དྲུག་པའི་གླུ་རོལ་གྱི་ནང་གསེས་དབྱེ་བ།

རྩོམ་པ་པོ།:amidn ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2008-02-01 09:36:35 ཀློག་གྲངས།:23695

   གླུ་རོལ་ཞེས་པ་ནི་གླུ་དང་རོལ་ཆ་དུས་མཉམ་དུ་ལེན་རྡུང་བྱེད་པའི་ཆ་ནས་གླུ་རོལ་ཞེས་བཏགས་པ་རེད་དེ་ཡང་འདི་ལ་ནང་གསེས་སུ་དབྱེ་བ་གསུམ་སྟེ།  ལྷ་རྩེད་ཀླུ་རྩེད་དམག་རྩེད་བཅས་གསུམ་མོ།།

   (༡)ལྷ་རྩེད།

   ལྷ་རྩེད་ནི་རྩེད་མོ་བ་རྣམས་ཀྱིས་ལག་ཏུ་འཁར་རྔ་དང་ལྷ་རྔ་བཟུང་སྟེ་ལྷ་ངོམ་པ་དང་ལྷ་རྩེད་བྱས་ཏེ་ཡུལ་ལྷ་གཞི་བདག་གི་མཚན་ནས་བོས་ཏེ་མགོ་ལ་མཚོན་གྱིས་བསྟར་བ་དང་ཁ་དང་ལུས་ལ་ལྕགས་ཁབ་ཀྱིས་འཛེར་ནས་ཤ་ཁྲག་གི་མཆོད་པ་འབུལ་བ་ཞིག་སྟེ་གཙོ་བོ་ལྷ་ལ་མཆོད་པ་འབུལ་བའམ་ལྷ་རྣམས་མཉེས་པར་བྱེད་པའི་རྩེད་མོའི་རྣམ་པ་ཞིག་ཡིན།

   (༢)ཀླུ་རྩེད།

   ཀླུ་རྩེད་ནི་རྩེད་མོ་བ་རྣམས་ཀྱིས་རང་རང་གི་མདའ་མདུང་དར་མཚོན་སོགས་ཀྱི་རྩེད་ཆས་རྣམས་བཟུང་སྟེ་ཆུ་ཁར་སོང་སྟེ་བསང་མཆོད་རྒྱ་ཆེན་པོ་བྱས་ཏེ་ཕུང་བོ་གཙང་མར་བཀྲུ་བ་དང་མདའ་མདུང་དར་མཚོན་སོགས་ཀྱི་རྩེད་ཆས་རྣམས་ཀྱང་ཆུས་བྱུགས་ནས་ཆབ་རྒྱག་པ་བཅས་ཏེ་དམག་དཔོན་ཁང་གི་ལྷས་ར་ནས་སྟེགས་བུ་གྲུ་བཞི་རྩེ་མོ་མཐོ་ལ་བང་རིམ་ལྡན་པ་ཞིག་བཟོས་ཏེ་ཕྱོགས་བཞིར་གདོང་ལ་ཞོ་དང་འོ་མའི་བྱུགས་ཤིང་ལག་ལ་སྦྲུལ་ཤུན་དང་སྦལ་བ།   ཆུ་སྲམ།  རུས་སྦལ།   གསེར་ཉ་བཅས་སྲོག་ཆགས་སྐམ་པོ་གང་མང་བཟུང་བའི་མི་བཞི་བསྡད་པ་དང་གྲུ་བཞི་བོར་མདུང་རིང་བཞི་བཙུགས་ནས་བང་རིམ་གྱི་སྟེང་དུ་ཇ་དང་ཆང་གི་མཆོད་པ།   ཞོ་དང་འོ་མའི་མཆོད་པ།  སིལ་ཏོག་དང་མེ་ཏོག་གི་མཆོད་པ།  ལོ་འབྲས་དང་ཤིང་ཏོག་གི་མཆོད་པ།  བདུག་སྤོས་དང་བསང་རྩིའི་མཆོད་པ་སོགས་མཆོད་པ་རྒྱ་ཆེན་པོ་བཤམས་ཏེ་ད་རྒྱའི་ས་སྲུང་དུས་སུ་ད་རྒྱའི་གཡུ་མཚོའི་ཀླུ་ལ་མགོན་པོ་འོད་དཔག་མེད་དང་འཕགས་པ་སྤྱན་རས་གཟིགས་རྣམ་གཉིས་ཀྱི་ཞལ་མངོན་པ་ཇི་བཞིན་སྟག་གཟིག་གི་ཆ་བྱད་སྤྲད་པར་མ་ཟད།  སྟག་གཟིག་གི་པགས་པའི་གཡོག་བརྒྱབ་པའི་རྐང་ཤིང་སྟེང་དུ་བུད་དེ་འཁར་རྔ་དང་ལྷ་རྔའི་སྒྲ་དང་མཐུན་པར་རྩེ་བ་ཞིག་ཡིན་ཞེས་ཟེར་སྲོལ་ཡོད་མོད།  འོན་ཀྱང་ད་ལྟ་སྟག་གཟིག་གི་པགས་པ་མི་གྱོན་པར་རྐང་ཤིང་སྟེང་དུ་སྟག་གཟིག་གི་རི་མོ་ཙམ་ལས་མཐོང་རྒྱུ་མེད།  གང་ལྟར་ཀྱང་རྩེད་ཚུལ་འདིའི་ཆ་ཡོངས་ལ་བལྟས་ན་གཙོ་བོ་ཀླུ་ལ་མཆོད་པའི་རྩེད་མོ་ཞིག་ཡིན་པས་ཀླུ་རྩེད་བཏགས་པ་ཞིག་ཡིན་ནམ་སྙམ། 

   (༣)དམག་རྩེད།

   དམག་རྩེད་ནི་རྩེ་མཁན་རྣམས་ཀྱིས་ལག་ཏུ་མདའ་མདུང་གྲི་དང་དམག་དར་སོགས་མཚོན་ཆ་སྣ་ཚོགས་ཐོགས་ཏེ་ཁ་ནས། ཨེ་ཧ།  ཨེ་ཨེ། ཨེ་ཞེས་ཟེར་ཞོར་དུ་གཡས་ལ་འཁོར་ནས་རྩེད།  གཡོན་དུ་འཁོར་ནས་རྩེད།  མདུང་དར་གྲི་སོགས་གནམ་ལ་གཡུགས་ནས་རྩེད།  མི་རྣམས་ཁག་གཉིས་སུ་བགོས་ཏེ་ཕྱི་ལ་བཀྱེད་ནས་རྩེད་བ་དང་ནང་དུ་རུབ་ནས་རྩེད་བའི་དཀྱིལ་ལ་ལོ་ན་རྒས་པའི་རྒད་པོ་ཞིག་གམ་ཡང་ན་ལྷ་བས་འཁར་རྔ་དང་ལྷ་རྔ་སོགས་རྡུང་ཞོར་དུ་སྐྱེས་ལྷ་དང་ཡུལ་ལྷ་སོགས་ཀྱི་མཚན་ནས་བོས་ཏེ་རེ་རེར་ལས་བཅོལ་བྱེད་པའི་ཚུལ་འདིར་བལྟས་ན་ཕལ་ཆེར་ད་རྒྱའི་ས་སྲུང་སྐབས་སུ་དམག་འཁྲུག་གི་བྱ་བ་ཐམས་ཅད་ལྷ་ལ་བཅོལ་བར་བྱས་ཏེ།   ད་ལྟ་འདས་པའི་དུས་ཀྱི་དམག་འཁྲུག་གི་བྱ་བ་དང་ལྷ་སྲུང་མཐུ་བོ་ཆེ་རྣམས་ཀྱི་རྒྱབ་སྐྱོར་གནང་བ་སོགས་འདས་པ་ཕྱིར་དྲན་བྱེད་པ་ཞིག་ཡིན་པར་སྙམ།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།