་གྱི་ལུགས་སུ་བྱས་པས། ད་གཟོད་དེང་སྐབས་དབུས་གཙང་ཕྱོགས་ནས་མར་ཨ་མདོ་ལ་གསར་དུ་དར་བའི་བོད་ཀྱི་ལོ་སར་གསར་བའི་ལུགས་ཏེ། རྒྱ་རྩིས་ལ་ཟླ་ལྷག་ཡོད་ཅིང་དུས་འཁོར་ལུགས་ལ་ཟླ་ལྷག་མེད་པའི་ཕྱི་ལོར་ཧོར་ཟླ་དང་པོའི་ཚེས་མགོ་ལ་ལོ་སར་བྱེད་ཅིང་། དེ་ལས་ལྡོག་པ་དང་གཉིས་ཀ་ལ་ཟླ་ལྷག་མེད་པའི་ཕྱི་ལོར་ཧོར་ཟླ་གཉིས་པའི་ཚེས་མགོ་ལ་ལོ་སར་བྱེད་པ་འདི་བྱུང་བ་རེད། དེ་བཞིན་ཆོས་རྒྱལ་འགྲོ་མགོན་འཕགས་པས། འཕགས་པའི་ཡུལ་དུ་རབ་བྱུང་ནས། ལོ་ཡི་མགོ་འཛིན་རྒྱ་རྣམས་ཀྱིས། ཤིང་ཕོ་བྱི་བ་ཐོག་མར་འདོད། ཟླ་བའང་དབུས་འགྱུར་ཚལ་དུ་ནི། རྒྱལ་གྱི་ཟླ་བས་ཐོག་མ་འདྲེན། ཤམྦྷ་ལ་ནི་ནག་པའི་ཟླ། (ཧོར་ཟླ་གསུམ་པ་ཡིན།) ཟླ་བ་རྣམས་ཀྱི་ཐོག་མར་འདོད། རྒྱ་ཡིས་རྟ་པ་(རྟ་ཆེན་ཏེ་མཆུ་ཟླ་ཧོར་ཟླ་དང་པོ་ཡིན)དཔྱིད་ར་བ། གཅིག་པ་ཞེས་བྱར་འདོད་པ་ཡིན། བོད་རྣམས་ཕལ་ཆེར་དེ་རྗེས་འབྲང་། དེ་ཕྱིར་ལོ་དང་ཟླ་བའི་ཚུལ། རྒྱ་ཡི་རྗེས་སུ་འབྲངས་ནས་ནི། ཡང་དག་ངེས་པ་འཚོལ་བའི་ཚུལ། དུས་ཀྱི་འཁོར་ལོའི་ཚུལ་བཞིན་བཤད། ཟླ་བཤོལ་འདོར་བའི་ཚུལ་ཡང་ནི། དཔལ་ལྡན་དུས་ཀྱི་འཁོར་ལོའི་ལུགས། དེ་རྗེས་འབྲང་བའི་གཞུང་ལས་ཤེས། བོད་ལ་གྲགས་པའི་རྒྱ་རྩིས་པ། འཁྲུལ་པ་ཉིད་དུ་འཆད་པར་བྱེད། འདིར་ནི་རྒྱ་ཡི་གཙུག་ལག་ལས། འབྱུང་བའི་ཚུལ་བཞིན་བདག་གིས་བཤད། དེས་ཕྱིར་རྩིས་ཀྱི་གཙག་ལག་གཉིས། མཐུན་ཆ་གཞུང་འདིས་ངེས་དབྱེ་བས། གཙུག་ལག་མཐུན་པར་ངེས་པ་ཡིན། (23)ཞེས་གསུངས་པས་ར་སྤྲོད་བྱེད་ཐུབ། དེ་བས་ན་དེང་སྐབས་ཀྱི་བོད་ཀྱི་ལོ་སར་གསར་བའི་ལུགས་འདི་ཡང་རྒྱ་རྩིས་དང་དུས་འཁོར་རྩིས་ལུགས་གཉིས་ལྷན་དུ་བསྲེས་ནས་བྱུང་བ་ཡིན་མོད། འོན་ཀྱང་རྒྱལ་དབང་ལྔ་བས་རྩིས་དཀར་ནག་དྲིས་ལན་དུ་བོད་རབ་བྱུང་བཞི་བའི་མེ་ཕག་ལོར་ཧོར་ཇིང་གིར་རྒྱལ་པོས་མི་ཉག་གི་ལག་ནས་རྒྱལ་ས་ཐོབ་པའི་ཟླ་བར་བཀྲ་ཤིས་པའི་དགའ་སྟོན་བྱས་པ་མཆུ་ཟླ་ལོ་སར་དུ་བཟུང་བ་དཀྱུས་སུ་ཤོར་བས། མིང་ལའང་ཧོར་ཟླ་བ་དང་པོར་གྲགས། (24)ཞེས་བཞེད་པ་ནི་ནོར་བར་ཟད་དེ། གོང་ཞུས་འགྲོ་མགོན་འཕགས་པས་ཧོར་གྱི་ཡུལ་ནས་རྒྱ་རྩིས་བླངས་ནས་དེ་དང་བརྟུན་ནས་ལོ་ཟླ་ངོས་བཟུང་བ་ཡིན་པ་ལས་བོད་ཀྱི་ལོ་སར་མཆུ་ཟླ་སྟེ་ཧོར་ཟླ་དང་པོ་ལ་བཟུང་བ་ཧོར་གྱི་དགའ་སྟོན་ལ་བརྟེན་ནས་བྱུང་བ་མ་ཡིན་པ་གསལ་ལོ། དེ་ལྟར་ཚིག་མཛོད་ཆེན་མོ་ལས། སྤྱིར་དགུན་ཉི་ལྡོག་རྗེས་ཀྱི་ཟླ་བ་གཉིས་པ་དེ་ལོ་སར་གྱི་ཟླ་བ་དང་པོ་དང་། དེ་ནས་གཉིས་པ་དང་གསུམ་པ་སོགས་བརྩི་བ་ནི་རྒྱ་ནག་ཞཱ་རྒྱལ་རབས་ཀྱི་རྗེས་འབྲངས་ཡིན་ཀྱང་། སོག་པ་ལ་རྒྱུད་ནས་བོད་དུ་དར་བའི་རྐྱེན་གྱིས་ཧོར་ཟླ་ཞེས་གྲགས། དེ་ཡང་ཟླ་ཤོལ་འདོན་ཚུལ་ལུགས་གཉིས་མི་འདྲ་བས་སྐབས་འགར་ཟླ་བ་གཅིག་གི་སྔ་ཕྱི་ཡོད་དོ། (25)ཞེས་གསུངས་པ་ཡང་དོན་དང་ལྡན་ནོ། །
དེ་ལྟར་ཡ་ཐོག་བོད་ཀྱི་ལོ་སར་རྒྱལ་ཟླ་ལ་བྱེད་པའི་ལུགས་རྙིང་དེ་ད་སྐབས་ཨ་མདོ་ཕྱོགས་སུ་བོད་ལོ་ཞེས་ཐ་སྙད་ཙམ་ལུས་པ་མ་གཏོགས། ལུགས་འདི་ལྟར་ལོ་སར་ལ་རོལ་མཁན་མེད་པར་གྱུར་པ་ནི། སྤྱིར་རྒྱ་གར་ནས་དམ་པ་ཆོས་ཀྱི་བསྟན་པ་བོད་ཡུལ་དུ་བྱུང་བའི་རྗེས། བན་ལུགས་ཆོས་པ་ཀུན་གྱིས་དམ་པའི་ཆོས་ཁོ་ན་མཐོང་ཆེན་བྱས་ནས། བོད རང་ལ་དབང་བའི་ཐུན་མོང་མ་ཡིན་པའི་ཤེས་ཡོན་ཏེ་ཞང་ཞུང་གི་བོན་གྱི་ཤེས་རིག་སྐོར་ལ་མཐོང་ཆུང་རྩིས་མེད་དུ་བཏང་བའི་རྐྱེན་གྱིས་རེད། བོད་བཙན་པོའི་རྒྱལ་རབས་མཇུག་རྫོགས་ལ་ཉེ་དུས་རྒྱ་ནག་གི་ལུགས་ལྟར་རྒྱ་བོད་གཅིག་མཚུངས་ཀྱི་ལོ་སར་ཞིག་བྱུང་ཡང་། དེའི་རྗེས་དུས་འཁོར་གྱི་ལུགས་བོད་ལ་དར་བའི་རྐྱེན་གྱིས་ཆོས་པ་རྣམས་ཀྱི་ལུགས་དེ་གཙོ་བོར་འཛིན་པའི་བསམ་པ་ཡོད་ཀྱང་། དུས་འཁོར་ལུགས་ཀྱི་ལོ་སར་ཧོར་ཟླ་གསུམ་པ་ཡིན་སྟབས་བོད་ཀྱི་གནས་བབས་དང་མི་མཐུན་པས་ལོ་དང་ཟླ་བའི་བརྩི་ཚུལ་རྒྱ་ནག་ལ་མི་བརྟུན་ག་མེད་བྱུང་མོད། ཡིན་ནའང་དུས་འཁོར་གྱི་ལུགས་ཀྱང་འདོར་བར་མ་འདོད་ནས། ཟླ་ཤོལ་འདོར་ཚུལ་དུས་འཁོར་ལྟར་བྱས་པས་རྐྱེན་གྱིས། ད་གཟོད་དེང་སྐབས་བོད་ལ་ཡ་ཐོག་ཞང་ཞུང་གི་ལུགས་ཀྱང་མིན་ལ། རྒྱ་གར་གྱི་ལུགས་ལའང་མི་མཚུངས་ཤིང་། རྒྱ་ནག་གི་ལུགས་ལའང་མི་མཐུན་པའི་ཕུང་གསུམ་པའི་ལོ་སར་འདི་བྱུང་བ་ཡིན་པས། ལོ་སར་གསར་བའི་ལུགས་འདི་དར་ནས་མི་ལོ་སྟོང་ཙམ་ཡང་མ་འགོར་བས་མི་རིགས་གཞན་ལ་ངོམས་ཆོག་པའི་ལོ་རྒྱུས་ཀྱི་རིན་ཐང་ཞིག་ཡེ་མི་ལྡན་ནོ། །ཞེས་སྒ་རིགས་ཀྱི་སྤྲུལ་མིང་བ་མཁར་ནག་ཤེས་རབ་སྐལ་བཟང་རྒྱ་མཚོའམ་མཚོ་སྐྱེས་ཟླ་བ་གཞོན་ནུ་དཔལ་འབར་དུ་འབོད་པས་བྲིས་པའོ། །
ཟུར་མཆན།
(1)(2)དཔལ་དོན་གྲུབ་རྒྱལ་གྱི་གསུང་འབུམ། པོད་བཞི་བའི་ཤོག་ངོས་358、357ན་གསལ།
(3)བོན་གྱི་གཟུངས་ཀུན་འདུས་ཆེན་མོ་གློག་དཔར་མའི་ཤོག་ངོས420ན་གསལ།
(4)ལེགས་བཤད་མཛོད། ཤར་རྫ་བཀྲ་ཤིས་རྒྱལ་མཚན། 1987ལོ་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན། ཤོག་ངོས130ན་གསལ།
(5)རྒྱལ་པོའི་འདི་མཚན་ལ་བཞེད་པ་མི་མཐུན་པ་འགའ་རེ་ཡོད་ལ། ཏུང་ཧོང་ཡིག་རྙིང་དུ་ཁྲི་སྤེ་བཙན་པོ། བརྡ་རྙིང་ཡིག་ཆ། 9སྲིབས་ཁྲི་བཙན་པོ། ཞེས་དེབ་དམར། 33དེབ་སྔོན། 61མཁས་པའི་དགའ་སྟོན། 87སྲིབ་ཁྲི་བཙན་པོ། ཞེས་རྒྱལ་རབ་གསལ་མེ། 55ལེགས་བཤད་མཛོད། 130
(6)མདོ་དྲི་མེད་གཟི་བརྗིད་སྟོན་པ་གཤེན་རབ་ཀྱི་བཀའ། 2000ལོར་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་བསྐྲུན། པོད་གཉིས་པའི་ཤོག་ངོས391ན་གསལ།
(7)གོང་ཞུས་མདོ་དྲི་མེད་གཟི་བརྗིད་པོད་བཅུ་གཅིག་པའི་ཤོག་ངོས240ན་གསལ།
(6)གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོ། སྤྱིའི་པོད་གྲངས137པ་སྣང་བརྒྱད་ལས་གསལ།
(7)གོང་ཞུས་མདོ་དྲི་མེད་གཟི་བརྗིད་པོད་དང་པོའི་ཤོག་ངོས551ན་གསལ།
(8)ལེགས་བཤད་རིན་པོ་ཆེ་གཏེར་མཛོད། ཤར་རྫ་བཀྲ་ཤིས་རྒྱལ་མཚན། 1985ལོར་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན། ཤོག་ངོས37ན་གསལ།
(9)མདོ་གཟེར་མིག་སྟོན་པ་གཤེན་རབ་ཀྱི་བཀའ། དྲང་རྗེ་བཙུན་པ་གསེར་མིག་གིས་གཏེན་ནས་ཐོན། 1991ལོར་ཀྲུང་གོ་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་གིས་བསྐྲུན། ཤོག་ངོས595ན་གསལ།
(10)(12)དུས་འཁོར་སྐར་རྩིས་སྐོར་གྱི་གནའ་རྩོམ་ཕྱོགས་བསྒྲིགས། ༢༠༠༥ལོར་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན། ཤོག་ངོས240、279ན་གསལ།
(11)(13)མཛོད་སྒྲ་འགྲེལ་བླ་ཆེན་དྲན་པ་ནམ་མཁའ། གློག་དཔར་མའི་ཤོག་ངོས170ན་གསལ།
(14)གོང་ཞུས་དུས་འཁོར་སྐར་རྩིས་སྐོར་གྱི་གནའ་རྩོམ་ཕྱོགས་བསྒྲིགས། ཤོག་ངོས240ན་གསལ། །
(15)བོད་ཀྱི་བརྡ་རྙིང་ཡིག་ཆ་འདམས་བསྒྲིགས། གཉའ་གོང་དཀོན་མཆོག་ཚེ་བརྟན་གྱིས་བསྒྲིགས། 1995ལོར་ཀྲོང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་དཔེ་སྐྲུན་ཁང་གིས་བསྐྲུན། ཤོག་ངོས224ནས225ན་གསལ།
(16) ཞང་བོད་སྒྲ་བསྡེབས་ཆེན་མོ། ཞུ་ཡས་ཉི་མ་གྲགས་པ། གློག་དཔར་མའི་ཤོག་ངོས24ན་གསལ།
(17)གོང་ཞུས་དཔལ་དོན་གྲུབ་རྒྱལ་གྱི་གསུང་འབུམ། པོད་བཞི་བའི་ཤོག་ངོས་446ན་གསལ།
(18) (19)(20) (21)དུས་འཁོར་སྐར་རྩིས་སྐོར་གྱི་གནའ་རྩོམ་ཕྱོགས་བསྒྲིགས། 2005ལོར་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན། ཤོག་ངོས241、279、243、279ན་གསལ།
(22)(23)བོད་རྒྱ་ཚིག་མཛོད་ཆེན་མོ། 1993ལོར་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན། ཤོག་ངོས3072ན་གསལ།
2010ལོའི«མུ་ཁྲི་བཙན་པོ»འདོན་ཐེངས་བཞི་བ་ལས་བཤུས།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com