རྒྱལ་རྩེའི་མདའ་དམག་སྐོར་མདོར་ཙམ་བརྗོད་པ།

རྩོམ་པ་པོ།:《བོད་ལྗོངས་ཡུལ་སྐོར་སྣེ་ཤན》ལས་ ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-11-01 10:19:00 ཀློག་གྲངས།:


རྒྱལ་རྩེའི་མདའ་དམག་དུས་ཆེན།

         བོད་ལྗོངས་ཀྱི་ས་གནས་ཁག་ཏུ་རྣམ་པ་མི་འདྲ་བའི་དུས་ཆེན་ཧ་ཅང་མང་ལ་དུས་ཆེན་སོ་སོར་ལོ་རྒྱུས་ཁྱད་དུ་འཕགས་པ་ལྡན་ཡོད།  ལོ་རྒྱུས་ཡུན་རིང་ལྡན་ལ་ནང་དོན་ཕུན་སུམ་ཚོགས་པའི་རྒྱལ་རྩེའི་མདའ་དམག་ནི་ས་སྐྱ་བས་བོད་ཡོངས་ལ་དབང་བསྒྱུར་བྱ་སྐབས་ས་སྐྱའི་ནང་བློན་ཆེན་མོ་འཕགས་པ་བཟང་བོ་ཞེས་པ་ཞིག་གིས་རྒྱལ་རྩེ་ཁུལ་གྱི་འགོ་གཙོ་བྱས་པའི་ཐོག་མཚན་སྙན་རྒྱས་པས་ཁོང་འདས་རྗེས་ལས་རོགས་རྣམས་ཀྱིས་ལོ་ལྟར་རྗེས་དྲན་བྱེད་ཆེད་འདས་མཆོད་སྒྲུབ་ཀྱི་ཡོད། དེའི་རྗེས་བོད་ས་གནས་ཁག་ཏུ་བསྟུད་མར་དམག་འཁྲུག་བྱུང་རྐྱེན་འདས་མཆོད་ཀྱི་བྱེད་སྒོ་གཟབ་རྒྱས་དེ་རིམ་བཞིན་གཟབ་རྒྱས་མིན་པ་ནས་མཚམས་ཆད་པ་རེད།
         ཤོད་རྒྱུན་དུ་སྤྱི་ལོ1408ལོར་བློན་ཆེན་འཕགས་པ་བཟང་བོའི་སྲས་ཀུན་བཟང་རབ་བརྟན་གྱིས་ལས་གནས་བཟུང་སྟེ་རྒྱལ་རྩེའི་འགོ་དཔོན་གནང་བ་དང་། ཡབ་ཆེན་གྱི་ཞལ་ཆེམས་ལྟར་འདས་མཆོད་ཀྱི་བྱེད་སྒོ་བསྐྱར་སྤེལ་གྱིས་ལོ་རེའི་བོད་ཟླ་བཞི་བའི་ཚེས་བཅུ་དགུ་ནས་ཉི་ཤུ་བདུན་བར་མཆོད་འབུལ་གྱི་བྱེད་སྒོ་སྣ་ཚོགས་སྤེལ་པའི་ནང་དོན་ནི་གོས་སྐུ་བཀྲམ་པ་དང་།  འཆམ་རྒྱག་པ། ལྷ་འབེབས་མོ་འདེབས་བྱེད་པ་ཕུད་རྟ་རྒྱུགས་པ། ཤུགས་འགྲན་པ། མདའ་འཕེན་སོགས་བྱེད་ཀྱི་ཡོད།  རྟ་མ་རྒྱུགས་སྔོན་ལ་རྟ་རྣམས་བང་སྒྲིག་སྟེ་རྟ་རྒྱུགས་སུ་ཞུགས་ཆོག་མིན་བརྟག་དཔྱད་ཀྱིས་དཔྱི་མགོའི་སྟེང་དུ་དམ་ཕྲུག་རེ་བརྒྱབ་པ་རྣམས་རྟ་རྒྱུགས་སུ་ཞུགས་ཆོག་པའི་རྟགས་ཡིན།  རྟ་རྒྱུགས་འགྲན་བསྡུར་བྱེད་པའི་ཉིན་གསུམ་བཞིའི་བར་མང་ཚོགས་རྣམས་སྤྲོ་སྐྱིད་གླིང་ཀ་གཏོང་བ་ཡིན། 
         མདའ་དམག་དུས་ཆེན་ནི་དམངས་ཁྲོད་དུ་ཤུགས་རྐྱེན་ཆེན་པོ་ཡོད་པས་སྤྱི་ལོ1959ལོའི་རྗེས་སུ་སྔར་ཡོད་རྨང་གཞིའི་ཐོག་ལུས་རྩལ་བྱེད་སྒོ་སྣ་ཚོགས་ཁ་སྣོན་གྱིས་རྒྱལ་རྩེའི་ལོ་རེའི་དུས་ཆེན་ཆེས་འཁྲུག་ཤོས་ཤིག་ཏུ་གྱུར་པ་རེད། ལོ་བཅུའི་ཟང་ཟིང་རིང་ལོ་རྒྱུས་ཡུན་རིང་ལྡན་པའི་རྒྱུན་སྲོལ་མདའ་དམག་དུས་ཆེན་དེ་རྨོངས་དད་ཀྱི་བྱེད་སྒོར་རྩིས་ནས་དགག་པ་བརྒྱབ་སྟེ་རིམ་བཞིན་མཚམས་ཆད།  འོན་ཀྱང་མང་ཚོགས་ཀྱིས་དུས་ཆེན་དེ་གཏོང་རྒྱུའི་རེ་འདུན་ཤུགས་ཆེན་བཏོན་སྟབས་སྤྱི་ལོ1973ལོ་ནས་བཟུང་སླར་གསོ་བྱས་རུང་ནང་དོན་དང་གཞི་ཁྱོན་ཐད་ཚོད་འཛིན་ངེས་ཅན་ཡོད་པ་དང་དུས་ཚོད་ཐད་རྩ་བ་ནས་གཞི་འཛིན་ས་མེད་པའི་སྤྱི་ཟླ6པའི་ཚེས10ཉིན་མདའ་དམག་དུས་ཆེན་ཉིན་དང་པོར་གཏན་འཁེལ་བྱས།  ཏང་གི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ནས་བཟུང་དུས་ཆེན་དེ་བསྐྱར་གསོ་བྱུང་བ་མ་ཟད་དུས་ཚོད་ཀྱང་སྔར་སྲོལ་ལྟར་བོད་ཟླ་བཞི་བའི་ཚེས་བཅུ་དགུ་ཉིན་དུ་བསྒྱུར་བ་རེད།
         སླར་གསོ་བྱུང་བའི་རྒྱལ་རྩེ་མདའ་དམག་དུས་ཆེན་ནི་ལང་ཚོ་རབ་ཏུ་རྒྱས་པའི་གཞོན་ནུ་མ་ཞིག་རིན་ཆེན་སྣ་ཚོགས་ཀྱིས་བརྒྱན་པ་ལྟར་མིའི་ཡིད་དབང་ཡོངས་སུ་འཕྲོག་ཐུབ་པ་ཞིག་ཏུ་གྱུར་ཡོད་པ་སྟེ་དཔའ་སྟོབས་ཆེ་ལ་སྤྱང་གྲུང་དོད་པའི་རྒན་དར་གཞོན་གསུམ་ལུས་རྩལ་པ་རྣམས་ཀྱིས་གོས་སྣ་ཚོགས་གྱོན་པ་ནི་སྐྱེད་མོས་ཚལ་གྱི་གསར་སྐྱེས་མེ་ཏོག་དང་གཉིས་སུ་མ་མཆིས་པའི་སྤྲོ་བ་སྐྱེ་འོས་པ་ཞིག་ཡོད་པ་དང་། རྟ་བ་རྣམས་ཀྱིས་རྟ་རྒོད་དག་ལ་བཅིབས།  མདའ་རྩལ་པ་རྣམས་ཀྱི་ཕྲག་པར་ཚེས་གསུམ་ཟླ་བ་ཇི་ལྟའི་མདའ་གཞུ་འཁྱེར། གར་བ་དང་སྤོ་ལོ་རུ་ཁག   ཐག་འཐེན་རུ་ཁག་བཅས་ཀྱིས་དུས་ཆེན་རིང་རང་སོ་སོའི་ནུས་རྩལ་གང་ཡོད་འདོན་གྱི་ཡོད། གཟིགས་མོ་བ་བགྲངས་ལས་འདས་པ་ཡོད་པའི་ནང་ཐག་རིང་ལ་ལུང་མང་པོ་བརྒྱུད་དེ་ཆེད་མངགས་ལྟད་མོ་ལྟ་བར་ཡོང་བའི་ཕོ་མོ་རྒན་གཞོན་དང་ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་ཚོང་བ། རྒྱལ་རྩེ་ཁུལ་གྱི་ཞིང་འབྲོག་མང་ཚོགས་བཅས་ཡོད། ཉིན་བདུན་རིང་གི་བྱེད་སྒོ་ལས་ཚན་གསལ་བོར་བཀོད་དེ་སྔ་དྲོ་རྟ་རྒྱུགས་འགྲན་བསྡུར་དང་ཕྱི་དྲོ་མདའ་རྩལ་སོགས་ལུས་རྩལ་སྣ་ཚོགས་སྤེལ་བ་དང་དེ་བཞིན་ཞབས་བྲོ།  ཨ་ཅེ་ལྷ་མོ།  གློག་བརྙན་སོགས་བལྟ་རྒྱུ་ཡོད་ལ་ཞིང་ལས་འབྲོག་ལས་ཐོན་རྫས་སོགས་བརྗེ་འགྲུལ་བྱེད་པའི་ཚོང་འདུས་ཆེན་པོ་ཞིག་ཀྱང་ཡིན་སྟབས་མང་ཚོགས་ནས་རང་ལ་མཁོ་བའི་ཅ་དངོས་བློ་འདོད་ལྟར་ཉོ་སྒྲུབ་བྱེད་རྒྱུ་ཡོད་པ་རེད།
         ལོ་རྒྱུས་ཡུན་རིང་ལྡན་པའི་རྒྱལ་རྩེའི་རྒྱུན་སྲོལ་མདའ་དམག་དུས་ཆེན་སླར་གསོ་བྱུང་བ་དེས་དཔའ་བོའི་གྲོང་ཁྱེར་ཆུང་ཆུང་དེའང་སྔར་བས་སྤྲོ་སྣང་འཕེལ་ཞིང་བརྗིད་ཆགས་ཡོད་དབང་འཕྲོག་པ་ཞིག་ཏུ་གྱུར་ཡོད། 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།