བོད་ཀྱི་ལོ་གསར་བྱུང་ཚུལ།

རྩོམ་པ་པོ།:xcb ཡོང་ཁུངས།:བོད་ཀྱི་དྲ་བ། དུས་ཚོད།:2008-01-02 10:10:39 ཀློག་གྲངས།:

  གནམ་ལོ་གསར་བཞད་ཀྱི་དགྱེས་སྟོན་ནི་བོད་རྒྱལ་དགུ་པ་པུ་དེ་གུང་རྒྱལསྤྱི་ལོའི་སྔོན་གྱི་ལོ་བརྒྱ་ལྷག་ཙམ་གྱི་གོངགྱི་དུས་རྒན་མོ་བལ་མའི་ཟླ་རྩིས་ཞེས་པ་ཟླ་བའི་དཀར་ཆའི་འཕེལ་གྲིབ་དང་།  རྒྱུ་སྐར་གྱི་འཁོར་བགྲོད་ལ་བརྟེན་ནས་དུས་བཞི་དབྱེ་བ་དང་།  ཟླ་ཚེས་རྩིས་ཏེ་ལོ་འཁོར་མཚམས་ཀྱི་དུས་རྟགས་སུ་དཔྱིད་ཀྱི་དུས་ཆེན་གཏོང་སྲོལ་ཆགས་པ་དང་དེ་ནས་བཟུང་བོད་ཀྱི་ལོ་གསར་ཐོག་མར་གཏོང་འགོ་ཚུགས་པ་རེད།

སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་ནང་ཕྱག་ལས་སྒྲུབ་བཞིན་པའི་ཆེད་རམས་པ་དཔལ་བསྡུས་ཀྱི་གསུངས་པར་ལྟར་ན།  ལོ་གསར་ཞེས་པ་ནི་ལོ་འགོ་ཚུགས་ཟེར་བའི་དོན་ཡིན།  ལོ་འགོ་ཚུགས་ཚུལ་རིགས་གསུམ་ཡོད་པ་དེ་དཔེར་ན།  ཟླ་བཅུ་གཅིག་པའི་ཚེས་གཅིག་ཉིན་དེ་ལོ་འགོ་འཛིན་པར་རྒྱ་རྩིས་རྙིང་མ་ཟེར།  ཟླ་བཅུ་གཉིས་པའི་ཚེས་གཅིག་ཉིན་དེ་ལོ་འགོ་འཛིན་པར་བོད་ལུགས་ལོ་གསར་ཟེར།  ཟླ་བ་དང་པོའི་ཚེས་གཅིག་ཉིན་སྟེ།  ཧོར་ཟླ་དང་པོའི་ཚེས་གཅིག་ཉིན་ལ་རྒྱ་ནག་ཞིང་རྩིས་ཟེར།

  འདིར་བོད་ཟླ་དང་པོ་དེ་ཧོར་ཟླ་དང་པོར་བསྒྱུར་སྟངས་སྐོར་ཅུང་ཟད་བརྗོད་ན།  དུས་རབས་བཅུ་གསུམ་པའི་ནང་ཧོང་གོང་མ་ཇིང་གིར་རྒྱལ་པོས་བོད་ཀྱི་རྒྱལ་ཕྲན་སིལ་བུ་རྣམས་སྦྲགས་བོད་ཁྲི་སྐོར་བཅུ་གསུམ་གྱི་ཆེས་མཐོའི་འགན་དབང་ཡོད་ཚད་ས་སྐྱའི་འགྲོ་མགོན་འཕགས་པར་ཕུལ་ནས་རྒྱ་བོད།  སོག་པོ་བཅས་མི་རིགས་བར་གྱི་ཆབ་སྲིད་དང་དཔལ་འབྱོར།  རིག་གཞུང་།  ཆོས་ལུགས་བཅས་ཀྱི་འབྲེལ་བ་གོང་འཕེལ་གཏོང་སྐབས་རྒྱ་ནག་གི་ཞིང་རྩིས་ཟླ་བ་དང་པོ་དང་།  བོད་ཟླ་དང་པོ་མཐུན་པར་བརྟེན་ཧོར་ཟླ་དང་པོའི་ཚེས་གཅིག་ཉིན་ཁྱབ་ཆེ་ཤོས་ཀྱི་བོད་ཀྱི་ལོ་གསར་གཏོང་སྲོལ་ཆགས་པ་རེད།

  བཤད་སྲོལ་ལྟར་ན་ཧོར་ཟླ་དང་པོའི་ཚེས་གཅིག་ལ་བླ་མ་ལོ་གསར་དང་།  ཚེས་གཉིས་ལ་རྒྱལ་པོ་ལོ་གསར།  ཚེས་གསུམ་ལ་གཟབ་མཆོར་གྲོལ་སྟོན་བཅས་ཟེར་ཞིང་ཆེས་ཁྱབ་ཆེ་བའི་མང་ཚོགས་ཀྱི་ཁྲོད་དུ་ལོ་གསར་སྔ་ནུབ་ཏུ་འབྲེལ་བ་ཆེ་ཤོས་ཀྱི་དུས་ཤིག་སྟེ་ལོ་གསར་གྱི་སྟ་གོན་གཙོ་བོ་གྲོ་སོ་ཕྱེ་མར་དང་།  གྲོ་མ་འབྲས་སིལ།  ཆང་ཕུད།  ཤག་སྨུག་ཐུང་།  སྦོ་ལུགས།  པིན་ཏོག་བཅས་ཁ་ཟས་ཀྱི་སྡེར་ཁ་དང་།  ཤིང་འབྲས་སྣ་ཚོགས་བླུགས་པའི་སྡེར་མ།  ཉི་ཟླའི་གཟུགས་དབྱིབས་ཀྱིས་རྒྱན་པའི་ལུག་མགོ  ཇ་སྦག་དང་།  མར་གྲོད་རིལ།  མར་གྱི་གཡུང་དྲུང་རི་མོས་བརྒྱན་པའི་ཞིབ་ཐུད་གྲི་བཞི།  དེ་མིན་ས་ཁུལ་སོ་སོའི་ཐོན་དངོས་བཟའ་བཅའི་རིགས་འདྲ་མིན་སྣ་ཚོགས་བཟོ་སྲོལ་ཡོད་པ་རེད།  དེ་མིན་ཁང་བའི་གདུང་མ་དང་།  སྒོ་སྒེའུ་ཁུང་ལ་ཤམ་བུ་སྒོ་ཡོལ།  ཁ་གདན་གསར་པ་རྒྱག་པ།  ཐབ་ཚང་གི་རྩིག་ལྡེབས་སུ་དུ་དྲེག་ཡོད་སར་གྲོ་ཞིབ་ཀྱི་དཀར་རྟགས་བརྒྱད་ལ་སོགས་པ་བཀྲ་ཤིས་པའི་རི་མོ་དང་།  ཐབ་ཀྱི་ཐོད་དུ་ཀླུ་མོ་མཚོན་བྱེད་སྡིག་རའི་གཟུགས།  ཕྱི་སྒོའི་མདུན་གཡུང་དྲུང་ངམ་ཡང་ན་བཀྲ་ཤིས་ཀྱི་རི་མོ་སྣ་ཚོགས་ཀྱི་དཀར་ཐིག་འཐེན་པ།  ཐོག་སྟེང་དུ་འཛུགས་རྒྱུའི་དར་ལྕོག་གྲ་སྒྲིག་བྱེད་པ་སོགས་མདོར་ན་རྟེན་འབྲེལ་ཕྱིན་ཅི་མ་ལོག་པ་བྱེད་ཅིང་།  ཚེས་གཅིག་གི་ཞོགས་པ་སྔ་ལངས་ཀྱིས་རྒྱན་གོས་གཟབ་མཆོར་གྱིས་རྒྱན་ཏེ་སྔོན་ལ་ཆུ་ཕུད་ལེན་པ་དང་།  སྐུ་བསང་འབུལ་བ།  ཉིན་དེར་དཀར་སྤྲོ་སོགས་རོ་བཅུད་ལྡན་པའི་ཟས་བཟང་ལ་རོ་ཅི་འདོད་ལྟར་ལོངས་སུ་སྤྱོད་པ་དང་།  ཞིབ་དུལ་འཛུམ་མདངས་ཀྱི་རྣམ་འགྱུར་བཅངས་ཏེ་གྲོང་ཁྱིམ་ཕན་ཚུན་ཕྱེ་མར་རྒྱུགས་པར་འགྲོ་སྲོལ་ཡོད་པ་རེད།  ཉིན་དེར་རང་ཁྱིམ་དུ་སྤྲོ་སྐྱིད་བྱེད་པ་ལས་ཕན་ཚུན་མགྲོན་བསྐྱོད་བྱེད་སྲོལ་མེད་པ་རེད།

                               


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།