༄༅།།སྦྱིན་བདག་དུས་ཆེན།
རྩོམ་པ་པོ།:བསོད་ནམས་ཆོས་དར།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2020-04-10 10:05:53
ཀློག་གྲངས།:
གླེང་གཞི།
སྦྱིན་བདག་དུས་ཆེན་ཞེས་པ་དེ་ནི་རང་རེའི་འཕན་ཡུལ་གྱི་ས་ཆ་མང་པོ་ཞིག་ཏུ་དར་ཁྱབ་ཤིན་ཏུ་ཆེ་བའི་བྱིས་པའི་དུས་ཆེན་ཞིག་ཡིན་ཞིང་། སྤྲོ་སྣང་འཕེལ་བའི་བྱིས་པའི་དུས་ཆེན་དེ་ནི་རང་རེའི་ཁ་བ་གངས་ཅན་གྱི་ལྗོངས་སུ་གནའ་སྔ་མོའི་དུས་ནས་བྱིས་པ་རྣམས་ལ་དམིགས་བསལ་གྱི་དུས་ཆེན་མང་པོ་ཞིག་གཏོང་སྲོལ་ཡོད་པའི་ཁྲོད་ནས་བྱེ་བྲག་ཅིག་ཡིན་ཞིང་། དུས་ཆེན་འདི་ཡང་སྙིང་དུས་རབས་གང་ཞིག་གི་སྐབས་སུ་འཕན་ཡུལ་དུ་དར་མིན་སྐོར་ལ་རང་ཉིད་ནས་དུས་ཆེན་དེའི་བྱེད་སྒོའི་འགོ་མཇུག་བར་གསུམ་དུ་ཉམས་ཞིབ་བྱེད་སྐབས། བྱེད་སྒོ་དེའི་ཁྲོད་དུ་བོད་ཀྱི་གདོད་མའི་ཆོས་ལུགས་ཀྱི་ལུགས་སྲོལ་ལྟ་བུར་གྱུར་བའི་དཔལ་འབར་སྤར་ནས་ཞིང་ཐང་གི་ཕྱོགས་བཞི་ཐམས་ཅད་ལ་རྒྱུག་སྟེ་བཙའ་གསོད། མེ་གསོད། འབུ་གསོད་ཅེས་སྔར་ཚན་རིག་ལག་རྩལ་དར་ཁྱབ་མ་བྱུང་པའི་གདོད་མའི་སྤྱི་ཚོགས་ཀྱི་དུས་སུ་མི་རྣམས་ཀྱིས་རང་བྱུང་ཁམས་ཀྱི་གནོད་འཚེ་འགོག་པའི་བྱེད་ཐབས་དམིགས་བསལ་ཅན་དེ་འདྲ་ཞིག་སྤེལ་གྱི་ཡོད་པ་དེ་དུས་ད་ལྟའང་མི་ཉམས་བརྒྱུད་འཛིན་བྱས་ཡོད་པ་ཕུད། དེ་མིན་བྱེད་སྒོ་དེའི་འགོ་མཇུག་བར་གསུམ་དུ་ནང་ཆོས་སོགས་ཆོས་ལུགས་ཀྱི་ཤན་གང་ཡང་མ་ཞུགས་པར་བྱིས་པའི་རོལ་རྩེད་རྐྱང་པ་ཞིག་ཏུ་གྲུབ་པས། དུས་ཆེན་དེ་ནི་བོད་ཀྱི་བཙན་པོ་སྲོང་བཙན་སྒམ་པོའི་གོང་ནས་འཕན་ཡུལ་དུ་དར་ཁྱབ་ཆེ་བའི་བྱིས་པའི་དུས་ཆེན་ཞིག་ཡིན་པ་གསལ་པོར་མཐོང་ཐུབ་ཀྱང་ཡང་སྙིང་དུས་རབས་གང་ཞིག་ལ་དར་ཁྱབ་བྱུང་མིན་གྱི་སྐོར་ལ་ད་བར་དཔང་པོ་ཐུབ་ངེས་ཀྱི་དཔྱད་གཞིའི་ཡིག་ཆ་སོགས་གང་ཡང་རྙེད་སོན་མ་བྱུང་པས་ཁ་ཚོན་གཅོད་པར་དཀའ་ན་ཡང་བོད་དུ་ནང་ཆོས་མ་དར་གོང་ནས་དུས་ཆེན་དེ་གཏོང་སྲོལ་ཡོད་པ་ནི་བྱེད་སྒོ་དེའི་ནང་དོན་ལས་གསལ་པོར་ཤེས་ཐུབ་ཅིང་། གང་ལྟར་མི་ཐོག་ནས་མི་ཐོག་བར་བརྒྱུད་འཛིན་གྱིས་དུས་ད་ལྟའང་མུ་མཐུད་གཏོང་སྲོལ་ཡོད་པའི་དུས་ཆེན་དམིགས་བསལ་ཅན་ཞིག་ཆགས་ཡོད། དུས་ཆེན་དེའི་མིང་གི་ཐོགས་སྟངས་ལ་ཉམས་ཞིབ་བྱེད་སྐབས་ཐོག་མར་གྲོང་ཚོའི་བྱིས་པ་རྣམས་དགོང་མོ་ས་སྲོད་ཀྱི་མཚམས་སུ་མ་འབོད་གཅིག་ཏུ་འཛོམས་ནས་ཡུལ་དེ་གའི་ཁྱིམ་ཚང་སོ་སོའི་སྦྱིན་བདག་ལ་ཟ་རིགས་སྣ་ཚོགས་སློང་མོ་བྱེད་པ་ནས་འགོ་འཛུགས་ཀྱིས་སྦྱིན་བདག་གིས་གནང་བའི་ཟ་རིགས་དེ་དག་ཐུན་མོང་ཐོག་ཟ་འཐུང་གཡོ་སྦྱོར་གྱིས་གྲོང་ཚོའི་བྱིས་པ་ཡོངས་རྫོགས་ཟ་འཐུང་ལོངས་སྤྱོད་དང་འབྲེལ་གཞས་སྣ་འཁྲབ་སྟོན་སོགས་ཀྱི་བྱེད་སྒོ་སྣ་ཚོགས་སྤེལ་གྱི་ཡོད་པས། དུས་ཆེན་དེའི་མིང་ལ་སྦྱིན་བདག་དུས་ཆེན་ཞེས་བརྗོད་ན་དག་པར་འདུག་ཀྱང་དམངས་ཁྲོད་དུ་རྗེ་བདག་ལས་ཞེས་བརྗོད་ཀྱི་ཡོད་པ་དེ་ནི་ཁ་སྐད་ཀྱི་ཤན་ཞུགས་པ་མིན་ནམ་སྙམ། དུས་ཆེན་དེ་ལོ་ལྟར་བོད་ཟླ་༡༡ཚེས་༡༥དང་། བོད་ཟླ་༡༢ཚེས༡༥ནམ་ཡིན་ལ་གཏོང་གི་ཡོད་ཅིང་། བོད་ཚེས་༡༥བདམས་དགོས་པའི་རྒྱུ་མཚན་ནི་བྱེད་སྒོ་སྤེལ་བའི་དུས་ཚོད་མང་ཆེ་བ་མཚན་མོའི་དུས་སུ་ཡིན་པས་ཚེས་༡༥དགོང་མོའི་ཟླ་བ་དེ་ནི་དཀར་གསལ་འོད་དང་ལྡན་པ་ཞིག་ཡོད་པས། བྱིས་པ་རྣམས་བྱེད་སྒོ་སྤེལ་བའི་བརྒྱུད་རིམ་ནང་བཞུ་མར་སོགས་མི་དགོས་པར་ཟླ་བའི་འོད་ཀྱིས་བྱེད་སྒོ་དེར་མཐུན་རྐྱེན་གང་ལེགས་བསྐྲུན་ཐུབ་རྒྱུའི་ཆེད་དུ་ཡིན།
དངོས་གཞིའི་ནང་དོན།
དེ་ཡང་བྱེད་སྒོ་དེའི་དངོས་གཞིའི་ནང་དོན་ནི། བོད་ཚེས་༡༥དགོང་མོ་བླ་མེད་འོད་འབྱིན་ནུབ་ཀྱི་ས་འཛིན་ལས་བརྒལ་ཏེ་འཛིན་མའི་ཁྱོན་ཀུན་མུན་པ་ནག་པོས་བཅོམ་ལ་ཉེ་བའི་སྐབས་དེར་སླར་ཡང་ཤར་ཕྱོགས་ས་གཞི་འཆང་གི་རྩེ་མོ་ནས་ཉ་གང་ཟླ་བའི་འཛུམ་ཞལ་རབ་ཏུ་ངོམ་སྟེ་འཇིག་རྟེན་སྐྱེ་བོ་ཀུན་གྱི་མ་རིག་མུན་པ་བསེལ་བའི་མགྲོན་དུ་ཆས་པས་ན། གྲོང་ཚོའི་ནང་གི་བྱིས་པ་ཕོ་མོ་རྒན་གཞོན་ཐམས་ཅད་མ་འབོད་གཅིག་ཏུ་འཛོམས་ནས་ལོ་གཅིག་དུས་གཅིག་གི་བྱིས་པའི་དུས་ཆེན་དམིགས་བསལ་ཅན་དེ་ཉིད་གཏོང་བའི་གྲབས་ལ་ཞུགས་ཤིང་། བྱིས་པ་རྒན་གཞོན་ཐམས་ཅད་ཐོག་མར་ཁྱིམ་ཚང་མི་རེ་ངོ་རེའི་སྒོ་འགྲམ་དུ་སོང་ནས་དུས་གཅིག་ཏུ་ཁྱིམ་ཚང་དེའི་ཡབ་ཡུམ་གཙོ་བོར་གྱུར་བའི་ནང་མི་རྒན་གཞོན་རྣམས་ལ་སྙན་པའི་གདངས་དབྱངས་དང་བཅས་བསྟོད་པའི་སྙན་ཚིག་འབུལ་དགོས་ཤིང་། སྙན་ཚིག་གི་ནང་དོན་ནི་འདི་ལྟར་ཏེ། ཡབ་ཆེན་བསྟན་དར་གྱི་དཔུང་པ་གཡས་པའི་སྟེང་ལ་གསེར་གྱི་མེ་ཏོག་བཞེངས་བཞེངས། ཡུམ་ཆེན་པད་མ་དབྱངས་འཛོམས་ཀྱི་དཔུང་པ་གཡོན་མའི་སྟེང་ལ་དངུལ་གྱི་མེ་ཏོག་བཞེངས་བཞེངས། རྟ་ར་རྟ་ཡིས་གང་བ་ཤོག མཛོ་ར་མཛོ་ཡིས་གང་བ་ཤོག ལུག་ར་ལུག་གིས་གང་བ་ཤོག འབྲུ་མཛོད་འབྲུ་ཡིས་གང་བ་ཤོག མི་ར་མི་ཡིས་གང་བ་ཤོག ཐུགས་ཀྱིས་བཅད་པ་སྟེར་དང་ཞུས་པས་སྦྱིན་བདག་ལགས། ར་ཤའི་སྟོད་ཁོག་ལུག་ཤའི་སྨད་ཁོག་སྟེར་དང་ཞུས་པས་སྦྱིན་བདག་ལགས། སྒོང་སྒོང་གི་མཇིང་པ་སྨད་སྨད་ཀྱི་མཚང་ར་སྟེར་དང་ཞུས་པས་སྦྱིན་བདག་ལགས། ཇ་རྡོག་མར་རྡོག་ཚིལ་རྡོག་སྟེར་དང་ཞུས་པས་སྦྱིན་བདག་ལགས། ཕྱག་ཤོག་ཆེ་བ་ཞིག་དང་ཕྱག་ཁ་ཡང་པ་ཞིག་གིས་སྟེར་དང་ཞུས་པས་སྦྱིན་བདག་ལགས། མགྱོགས་པོ་མགྱོགས་པོ་སྟེར་དང་ཞུས་པས་སྦྱིན་བདག་ལགས། ཞེས་གྲོང་ཚོ་དེ་གའི་ཁྱིམ་ཚང་ཚང་མའི་སྒོ་འགྲམ་དུ་ཕྱིན་ནས་བསྟོད་པའི་དབྱངས་སྙན་འབུལ་བཞིན་སློང་མོ་ཡོངས་སུ་ཟིན་པའི་རྗེས་བྱིས་པ་རྒན་པ་རྣམས་ཀྱིས་སེམས་རྩ་འཁོལ་པའི་གྲོང་མི་འགའ་ཞིག་གི་རོགས་རམ་འོག་མེ་གཏོང་ཆུ་ལེན་སོགས་ཐུག་པ་བསྐོལ་རྒྱུའི་གྲ་སྒྲིག་བྱེད་པ་དང་། བྱིས་པ་ཆུང་བ་རྣམས་ཀྱིས་ཁྱིམ་ཚང་སོ་སོའི་ཚེར་ར་ནས་ཚེར་ཁྲལ་ཞེས་ཚེར་མ་བསྡུ་ལེན་གྱིས་ཐབ་སྒོའི་འགྲམ་དུ་གྲབས་གསོག་ཞུ་ཡི་ཡོད། དེ་ནས་མེ་གཏོང་ཆུ་ལེན་སོགས་ཀྱི་གྲ་སྒྲིག་རྣམས་ཚར་བའི་རྗེས་གྲོང་མི་རྒན་པ་འགའ་ཞིག་ཕེབས་ཀྱི་ཡོད་པ་དེ་དག་གིས་བཀོད་སྒྲིག་འོག་མ་བྱན་བྱེད་མཁན་བྱིས་པ་རྒན་པ་རེ་གཉིས་ཕུད་བྱིས་པ་གཞན་རྣམས་རང་རང་གི་བློ་མོས་ལྟར་གཉའ་མཚན་ཤེར་བ་དང་། འབྲིའི་ཞུ་གུ་རྩེ་བ། ཐེ་བེད་རྒྱག་པ་སོགས་རྩེད་མོའི་བྱེད་སྒོ་སྣ་ཚོགས་སྤེལ་ཏེ་ཉ་མོ་ཆུ་ནང་དུ་རོལ་བ་དང་། ཤྭ་བ་སྤང་སྟེང་དུ་རྒྱུག་པ་ལྟ་བུའི་དགའ་སྤྲོའི་དཔལ་ལ་རོལ་བཞིན་མཆིས། དེ་ནས་མཚན་མོའི་ཆུ་ཚོད་བཅུ་གཅིག་པ་ཡོལ་ཙམ་གྱི་དུས་བཞེས་ཐུག་ལེགས་པར་བསྐོལ་ཟིན་པས་བྱིས་པ་ཚང་མ་ཐབ་ཀྱི་འགྲམ་དུ་སྒོར་སྒོར་དུ་བསྡད་ནས་ནང་མི་རྒན་པ་རེ་གཉིས་དང་། བྱིས་པ་མ་བྱན་རྣམས་ཀྱིས་ཐུག་པ་བླུགས་ཏེ་བློ་དང་གྲོད་པ་མ་ཁེངས་བར་ཚིམས་པར་ཞུས་རྗེས་ཕ་མར་གཅེས་པའི་བྱིས་པ་འགའ་རེས་རང་གི་ཕོར་བའི་ནང་ཐུག་པ་གང་ཞུས་ནས་རང་ཁྱིམ་དུ་གཉིད་དུ་ཡུར་བའི་ཕ་མ་གཉིས་ལ་སྐྱེལ་མཁན་ཡང་མི་ཉུང་བ་ཞིག་ཡོད་ལ། ད་དུང་སློང་མོ་ལས་སྟེར་བའི་རྩམ་པ་ནས་ལྷག་མ་གང་ཙམ་ཞིག་ཡོང་གི་ཡོད་པ་དེ་དག་བྱིས་པ་ཚང་མའི་ཕོར་བའི་ནང་བགོ་ཤ་བརྒྱབ་དགོས་ཤིང་། བྱིས་པ་ཚོས་ཀྱང་རྩམ་པ་ལྷག་མ་དེ་རྩམ་པ་གཞན་དང་མི་འདྲ་བའི་རྩ་ཆེན་ཞིག་ཏུ་བརྩིས་ནས་རང་ཁྱིམ་དུ་འཁྱེར་གྱི་ཡོད། དེ་གང་ཡིན་ཞེ་ན་རྩམ་པ་ལྷག་མ་དེའི་ནང་གྲོང་ཚོ་དེ་གའི་ཁྱིམ་ཚང་ཚང་མའི་རྩམ་པ་འདུས་ཡོད་པས་ནང་མི་རྒན་གཞོན་སུ་འདྲ་ཞིག་སོ་ན་བའི་སྐབས་རྩམ་པ་དེ་ནས་འགམ་ན་སོ་སྨན་བཏང་བ་ལྟ་བུའི་ཕན་པ་ཡོད་པ་གྲོང་མི་ཚང་མས་གཅིག་གྱུར་ཐོག་ངོས་འཛིན་ཞུ་ཡི་ཡོད། དེ་ལྟར་བྱིས་པ་རྣམས་ཀྱིས་བཞེས་ཐུག་བློ་ཡིད་ཚིམས་པར་ཞུས་ཟིན་རྗེས་ཁྱིམ་ཚང་སོ་སོའི་ཟན་ཁང་ནས་ཟན་རྩྭ་བླངས་ཏེ་དཔལ་འབར་ཆེན་པོ་རེ་བཟོས་ཐོག་དེར་གཅིག་གྱུར་གྱིས་མེ་སྤར་ཏེ་བཙའ་གསོད། མེ་གསོད། འབུ་གསོད་ཅེས་སྐད་གསང་མཐོན་པོས་འབོད་སྒྲ་སྒྲོག་བཞིན་དུ་ཞིང་ཐང་གི་ཕྱོགས་བཞི་མཚམས་བརྒྱད་ལ་རྒྱུག་སྟེ། ལོ་ལེགས་འབྲས་བཟང་གི་འདུན་པས་ཁེངས་པའི་ལོ་གསར་པ་དེའི་ནང་ཞིང་འབྲོག་ཐོན་སྐྱེད་ལ་བཙའ་སྐྱོན་དང་། ཐན་སྐྱོན། འབུ་སྐྱོན་སོགས་ཀྱི་གནོད་འཚེ་མི་ཡོང་བའི་སྔོན་འགོག་དང་སྨོན་འདུན་བཟང་པོ་རྣམས་མཚོན་པར་བྱེད་ཀྱི་ཡོད། དེ་ནས་དཔལ་འབར་སྤོར་བའི་བྱེད་སྒོ་རྣམས་ལེགས་པར་གྲུབ་རྗེས་མེ་ཤིང་ལྷག་མ་རྣམས་དཀྱིལ་དུ་སྤུངས་ནས་དེའི་མཐའ་འཁོར་དུ་བྱིས་པ་ཐམས་ཅད་ལག་གདང་སྦྲེལ་ཏེ་མཚན་མོའི་ཆུ་ཚོད་གཉིས་པ་གསུམ་པ་བར་སྒོར་གཞས་བསྐོང་ནས་བཞུགས་ཀྱི་ཡོད་པ་དང་། སྐབས་དེར་ལོ་ལྟར་འཆར་ཅན་དུ་གཏོང་བའི་སྒོར་གཞས་དང་འཁྲུག་གླུ་འགའ་ཞིག་འདིར་དཔེ་མཚོན་གྱི་ཚུལ་དུ་དྲངས་ན། དང་པོ་སྒོར་གཞས་ནི་འདི་ལྟར་ཏེ། གུར་གཅིག་དཀར་པོ་བརྒྱབ་ས། །རྒྱ་གར་ཤར་གྱི་རྨ་བྱ། །དཀར་རའི་གུར་གཅིག་བརྒྱབ་ས། །ཡུལ་དེ་པད་མ་གླིང་ལ་ལོག་ནས་འགྲོ། །སྒང་སྒང་སྒང་ལ་མ་རྒྱག །རྒྱ་གར་ཤར་གྱི་རྨ་བྱ། །སྒང་སྒང་རླུང་པོས་འཁྱེར་ས། །ཡུལ་དེ་པད་མ་གླིང་ལ་ལོག་ནས་འགྲོ། །གཤོང་གཤོང་གཤོང་ལ་མ་རྒྱག།རྒྱ་གར་ཤར་གྱི་རྨ་བྱ། །གཤོང་གཤོང་ཆུ་མོ་འཁྱིལ་ས། །ཡུལ་དེ་པད་མ་གླིང་ལ་ལོག་ནས་འགྲོ། །སྒང་གཤོང་མཉམ་པ་ཞིག་ལ། །རྒྱ་གར་ཤར་གྱི་རྨ་བྱ། །དཀར་རའི་གུར་ཅིག་བརྒྱབ་ཡོད ། །ཡུལ་དེ་པད་མ་གླིང་ལ་ལོག་ནས་འགྲོ། །ཞེས་དང་། ཡང་། སྨྱུག་མ་སྨྱུག་ཤེད་ཡག་པ། །ཙ་རིའི་རོང་གི་སྨྱུག་མ། །སྨྱུག་མའི་རྩེ་མོ་དེ་ཡིས། །ཕྱག་སྨྱུག་ཉན་པ་ཡོད་དོ། །ཕྱག་སྨྱུག་ཉན་སོང་ཟེར་ན། །ཙན་དན་བླ་མར་ཕུལ་ཆོག །ཕྱག་སྨྱུག་མ་ཉན་ཟེར་ན། །པ་སངས་ཤིང་ལ་ལོག་འགྲོ།སྨྱུག་མའི་སྐེད་པ་དེ་ཡིས། །ཕྱག་མདའ་ཉན་པ་ཡོད་དོ། །ཕྱག་མདའ་ཉན་སོང་ཟེར་ན། །མགོ་འདྲེན་དཔོན་པོར་ཕུལ་ཆོག །ཕྱག་མདའ་མ་ཉན་ཟེར་ན། །པ་སངས་ཤིང་ལ་ལོག་འགྲོ།སྨྱུག་མའི་རྩ་བ་དེ་ཡིས། །ཆང་རྒྱུག་ཉན་པ་ཡོད་དོ། །ཆང་རྒྱུག་ཉན་སོང་ཟེར་ན། །ཨ་མ་ཆང་མར་ཕུལ་ཆོག །ཆང་རྒྱུག་མ་ཉན་ཟེར་ན། །པ་སངས་ཤིང་ལ་ལོག་འགྲོ །ཞེས་དང་། ཡང་། ཁྱེད་རྣམ་པ་གངས་སྟོད་མཐོན་པོ། །ངེད་རྣམ་པ་སེང་གེ་དཀར་མོ། །མཇལ་བསམ་པ་ཡིད་ལ་མ་བྱུང་། །ཁྲ་རོག་སེ་དོ་དགོང་མཇལ་བྱུང་། །ཁྱེད་རྣམ་པ་བྲག་སྟོད་མཐོན་པོ། །ངེད་རྣམ་པ་ཐང་དཀར་རྒོད་པོ། །མཇལ་བསམ་པ་ཡིད་ལ་མ་བྱུང་། །ཁྲ་རོག་སེ་དོ་དགོང་མཇལ་བྱུང་། །ཁྱེད་རྣམ་པ་སྤང་སྟོད་མཐོན་པོ། །ངེད་རྣམ་པ་ཤྭ་བ་སྨུག་ཆུང་། །མཇལ་བསམ་པ་ཡིད་ལ་མ་བྱུང་། །ཁྲ་རོག་སེ་དོ་དགོང་མཇལ་བྱུང་། །ཁྱེད་རྣམ་པ་ལྕང་གླིང་གྲུ་བཞི། །ངེད་རྣམ་པ་བྱིའུ་ཆུང་འཇོལ་མོ། །མཇལ་བསམ་པ་ཡིད་ལ་མ་བྱུང་། །ཁྲ་རོག་སེ་དོ་དགོང་མཇལ་བྱུང་། །ཁྱེད་རྣམ་པ་མཚོ་སྟོད་མཐོན་པོ། །ངེད་རྣམ་པ་སེར་བྱ་ངང་པ། །མཇལ་བསམ་པ་ཡིད་ལ་མ་བྱུང་། །ཁྲ་རོག་སེ་དོ་དགོང་མཇལ་བྱུང་། །ཁྱེད་རྣམ་པ་མཚོ་སྨད་གྲུ་བཞི། །ངེད་རྣམ་པ་ཉ་ཆུང་གསེར་མིག །མཇལ་བསམ་པ་ཡིད་ལ་མ་བྱུང་། །ཁྲ་རོག་སེ་དོ་དགོང་མཇལ་བྱུང་། །ཞེས་དང་།གཉིས་པ་འཁྲུག་གླུ་ནི། ཨོ་ལོའི་གསེར་གྱི་རི་ལ། །གསེར་བྱ་བབས། །གསེར་བྱ་བབས་པ་མ་ཤེས། །ཐད་པ་ལགས་ཤེས། །གསེར་བྱ་ང་ཡང་མ་སྡོད། །ལོག་ནས་འགྲོ། །སྐྱིད་པོའི་རྭ་སྒྲེང་གཞུང་ལ་ལོག་ནས་འགྲོ །རྭ་སྒྲེང་དག་པའི་གཞུང་ལ་ལོག་ནས་འགྲོ།ཨོ་ལོའི་དངུལ་གྱི་རི་ལ། །དངུལ་བྱ་བབས། །དངུལ་བྱ་བབས་པ་མ་ཤེས། །ཐད་པ་ལགས་ཤེས། ། དངུལ་བྱ་ང་ཡང་མ་སྡོད། །ལོག་ནས་འགྲོ། །སྐྱིད་པོའི་རྭ་སྒྲེང་གཞུང་ལ་ལོག་ནས་འགྲོ། །རྭ་སྒྲེང་དག་པའི་གཞུང་ལ་ལོག་ནས་འགྲོ། །ཨོ་ལོའི་དུང་གི་རི་ལ། །དུང་བྱ་བབས། །དུང་བྱ་བབས་པ་མ་ཤེས། །ཐད་པ་ལགས་ཤེས། །དུང་བྱ་ང་ཡང་མ་སྡོད། །ལོག་ནས་འགྲོ། །སྐྱིད་པོའི་རྭ་སྒྲེང་གཞུང་ལ་ལོག་ནས་འགྲོ། །རྭ་སྒྲེང་དག་པའི་གཞུང་ལ་ལོག་ནས་འགྲོ། །ཞེས་དང་། ཡང་། ལཱ་འ་སོའོ། །ཕུ་ཡ་ལ་མ་ཆགས། །ཕུ་ཡ་ལ་ཆགས། །ལཱ་འ་སོའོ། །ཕུ་ཡ་ལ་དགོན་ཆུང་ཕྲ་མོ་ཆགས། །ལཱ་འ་སོའོ། །དགོན་ཆུང་དང་དགོན་ཆུང་འདྲ་ས་མེད། །ལཱ་འ་སོའོ། །སྔར་སྲིད་པ་ཆགས་པའི་དགོན་ཆུང་རེད། །ལཱ་འ་སོའོ། །བར་ཡ་ལ་མ་ཆགས། །བར་ཡ་ལ་ཆགས། །ལཱ་འ་སོའོ། །བར་ཡ་ལ་རྫོང་ཆེན་ཕྲ་མོ་ཆགས། །ལཱ་འ་སོའོ། །རྫོང་ཆེན་དང་རྫོང་ཆེན་འདྲ་ས་མེད། །ལཱ་འ་སོའོ། །སྔར་སྲིད་པ་ཆགས་པའི་རྫོང་ཆེན་རེད། །ལཱ་འ་སོའོ། །མདའ་མ་ལ་མ་ཆགས། །མདའ་མ་ལ་ཆགས། །ལཱ་འ་སོའོ། ། མདའ་མ་ལ་སྐྱིད་ཆུ་སྔོན་མོ་ཆགས། །ལཱ་འ་སོའོ། །སྐྱིད་ཆུ་དང་སྐྱིད་ཆུ་འདྲ་ས་མེད། །ལཱ་འ་སོའོ། །ལོ་ཡག་རྩ་བ་ཚུགས་པའི་སྐྱིད་ཆུ་རེད། །ཅེས་པ་སོགས་སྒོར་གཞས་དང་། འཁྲུག་གླུ་རྣམས་བློ་ཡིད་ཚིམས་པ་ཞིག་བརྒྱབ་ཟིན་རྗེས་མཚན་མོའི་ཆུ་ཚོད་གསུམ་པའི་གཡས་གཡོན་དུ་བྱེད་སྒོ་རྣམས་རེ་ཞིག་མཇུག་སྒྲིལ་ཏེ་བྱིས་པ་རྒན་གཞོན་ཐམས་ཅད་ཡིད་ལ་སྤྲོ་བ་རབ་ཏུ་འཕེལ་བཞིན་དུ་རང་རང་གི་ཁྱིམ་དུ་ལོག་ནས་བདེ་མོའི་མལ་དུ་ཞུགས་ཏེ་འཁྲུག་ཆ་དོད་པའི་རྨི་ལམ་གྱི་ཞིང་ཁམས་སུ་དྲངས་སོ།།
མཇུག་བསྡུའི་གཏམ།
དེ་ལྟར་ལོ་རྒྱུས་ཡུན་རིང་ལྡན་ཞིང་སྤྲོ་སྣང་ཤིན་ཏུ་ཆེ་བའི་བྱིས་པའི་དུས་ཆེན་འདིས། བྱིས་པ་རྣམས་ལ་ཆུང་དུས་ནས་ཐུན་མོང་གི་འཚོ་བར་དགའ་ཞེན་དང་། མཉམ་སྡེབ་ཀྱི་བྱ་གཞག་ལ་དགའ་ཞེན། སྤྲོ་སྣང་ལྡན་ལ་ལུས་སེམས་གཉིས་ཀར་ཕན་པ་ཆེ་བའི་རིག་རྩལ་གྱི་བྱེད་སྒོར་དགའ་ཞེན་བཅས་བྱེད་པའི་བསམ་པ་གསོ་སྐྱོང་གིས་སླད་ཁོང་ཚོ་སྤྱི་ཚོགས་ཀྱི་འཚོ་བའི་ཁྲོད་དུ་བསྐྱོད་སྐབས་སྤྱང་གྲུང་ལྡན་ལ་བློ་རིག་བཀྲ་བ་དང་། ཐུན་མོང་གི་འཚོ་བར་དགའ་ཞེན་ཆེ་བའི་མི་སྣ་ཡ་རབས་ཅན་ཞིག་ཆགས་པ་བྱ་རྒྱུར་རྨང་གཞི་བཟང་པོ་ཞིག་འདིང་གི་ཡོད་པས་འདི་ལྟ་བུའི་བྱིས་པའི་ལུས་སེམས་གཉིས་ཀར་ཕན་པ་ཆེ་བའི་དམངས་སྲོལ་རིག་གནས་ཀྱི་བྱེད་སྒོ་ཞིག་མི་ཉམས་བརྒྱུད་འཛིན་བྱ་རྒྱུ་དེ་ནི་ཤིན་ཏུ་གལ་ཆེ་ཞིང་། གལ་ཏེ་འདི་ལྟ་བུའི་བྱིས་པའི་ལུས་སེམས་གཉིས་ཀར་ཕན་པ་ཆེ་བའི་དམངས་སྲོལ་རིག་གནས་དག་ཉམས་པ་སླར་གསོ་དང་། མི་ཉམས་བརྒྱུད་འཛིན་བྱེད་མ་ཐུབ་ན་ད་ལྟའི་ལོ་ཆུང་གཞོན་ནུ་མང་པོ་ཞིག་ཤོ་སྦག་མཱ་ཅང་དང་། ཏག་སེ་སོགས་རྒྱན་རྩེད་ཀྱི་རིགས་ལ་དབྱིངས་ཞུགས་ཏེ་ཧམ་སེམས་ཀྱི་འདོད་པ་ཆེས་ཆེར་རྒྱས་ནས་དངུལ་གྱི་ཆེད་དུ་སྤྱི་ཚོགས་དང་། ཁྱིམ་ཚང་ནང་ཆག་སྒོ་སྣ་ཚོགས་བཟོས་ཏེ་བཟའ་མི་བུ་ཕྲུག་སྡུག་ལ་སྦྱོར་ཞིང་དྲིན་ཆེན་ཕ་མར་སྙིང་ནད་བཟོ་བ། ལས་སློབ་གང་སར་བཟང་སྐྱེད་མེད་པས་རང་ཉིད་ཀྱི་མདུན་ལམ་བརླག་པ་སོགས་སྤྱི་སྒེར་གཉིས་ཀར་གནོད་པའི་སྤྱོད་ངན་སྣ་ཚོགས་ཤིག་ཐོན་དང་འཐོན་བཞིན་པ་འདིས་བོད་མི་རིགས་ལ་སྔར་ནས་ཡོད་པའི་ཡ་རབས་གུས་ཞབས་དང་། གཞན་ཕན་ལྷག་བསམ། འདོད་ཆུང་ཆོག་ཤེས་བཅས་ཀྱི་ཀུན་སྤྱོད་བཟང་པོ་དག་ཉམས་ཞན་དུ་སོང་ནས་ཞི་མཐུན་གྱི་སྤྱི་ཚོགས་དང་། ཞི་མཐུན་གྱི་ཁྱིམ་ཚང་ཞིག་ཆགས་པ་བྱ་རྒྱུར་འགལ་རྐྱེན་ཆེན་པོ་ཞིག་བཟོ་བཞིན་པ་དང་། ད་དུང་ལོ་ཆུང་གཞོན་ནུ་ཁག་ཅིག་ལ་དུས་རབས་ཉེར་གཅིག་པའི་ཚན་རིག་ཐོན་རྫས་ཀྱི་དམིགས་བསལ་ན་ཚ་ཞིག་སྟེ་བརྙན་འཕྲིན་དང་ལག་ཐོགས་ཁ་པར་གྱི་ནད་ཡམས་ཕོག་སྟེ་དུས་ཚོད་ཡོད་ཚད་བརྙན་འཕྲིན་བལྟ་བ་དང་ཡང་ན་ལག་ཐོགས་ཁ་པར་ཐོག་མགོ་འཁོར་ནས་ཕ་མ་སྤུན་མཆེད་རྣམས་ལ་ཁ་ཡ་བྱེད་འདོད་མེད་ཅིང་། ཁྲེལ་དང་ངོ་ཚ་མི་ཤེས་པ། རང་དགོས་ཀྱི་ཤེས་བྱར་མི་བརྩོན་ཞིང་། ལས་ཀ་དག་འཐུས་ཤོར་དུ་གཏོང་བ་སོགས་རང་ངོ་རང་གིས་མ་ཤེས་པའི་མི་སྣ་ཞིག་ཏུ་གྱུར་ཏེ་མེས་པོའི་རིག་གནས་ལུས་སེམས་གཉིས་ཀར་ཕན་པ་ཆེ་ཞིང་། སྤྲོ་སྣང་དང་བཞད་གད་ཀྱི་ཁེངས་པའི་སྤྱི་དམངས་ཀྱི་དུས་ཆེན་དང་བྱེད་སྒོ་དེ་དག་ནང་ཞུགས་འདོད་མེད་པར་གྱུར་ནས་དམངས་སྲོལ་རིག་གནས་དེ་དག་རིམ་པས་མིང་གི་ལྷག་མ་ཙམ་དུ་འགྱུར་རྒྱུའི་ཉེན་ཁ་ཤིན་ཏུ་ཆེའོ། །
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།