རེབ་གོང་གི་དྲུག་པའི་ལྷ་ཟླ་ཆེན་མོ་ཞེས་པའི་དམངས་ཁྲོད་སྲོལ་རྒྱུན་མཆོད་པའི་དུས་ཆེན།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-01-06 14:21:00 ཀློག་གྲངས།:

 

          རེབ་གོང་གི“དྲུག་པའི་ལྷ་ཟླ་ཆེན་མོ”ཞེས་པའི་དམངས་ཁྲོད་སྲོལ་རྒྱུན་མཆོད་པའི་དུས་ཆེན་འདི་ནི་སྣ་མང་ཕུན་སུམ་ཚོགས་པའི་མཆོད་པ་དང་རྩེད་མོ་བརྒྱུད་ནས་ལྷ་ཀླུ་གཉན་གསུམ་དགྱེས་པར་བྱེད་པའི་ཆོ་ག་ཁྱད་པར་བ་ཞིག་སྟེ། བཤད་རྒྱུན་དུའང“རྒྱ་ལོའི་ཚེ་གཅིག་མིན་ན་ཟས་མི་ཟ། དྲུག་པའི་ཀླུ་རོལ་མིན་ན་གོས་མི་གོན”ཞེས་སུ་གྲགས།

          དྲུག་པོའི་ལྷ་ཟླ་ཆེན་མོའི་སྐབས་སུ་རང་གི་ཕ་མེས་བརྒྱུད་ཀྱི་ཡུལ་ལྷ་གཞི་བདག་རྣམས་མཆོད་དེ་བཀུར་མཁན་གྱི་སྐྱེ་བོ་ཕོ་མོ་རྒན་གཞོན་ཐམས་ཅད་མ་བཅོས་སེམས་ཀྱིས་ཀླུ་རོལ་ལ་དགའ་དགོས་བས་མི་ཚད་རང་འགུལ་གྱིས་དེར་དངོས་སུ་ཞུགས་དགོས་པ་ནི་ལྷ་དགའ་རུ་བཅུག་པ་དང་ངོ་བོ་གཅིག་པ་བསྟན། དེ་ལ་སྡེ་བ་རེ་རེའི་མཆོད་སྲོལ་དང་རྩེད་སྲོལ། རྩེད་མོའི་རིགས་དང་རྣམ་གྲངས་མི་འདྲ་མོད་ཀྱང་ཚང་མའི་དམིགས་ཡུལ་ཐོག་མཐའ་བར་གསུམ་དུ་གཞི་གཅིག་ལ་འབབ་པ་ཡིན་ཏེ། མི་དགའ་ཞོར་ལྷ་ཡང་ཐུགས་མཉེས་པོ་ཡོང་རྒྱུ་དེ་ཁོ་ནའོ། །

          རྩེད་མོའི་རིགས་ལ་ལྷ་རྩེད་དང་ཀླུ་རྩེད། དམག་རྩེད་བཅས་གཙོ་བོ་རིགས་གསུམ་དང་། དེ་བཞིན་སོ་ནམ་ལོ་ཏོག་སྐྱེས་རྒྱལ་གྱི་རྟེན་འབྲེལ་དུ་ཞིང་འདེབས་པ་དང་། མི་ལ་ན་ཚ་དང་ཕྱུགས་ལ་གོད་ཁ། ནང་མི་ཕན་ཚུན་བར་ཁ་མཆུ་རྩོད་གླེང་མི་འབྱུང་བའི་རྟེན་འབྲེལ་མཚོན་བྱེད་དུ་དགོད་བྲོའི་རྩེད་མོ་བསྟན་ཏེ་ལྟད་མོ་བ་རྣམས་ལ་བཞད་གད་སློང་བ། ཕོ་མོའི་བརྩེ་དུངས་དང་འཇིག་རྟེན་སྣང་བ་མཚོན་པའི་རྟེན་འབྲེལ་དུ་རྩེད་མོ་དངོས་ཀྱི་བར་གསེང་རྟེན་འབྲེལ་ཙམ་གྱིས་རི་གླུ་ལེན་པ། རིགས་རྒྱུད་དར་ཞིང་ཚེ་བསོད་འཕེལ་བའི་རྟེན་འབྲེལ་དུ་བུ་སློང་བ་སོགས་མིའི་འཚོ་བ་དངོས་དང་འབྲེལ་བ་གཏིང་ཟབ་མོ་ཡོད་དོ།།

          ལྷ་རྩེད་བྱེད་པ་དེ་ནམ་མཁར་གང་བའི་ལྷ་རྣམས་ཀྱི་མཆོད་པ་དང་། ཀླུ་རྩེད་བྱེད་པ་དེ་ས་གཞིར་གང་བའི་ཀླུ་རྣམས་ཀྱི་མཆོད་པ། དམག་རྩེད་བྱེད་པ་དེ་སྔར་ལོ་རྒྱུས་ཐོག་བོད་ཀྱི་དཔའ་དམག་རྣམས་གཡུལ་ལས་རྒྱལ་བའི་དྲན་གསོའི་རྩེད་མཆོད་དེ། ཕ་རོལ་དགྲ་དཔུང་ལས་རྣམ་པར་རྒྱལ་བ་འདི་སྣང་སྲིད་ལྷ་རྣམས་ཀྱི་ཁ་འཛིན་དང་སྡོངས་གྲོགས་རྒྱབ་བརྟེན་གཉན་པོ་དང་ཡང་ཁ་བྲལ་ཐབས་མེད་པའི་ཕྱིར་ན། མགོ་ནག་མིས་རྩེད་སྟོན་གྱི་རྣམ་པ་འདི་སྤྱད་དེ་ལྷ་ཀླུ་གཉན་གསུམ་དགྱེས་པར་སྐུལ།

          དབྱར་ཟླ་དྲུག་པའི་ནང་བཏབ་པའི་ལོ་ཏོག་གི་སྙེ་འབྲས་གཡུར་ཟ་ལྡེམ་པའི་སྐབས་དང་། མ་བཏབ་པའི་སྐྱེས་དངོས་རྩི་ཤིང་ཐམས་ཅད་ལ་སྐྱེ་སྟོབས་ཀྱི་དཔལ་འབར་བ་ནི་ཆར་ཆུ་དུས་སུ་འབབ་པ་དང་ཁ་འབྲལ་ཐབས་མེད་པར་བཤད་དེ། གནམ་ནས་བབས་པའི་ཆུ་དང་ས་ནས་བརྡོལ་བའི་ཆུ་འདི་ནམ་མཁའི་ལྷ་དང་འོག་གཞིའི་ཀླུ་རྣམས་ཀྱིས་སྐྱེ་འགྲོ་ཀུན་ལ་རིས་སུ་མ་ཆད་པར་དངོས་གྲུབ་གནང་བར་འདོད་པའི་དད་མོས་ཁྱད་པར་བ་འདིའི་དབང་གིས་འདི་གའི་བོད་མི་རྣམས་ཀྱིས་དྲུག་པའི་ལྷ་ཟླ་ཆེན་མོའི་བདུད་རྩི་བསང་གི་མཆོད་པ་རྒྱ་ཆེན་པོ་བསྟབས། ཡུལ་སྐྱོང་ལྷ་གཉན་རྣམས་སྤྱི་དང་སྒོས་འོག་གཞིའི་ཀླུ་གཉན་རྣམས་མགྲོན་དུ་བོས་ཏེ། ཁོང་རྣམས་མཉེས་ཤིང་དགྱེས་པར་བྱེད་པའི་ཆེད་དུ་ལྷ་བསང་ཀླུ་བསང་བཏང་སྟེ་མི་གཙང་ཐབ་གཞོལ་དང་མནོལ་གྲིབ་རྣམས་སེལ། ཐུགས་དང་འགལ་བའི་ཉམ་ཆག་ནི་བསྐང་། མ་ཤེས་པ་ལ་བསྐོ་ལོང་དང་མི་གཙང་བ་ལ་ཕྲག་དོག་མ་མཛད་པར་སྔར་ཆར་ཆུ་དུས་སུ་འབབ་པ་དང་ཕྱིན་ཀྱང་དུས་ལྟར་འབབ་པའི་བཀའ་དྲིན་གཏང་རག་ཏུ་ལྷ་རྩེད་ཀླུ་རྩེད་བྱེད་སྲོལ་བྱུང་།

བྱང་ཁུ་ལོས་འོས་སྦྱོར་བྱས།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།