༄༅༎འདམ་སྤྱི་རིམ་རྟ་རྒྱུག་དུས་ཆེན།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2020-05-11 10:18:12 ཀློག་གྲངས།:
བོད་ལྗོངས་ནི་ས་རྒྱ་ཆེ་ཞིང་སའི་ཆགས་དབྱིབས་མཛེས་ལ་ལྟ་ན་སྡུག་པ་མ་ཟད། གནམ་གཤིས་དྲོད་གྲང་སྙོམས་ཤིང་འགྱུར་ལྡོག་ཆེ་བ་ཞིག་ཡིན། ཡིན་ཡང་ས་ཆ་སོ་སོའི་རྟ་རྒྱུག་དུས་ཆེན་ལ་མང་ཚོགས་རྣམས་ཀྱིས་མཐོང་ཆེན་དང་དགའ་སྣང་ཆེན་པོ་བྱེད་ངེས། 
བོད་ལྗོངས་ས་ཁུལ་ཆེ་ཆུང་གང་རུང་དུ་རྟ་རྒྱུག་འགྲན་ཚོགས་མང་པོ་བསྡུ་ཞིང་། དཔེར་ན་ལོ་རེར་འདམ་གཞུང་རྫོང་དུ“འདམ་སྤྱི་རིམ”རྟ་རྒྱུག་དུས་ཆེན་དང་། ནག་ཆུ་ཁུལ་དུ“རྟ་མཆོག”རྟ་རྒྱུག་དུས་ཆེན་ཡོད་ལ། གཞན་གཞས་རྩེ་ས་ཁུལ་རྒྱང་རྩེ“རྟ་དམར”རྟ་རྒྱུག་དུས་ཆེན། དིང་རི་རྟ་རྒྱུག་དུས་ཆེན་སོགས་ཡོད་པ་རེད། བོད་མི་རིགས་འདི་བྱ་བ་གང་ལ་འཕྲད་ཀྱང་རྟ་དང་ཁ་བྲལ་ཐབས་མེད། སྔོན་གྱི་དུས་སུ་མཐའ་འདུལ་ཡང་འདུལ་བྱེད་པར་རྟ་དང་ཁ་བྲལ་ཐབས་མེད་པས་ན། གདོད་མའི་དུས་ནས་བོད་རིགས་མང་ཚོགས་ཀྱིས་རྟ་ལ་ལྷད་མེད་ཀྱི་བརྩེ་བ་བཟུང་ཡོད་ལ་འགྱུར་མེད་ཀྱིས་དད་མོས་ཀྱང་བྱེད་བཞིན་ཡོད། གནའ་བོའི་དུས་ནས་བཟུང་ང་ཚོའི་མེས་པོ་རྣམས་ཀྱིས་རྟ་ལ་དད་མོས་བྱེད་ཅིང་། རྟའི་ཡོད་ཚད་ལྷ་རུ་ངོས་འཛིན་བྱས་ཏེ་རྟ་ཡིས་ཚོ་ཁག་གི་ལས་དབང་ལ་དབང་སྒྱུར་དང་ཚོ་ཁག་ལ་མགོ་འཛིན་བྱེད་ཐུབ་པར་སྙམ་ཡོད། དེས་ན་རྟ་ཡིས་བོད་ཀྱི་སྤྱི་ཚོགས་དང་ཐོན་སྐྱེད་གོང་འཕེལ་ཐད་གོ་གནས་གལ་ཆེན་ཟིན་ཡོད་པ་རེད། དེ་བས་རྟ་ལ་འདི་འདྲའི་བརྩེ་མདངས་ཆགས་ཤིང་དད་པའི་དབང་གིས་རྟ་རྒྱུག་འགྲན་ཚོགས་བསྡུ་བའི་སྲོལ་དེ་རིམ་བཞིན་ག་ས་གང་དུ་དར་སོང་བར་སྙམ། 
ལྷ་སའི་རྟ་རྒྱུག་འགྲན་ཚོགས་ནི་ཞོ་སྟོན་དུས་ཆེན་གྱི་གལ་ཆེའི་གྲུབ་ཆ་ཞིག་ཡིན། དུས་ཆེན་གྱི་སྐབས་སུ།ལྷ་ས་དང་ཕྱོགས་གཞན་དག་ནས་རྟ་རྒྱུག་ལ་ཞུགས་མཁན་ཚང་མས་ཁ་མདོག་སྣ་ལྔའི་ཟ་འོག་གི་གོས་གྱོན་ཞིང་། ཁ་བཏགས་དང་དྲིལ་ཆུང་སོགས་བཏགས་ཤིང་བརྒྱན་པའི་རྟ་མཆོག་ལ་ཞོན་ནས་ལྷ་ས་གྲོང་ཁྱེར་བྱང་ཁུལ་གྱི་རྟ་རྒྱུག་ར་བར་འཛོམས་དུས་རྟ་རྒྱུག་་སྒྱུ་རྩལ་གྱི་ཁྱད་ཆོས་མངོན་པར་མཚོན་ཡོད། ལྷག་པར་དུ་རྟ་ཐོག་ནས་ཁ་བཏགས་འཐུ་བ་དང་། ཞབས་བྲོ་འཁྲབ་པ། མེ་མདའ་འཕེན་པ་བཅས་མི་རིགས་གཞན་ལས་ཁྱད་དུ་འཕགས་པའི་ལུས་རྩལ་གྱི་རྣམ་གྲངས་མོད་པོ་ཡོད་པས། རྒྱུག་རའི་ནང་དུ་དགའ་བསུའི་ཐལ་མོ་དང་དགའ་བའི་དགོད་སྒྲའི་གནམ་ས་འགད་ལ་ཁད་བྱེད་པ་ཡིན། 
འདམ་གཞུང་གི་འདམ་སྤྱི་རིམ་རྟ་རྒྱུག་འགྲན་ཚོགས་ནི་སོག་པོ་ནས་དར་ཡོང་བ་དང་། འགྲན་ཚོགས་དུས་ནི་བོད་ཟླ་བདུན་པའི་ཚེས་བཅུ་ནས་ཚེས་བཅུ་གཉིས་བར་ཡིན། དུས་ཡུན་ཉིན་གསུམ་རིང་ཡིན་ལ། ཟླ་གཅིག་ལ་རྒྱུན་བསྲིངས་ཀྱང་ཆོག རྟ་རྒྱུག་འགྲན་ཚོགས་འདི་ལ་བླ་མས་སྒྲུབ་མཆོད་བྱེད་པས་གྲོ་རིམ་ཚོགས་འདུའང་ཟེར། དེའི་མཚོན་དོན་ནི་ལོ་གཅིག་གི་ལོ་ལེགས་བྱུང་བར་རྟེན་འབྲེལ་ཞུ་བ་དང་། རྟ་རྒྱུག་གོ་སྐབས་འདི་སྤྱད་དེ་ཞིང་འབྲོག་ཕན་ཚུན་ཚོང་ཟོག་བརྗེ་རེས་བྱེད་པ་དང་རིག་གནས་རོལ་རྩེད་ཀྱི་བྱེད་སྒོའང་སྤེལ་སྲིད་པ་ཡིན་པས་ཆོས་ལུགས་དང་ཆབ་སྲིད་ཀྱི་ཤན་ཤུགས་ཐེབས་ཡོད། དེང་དུས་སུ་འདམ་གཞུང་རྫོང་གི“འདམ་སྤྱི་རིམ”རྟ་རྒྱུག་དུས་ཆེན་དེ་རྫོང་ཐོག་ཏུ་འཚོགས་བཞིན་ཡོད་པ་དང་། ཚོགས་རའི་གཞི་རྒྱ་ཆེ་ཞིང་ཕུན་སུམ་ཚོགས་པ་ཞིག་ཡིན། གཞན་འདམ་གཞུང་རྫོང་གི་ཤང་དྲུག་དང་གྲོང་བརྡལ་གཉིས་ནའང་ཁྱབ་རྒྱ་མི་འདྲ་བའི་རྟ་རྒྱུག་དུས་ཆེན་ཡོད་པ་རེད། 
བོད་ཀྱི་རྟ་རྒྱུག་ལོ་རྒྱུས་ནི་ཧ་ཅང་རིང་ཞིང་། རོལ་རྩེད་རིག་གནས་ཕུན་སུམ་ཚོགས་པ་ཞིག་ཡིན།གནའ་ནས་ད་ལྟའི་བར་དུ་བོད་སྲོལ་རྒྱུན་དུས་ཆེན་ཁག་ཏུ་མེད་དུ་མི་རུང་བ་ཞིག་ཏུ་གྱུར་ཡོད་པ་མ་ཟད། འཚོགས་ས་འདུ་ས་གང་ཞིག་ཡིན་ཡང་རྟ་མཆོག་ལ་ཞོན་ནས་འགྲོ་བས་རྟ་རྒྱུག་དུས་ཆེན་འདི་ལ་རྒྱ་ཆེའི་བོད་རིགས་མང་ཚོགས་ཀྱིས་དེ་བས་དགའ་བསུ་ཆེན་པོ་བྱེད། འབྲོག་ཁུལ་དག་ཏུ་རྟ་ནི་འགྲིམ་འགྲུལ་གྱི་ལག་ཆ་གཙོ་བོ་ཞིག་ཡིན་ཞིང་། སྔ་མོའི་དུས་ནས་ཐོན་སྐྱེད་ངལ་རྩོལ་དང་དམག་འཐབ་སོགས་ཀྱི་སྐབས་སུ་གོ་གནས་གལ་ཆེན་བཟུང་ཡོད། དེ་བས་སྐྱ་རྩལ་ལ་བྱང་དུ་འཇུག་རྒྱུ་ནི་དོན་གལ་ཆེན་ཞིག་ཏུ་བརྩི་བ་རེད། འདི་འདྲའི་ལོ་རྒྱུས་རྒྱབ་ལྗོངས་འོག་རྟ་རྒྱུག་འགྲན་ཚོགས་ཀྱི་བྱེད་སྒོ་བྱུང་བ་དང་། བོད་རིགས་མི་དམངས་ཀྱིས་དུས་རྒྱུན་དུ་སྐྱ་རྩལ་སྦྱངས་ཏེ་དཔའ་བོ་སྐྱེད་སྲིང་བྱེད་པ་ཡིན། དཔེར་ན་བོད་ཀྱི་བཤད་རྒྱུན་དུ། གླིང་རྗེ་གེ་སར་རྒྱལ་པོ་ནི་ཆུང་དུས་དབུལ་བོའི་ཁྱིམ་ཚང་ཞིག་ནས་སྐུ་འཁྲུངས་པ་དང་། ཁོང་ལ་ཡ་མེད་ཀྱི་སྐྱ་རྩལ་ལྡན་པས་རྟ་རྒྱུག་རྒྱལ་འཇོག་སྟེང་རྒྱལ་ཁ་ཐོབ་སྟེ་གླིང་གི་རྒྱལ་པོར་བསྐོས་པ་ལྟ་བུ། དེས་ཤུགས་རྐྱེན་ལ་བརྟེན་ནས་རྟ་རྒྱུག་འགྲན་ཚོགས་ཀྱི་དུས་ཆེན་ད་ལྟའི་བར་དུ་རྒྱུན་བསྲིངས་ཐུབ་བྱུང་བ་ཡིན་ཟེར་བའང་ཡོད། 
གཞན་ཡང་དུས་རབས་བདུན་པའི་བཙན་པོ་གནམ་རི་སྲོང་བཙན་གྱི་སྐབས་ནས་བཟུང་།ཁྱིམ་མཚེས་སྤུན་ཟླའི་མི་རིགས་དབར་ལ་རྟ་རྒྱུག་འགྲན་ཚོགས་གྱི་བྱེད་སྒོ་སྤེལ་ཞིང་། དེ་ལས་རྒྱལ་བའི་སྐྱ་རྩལ་པ་དག་དམག་ནང་དུ་ཞུགས་དགོས་པའི་སྲོལ་ཡོད། སྲོང་བཙན་སྒམ་པོའི་སྐབས་སུ་རྟ་དམག་རུ་ཁག་མང་པོ་ཡོད་ལ། རྟ་རྒྱུག་འགྲན་ཚོགས་ཀྱི་བྱེད་སྒོ་སྔར་ལས་ཇེ་མང་དུ་སོང་ཡོད། སྐབས་དེ་དུས་རྟའི་བཟང་ངན་ལ་ཚད་ཐིག་ཡོད་པ་མ་ཟད་རྟའི་རྒྱུག་ལམ་ལ་ཡང་ཧ་ཅང་མཐོང་ཆེན་བྱེད་ཀྱི་ཡོད། 
རྒྱལ་དབང་སྐུ་ཕྲེང་ལྔ་པ་ནས་སྐུ་ཕྲེང་བདུན་པའི་བར་ཆིང་དམག་གིས་ཏཱ་ལའི་བླ་མ་སྲུང་སྐྱོབ་བྱས་ཏེ་བོད་ཆོས་སྲིད་གཉིས་ལ་དབང་འཛིན་བྱས་པའི་བར་གྱི་ལོ་ཉིས་བརྒྱ་ལྷག་གི་རིང་ལ། སོག་པོས་བོད་ཀྱི་སྲིད་དབང་བཟུང་བ་ཡིན་ཞིང་། དེའི་ཕྱིར་འདམ་གཞུང་གི་རྟ་རྒྱུག་འགྲན་ཚོགས་ནི་སྐབས་དེར་སོག་པོ་ནས་དར་པའི་བཤད་ཚུལ་ཡང་ཡོད། དེང་སྐབས་ཀྱང་དེ་གར་རྟ་རྒྱུག་འགྲན་ཚོགས་བྱེད་སྐབས་སོག་གླུ་ལེན་པའི་སྲོལ་དེ་ཉམས་མེད། འདམ་གཞུང་གི་རྟ་རྒྱུག་འགྲན་ཚོགས་ནི་བོད་ཟླ་བདུན་པའི་ཚེས་བཅུ་ནས་མགོ་བརྩམས་ཏེ་ཉིན་གསུམ་ལ་ཚོགས་པ་ཡིན། ཟླ་གཅིག་ཙམ་ལ་རྒྱུན་བསྲིངས་ནས་རྟ་རྒྱུག་བྱས་ཀྱང་ཆོག དོན་དུ་དེ་ལ་གྲོ་རིམ་ཚོགས་འདུ་ཟེར་ལ། བླ་མས་ཆོས་ལུགས་རིམ་གྲོ་སྒྲུབ་པའི་དུས་ཆེན་ནམ་ལོ་ལེགས་བྱུང་བ་ལ་རྟེན་འབྲེལ་ཞུ་བ་དང་།ཞིང་འབྲོག་ཐོན་རྫས་བརྗེ་རེས་བྱེད་པའི་རིག་གནས་རོལ་རྩེད་ཀྱི་བྱེད་སྒོ་ཞིག་ཀྱང་ཡིན། སྔོན་གྱི་དུས་ལ། རྟ་རྒྱུག་འགྲན་ཚོགས་འདི་ས་གནས་དེ་ཡི་ཚོ་ཁག་ཆེན་པོ་བརྒྱད་ཀྱི་ཚོ་དཔོན་གྱིས་མགོ་འཛིན་བྱེད་པ་དང།ཚོ་ཁག་ཆེན་པོ་བརྒྱད་ཀྱི་སྤྱི་དཔོན་ནམ་བརྒྱ་དཔོན་ནི་རྟ་རྒྱུག་འགྲན་ཚོགས་ལ་ཞུགས་མཁན་དག་ལས་བང་རྩལ་དང་མདའ་རྩལ་མཁས་པོ་ཞིག་མང་ཚོགས་ཀྱིས་བདམས་ཏེ་བརྐོ་བ་ཡིན། ༡༩༡༢ལོ་ནས་བཟུང་། བོད་ལྗོངས་ས་གནས་སྲིད་གཞུང་གིས་འདམ་གཞུང་གི་བདག་དབང་སེ་ར་དགོན་པར་སྤྲད་པས་ཚོ་ཁག་དག་གི་སྤྱི་དཔོན་དེ་སེ་ར་དགོན་པས་བརྐོ་བཞག་བྱེད་པ་ཡིན།
བོད་ལྗོངས་ཞི་བའི་བཅིངས་འགྲོལ་བཏང་བ་ནས་བཟུང་རྟ་རྒྱུག་ནི་དེ་བས་ཀྱང་ཁྱབ་ཆེ་རུ་སོང་ཞིང་། དམངས་ཁྲོད་དུས་ཆེན་དང་ཆོས་ལུགས་བྱེད་སྒོ། དགའ་སྟོན་སོགས་ཀྱི་སྐབས་སུ་ཡང་མི་རྣམས་ཀྱིས་རྟ་རྒྱུག་འགྲན་ཚོགས་བསྡུ་བ་ཡིན། མིག་སྔར་འདམ་གཞུང་གི་འདམ་སྤྱི་རིམ་ཞེས་པའི་རྟ་རྒྱུག་འགྲན་ཚོགས་ནི་ཚོང་ལས་མ་རྩ་བསྡུ་བའི་གལ་ཆེའི་སྟེགས་བུ་ཞིག་ཏུའང་གྱུར་ཡོད་པ་རེད། 
དེང་དུས་འདམ་སྤྱི་རིམ་རྟ་རྒྱུག་ལ་ཞུགས་པའི་རྟ་ནི་ཚོ་ཁག་སོ་སོའི་རྟ་མཆོག་དག་ཡིན། རྟ་མ་རྒྱུག་གོང་དུ་རྟ་དག་ལ་གཟན་ཆས་ལེགས་པོས་གསོས་ཏེ་རྟ་ཤེད་རྒྱས་སུ་འཇུག་ངེས། སྐྱ་རྩལ་པ་དག་ནི་ལོ་བཅུ་གཉིས་ཡན་དང་ཉི་ཤུའི་མན་ཡིན་དགོས། འགྲན་ཚོགས་སྟེང་སྐྱ་རྩལ་པ་ཉི་ཤུ་ལ་རྟགས་མའི་བྱ་དགའ་ཐོབ་ཐུབ་པ་ཡིན། འགྲན་ཚོགས་སྐབས་རྟ་གོང་ནས་མདའ་རྩལ་ངོམས་པ་དང་། རྟ་རྒྱུག་ཞོར་ཐང་ནས་ཁ་བཏགས་ལེན་པ། རྒྱུག་མའི་འགྲན་སྡུར། གོམ་པ་ཅན་གྱི་འགྲན་སྡུར་སོགས་ཡོད་པ་མ་ཟད། གཡག་རྒྱུག རྡོ་འགྱོགས། ཐག་འཐེན། གྱོན་ཆས་ངོམས་པ་སོགས་བོད་ཀྱི་ཁྱད་ཆོས་ལྡན་པའི་ལྟད་མོ་གྱ་ནོམ་པ་ཞིག་ཡོད། རྟ་རྒྱུག་འགྲན་ཚོགས་ཀྱི་ཉིན་གསུམ་ནང་འབྲོག་པ་མང་ཚོགས་ཀྱིས་ཤོམ་བྱས་ཏེ་རི་མོ་སྣ་ཚོགས་ཀྱིས་བརྒྱན་པའི་སྦྲ་གུར་སྣ་ཚོགས་ཕུབ་སྟེ་གླུ་གར་གྱི་དཔལ་ལ་རོལ་ཞིང་། སྤྲོ་སྐྱིད་ཀྱི་དགའ་སྟོན་ལ་རོལ་ངེས། བོད་ལྗོངས་ས་གནས་སོ་སོ་ནས་ཡོང་བའི་རོང་འབྲོག་ཚོང་པ་མང་ཚོགས་ཀྱིས་ཞིང་ཕྱུགས་ཐོན་རྫས་ཁྱེར་ནས་འཚོ་བའི་ཡོ་བྱད་སོགས་ལ་བརྗེ་རེས་ཀྱང་བྱེད་པ་ཡིན། 
བོད་ཀྱི་རྟའི་དབྱེ་བ་ལའང་། གྱི་ལང་རྟམཆོག རྒྱ་རྟ་གཡེར་བ། གཡུ་འབྲུག་འདོ་བ། ཁྱུང་གཤོག་རྔོག་ཆེན། གློག་ལྟར་མྱུར་བའི་ཅང་ཤེས་སོགས་རིགས་ལྔ་ཡོད་ཅིང་། དེ་ནི་རྟའི་གཟུགས་གཞི་དང་། ཁ་སོ། སྤུ་མདོག གོམ་ལག་སོགས་ལ་གཞིགས་ནས་དབྱེ་བ་ཡིན། སུག་གཞི་ལ་ལྟོས་ནས་གཡག་སུག་ཅན་ནི་རབ་དང་། ཤྭ་སུག་ཅན་ནི་འབྲིང་། ར་སུག་ཅན་ནི་ཐ་མར་བགོས་ཡོད་པ་རེད། རྨིག་པར་ལྟོས་ནས་ཤིང་ཕོར་གྱི་ཁའི་དབྱིབས་དང་འདྲ་བའི་རྨིག་གོར་ཅན། ཕག་པའི་སུག་གཞི་ལྟར་ཆུང་བའི་ལྕགས་ཀྱི་སུག་གཞི་ཅན་སོགས་ཀྱི་རིམ་པ་ཡོད། ཁ་སོ་ལ་ལྟོས་ནས་རྐྱང་གི་སོ་ཁ་ཅན་དང་ལུག་གི་སོ་ཁ་ཅན། དྲེལ་གྱི་སོ་ཁ་ཅན་སོགས་ཀྱི་རིམ་པ་ཡོད། སྤུ་ཁ་ལ་ལྟོས་ནས་རིང་ཞིང་རྩུབ་པོའི་ཤྭའི་སྤུ་མདོག་ཅན་དང་། ཐུང་ཞིང་འཇམ་པའི་སྟག་གི་ཐིག་ལེ་ཅན་བཅས་ནི་ཆེས་མཆོག་ཏུ་གྱུར་བའི་རྟ་མཆོག་ཡིན། གཞན་བོད་ཀྱི་རྟ་ལ་རྒྱུག་མ་དང་གོམ་པ་ཅན་ཞེས་པའི་རིགས་དབྱེའང་ཡོད། དེ་ལའང་ནང་གསེས་སུ་རིགས་དབྱེ་ཤིན་ཏུ་མང་ངོ་།། 
དེ་ཡང་བོད་ས་ཆ་སོ་སོ་ལ་རང་རང་གི་རྟ་གསོ་སྟངས་རེ་ཡོད་ལ། བྱང་ཕྱོགས་རྩྭ་ཐང་གི་འབྲོག་པ་རྣམས་ཀྱིས་འགྲན་བསྡུར་ལ་ཞུགས་པའི་རྟ་ལ་ཁལ་བཀལ་ནས་སྐྱེལ་འདྲེན་གྱི་ལས་མི་བྱེད་ལ། དགུན་ཟླ་གསུམ་པའི་ཉིན་རེའི་སྔ་དྲོ་དུས་སུ་རྟ་ལ་ཆུ་གྲང་མོས་ཁྲུས་བྱེད་པ་དང་། སྣུམ་ལྡན་གྱི་གཟན་ཆས་གཏན་ནས་མི་སྟེར། དབྱར་ཁར་རྟ་རྒྱུག་སྦྱོང་བརྡར་སོགས་བྱེད་དུ་བཅུག་ནས། གོ་རིམ་ཡོད་པའི་སྒོ་ནས་སྔ་མོ་ནས་གསོ་སྐྱོང་ལེགས་པོ་བྱེད་པ་ཡིན། རྟ་རྒྱུག་སྐབས་མ་གཏོགས་དུས་རྒྱུན་ཁེབས་གཡོག་ནས་འཇོག་པ་ཡིན། 
རྟ་རྒྱུག་སྐབས་སུ་རྟ་དེ་གཙོ་བོར་བཟུང་ནས་དགའ་སྟོན་བྱེད་པ་མ་ཟད། སྦྲ་གུར་དང་ཁ་བཏགས། བོད་མདའ། གཡག རྒྱུག་ར། རྒྱུག་ལམ་སོགས་ཀྱང་ཡོད་པ་ཡིན་ལ། གཞན་ཡང་ཟ་འཐུང་གི་སྐོར་ལ་མར་ཕྱུར། ནས་ཆང་། སྐམ་ཤ  ལུག་ཤ་སོགས་ཡོད་པ་ཡིན། 
བོད་ཀྱི་རྟ་རྒྱུག་འགྲན་ཚོགས་འདི་ལ་ཁྱད་ཆོས་གཙོ་བོ་ཞིག་ཡོད་པ་ནི་ལུས་ཕུང་སྦྱོང་བརྡར་དང་སྒྱུ་རྩལ་རོལ་རྩེད་བཅས་ཡིན། རྟ་དང་བོད་ཀྱི་ཆོས་ལུགས་དད་མོས་བར་ཐད་ཀར་འབྲེལ་བ་ཡོད། བོད་མི་རིགས་ཀྱི་དད་མོས་དམངས་སྲོལ་ནི་སེམས་ཁམས་ཀྱི་དམངས་སྲོལ་ཞིག་ཡིན་ལ།དད་མོས་ནི་ཚེ་སྲོག་ལྟ་བུ་སྟེ་སེམས་གཏིང་གི་དམངས་སྲོལ་ཞིག་ཡིན། རྟ་རྒྱུག་བྱེད་པ་ནི་དཔའ་བོར་དད་མོས་བྱེད་པའི་སྲོལ་ཞིག་ཀྱང་ཡིན་པར་བཤད་པ་དང་། བོད་ས་གནས་མང་ཆེ་བས་བཤད་སྲོལ་ལ་རྟ་རྒྱུག་འགྲན་བསྡུར་ནི་གླིང་རྗེ་གེ་སར་དམག་ལ་འགྲོ་སྐབས་རྟ་རྒྱུག་ཅིང་མདའ་འཕེན་པའི་སྲོལ་ཡོད་པ་དེ་ནས་དར་ཡོང་བར་བཤད་པ་སོགས་ཀྱི་ཁྱད་ཆོས་ལྡན་པ་མ་ཟད། རྟ་ནི་བོད་རིགས་ཀྱི་བསམ་པའི་དཔལ་ཡོན་དང་དངོས་པོའི་དཔལ་ཡོན་གཉིས་དང་གཞི་གཅིག་ཏུ་འབྲེལ་ཡོད་པ་ཞིག་རེད། རྟ་ནི་བོད་རིགས་མི་དམངས་ཀྱི་འཚོ་བའི་ཁྲོད་ཆེས་བློས་ཐུབ་ཀྱི་གྲོགས་པོ་ཡིན་ལ། འབྲོག་པའི་སེམས་ཀྱི་ནོར་བུ་ཡ་མེད་ཅིག་ཡིན། ཕྱུགས་འཚོ་བ་དང་རྒྱང་རིང་དུ་བསྐྱོད་པ།གཉེན་སྟོན་གྱི་བག་མ་བསུ་བ་སོགས་ལས་རིགས་གང་ཞིག་ཡིན་ཀྱང་རྟ་དང་ཁ་བྲལ་ཐབས་མེད་པ་ཞིག་ཡིན། དེ་བས་རྟ་ལ་གཅེས་པ་ནི་བོད་རིགས་ཀྱི་རང་གཤིས་སུ་གྲུབ་ཡོད། རྟ་རྒྱུག་འགྲན་ཚོགས་བྱེད་པ་ནི་བོད་རིགས་མང་ཚོགས་ཀྱི་འཚོ་བའི་རོལ་རྩེད་ཁྲོད་ཀྱི་རིགས་ཤིག་ཡིན་ནོ།།
བོད་ཀྱི་རྟ་རྒྱུག་འདི་ལའང་རིན་ཐང་ཆེན་པོ་ལྡན་པ་ལ་ཕྱོགས་གསུམ་གྱི་སྒོ་ནས་བཤད་ན་འདི་ལྟ་སྟེ། ༡ རིག་གཞུང་གི་རིན་ཐང་ལྡན་པ། རྟ་རྒྱུག་དུས་ཆེན་གྱི་རིག་གནས་འཕེལ་རྒྱུས་སུ་སོང་བ་དེས་བོད་རིགས་ཀྱི་ཕུལ་བྱུང་རིག་གནས་དར་སྤེལ་དང་བརྒྱུད་འཛིན་བྱས་ཡོད་པ་མ་ཟད། ཀྲུང་གོའི་མི་རིགས་རིག་གནས་བང་མཛོད་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད་པ་དང་།བོད་མི་རིགས་ཀྱི་སྲོལ་རྒྱུན་རྟ་རྒྱུག་རིག་གནས་འཐུས་སྒོ་ཇེ་ཚང་དུའང་བཏང་ཡོད་པ་རེད། གཞན་ཡང་བོད་རིག་པའི་ཞིབ་འཇུག་ཁྱབ་ཁོངས་ཀྱི་བོད་རིགས་རྟ་རྒྱུག་ཞིབ་འཇུག་གི་སྟོང་ཆ་སྐོང་བ་ལའང་ཕན་ཐོགས་ཆེན་པོ་ཡོད་པ་རེད། ༢ སྤྱི་ཚོགས་ཀྱི་རིན་ཐང་། སྐུ་ཞབས་ལུའུ་ཞུན་ལགས་ཀྱིས་དུས་རབས་ཕྱེད་ཀྱི་སྔོན་ཞིག་ནས་འདི་ལྟར་གསུངས་མྱོང་། “མི་རིགས་རིག་གནས་ཀྱི་སྤྱི་ཚོགས་རིན་ཐང་ནས་བཤད་ན། མི་རིགས་རང་བཞིན་ཇི་ལྟར་ལྡན་ན། འཛམ་གླིང་རང་བཞིན་དེ་ལྟར་ལྡན།”ཞེས་པ་ལྟར། རྟ་རྒྱུག་འགྲན་བསྡུར་ནི་མི་རིགས་རིག་གནས་ཀྱི་སྣང་ཚུལ་ཞིག་ཡིན་པའི་ཆ་ནས། དེའི་སྤྱི་ཚོགས་རིན་ཐང་དང་འཕེལ་རྒྱས་རྒྱབ་ལྗོངས་ཀྱང་ནང་དོན་འདིའི་ནང་ཚུད་ཡོད་པ་ནི་སྨྲས་མ་དགོས་པ་ཞིག་རེད། དེས་བོད་ཀྱི་དཔལ་འབྱོར་སྤྱི་ཚོགས་ལ་སྐུལ་འདེད་ཆེན་པོ་ཐེབས་ཐུབ་པ་མ་ཟད། རྒྱལ་ཁབ་ཕྱི་ནང་ཀུན་ལ་བོད་ཀྱི་རིག་གནས་ཀྱི་མཚན་སྙན་མཐོ་རུ་འདོགས་ཐུབ་པ་དང་། འཛམ་གླིང་སྟེང་གི་རྒྱལ་ཁབ་ཁག་གིས་བོད་ཀྱི་རྟ་རྒྱུག་གི་སྲོལ་རྒྱུན་རིག་གནས་ལ་རྒྱུས་ལོན་ཆེན་པོ་བྱེད་ཐུབ་རྒྱུ་རེད། གཞན་ད་དུང་བོད་ཀྱི་དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་གསོ་སྐྱོང་བྱེད་པར་སྐུལ་འདེད་ཀྱི་ནུས་པ་ཆེན་པོའང་ཐོན་ཐུབ། ༣ དཔལ་འབྱོར་རིན་ཐང་། རྟ་རྒྱུག་ནི་རོལ་རྩེད་ཀྱི་བྱེད་སྒོ་ཞིག་ཡིན་ཞིང་། དེ་ནི་ཚོང་ཟོག་བརྗེ་རེས་བྱེད་པའི་བྱེད་སྒོ་གཞན་དང་མི་འདྲ་བ་ཞིག་ཡིན། བྱེད་སྒོ་འདི་སྤེལ་བའི་སྐབས་སུ་ས་ཆ་གཞན་དག་གི་ཚོང་བ་དང་ཡུལ་སྐོར་བ་སོགས་གནས་འདིར་འདུས་པ་འདིས། ཡུལ་སྐོར་ལས་རིགས་ཀྱི་དཔལ་འབྱོར་ལག་ཡོང་འཕར་སྣོན་བྱེད་ཐུབ་པ་རེད། འདམ་གཞུང་རྫོང་གི་ལོ་རེར་རྟ་རྒྱུག་འགྲན་ཚོགས་སྐབས་ཀྱི་ཡོང་སྒོ་སྒོར་དུང་ཕྱུར་གཉིས་ལྷག་ཟིན་ཡོད། 
དེའི་ཕྱིར་ང་ཚོས་རིག་གནས་ཀྱི་སྣང་ཚུལ་འདི་ལ་སྲུང་སྐྱོབ་ལེགས་པོ་བྱེད་དགོས། སྤྱི་ལོ་༢༠༠༠ལོ་ནས་བཟུང་འདམ་གཞུང་རྫོང་སྲིད་གཞུང་གིས་འདམ་སྤྱི་རིམ་རྟ་རྒྱུག་འགྲན་ཚོགས་ནི་ཚོང་ཟོག་ནང་འདྲེན་གྱི་དུས་སྐབས་བཟང་བོ་ཞིག་ཏུ་བཟུང་ཡོད་པ་མ་ཟད། མི་རིགས་ལུས་རྩལ་རིག་གནས་ཀྱི་བྱ་ལས་ཡར་སྐུལ་དང་། མི་རིགས་སྙིང་སྟོབས་གསོ་སྐྱོང་ལ་སེམས་ཤུགས་སྐྱེད་པ། འདམ་གཞུང་ཚོང་རའི་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི་རྩ་བར་བཟུང་ཡོད། རྫོང་མི་དམངས་སྲིད་གཞུང་གིས་ཀྱང་རྟ་རྒྱུག་འགྲན་ཚོགས་དུས་ཆེན་ལ་མཐོང་ཆེན་མཛད་དེ་རྟ་རྒྱུག་ལས་གཞན་ད་དུང་སྒོར་བྲོ། ཞབས་བྲོ། རྡོ་འགྱོག ཐག་འཐེན། གེ་སར་སྒྲུང་བཤད་སོགས་བྱ་འགུལ་སྣ་ཚོགས་ཤིག་སྤེལ་ཏེ་འགྲན་ཚོགས་དུས་ཆེན་གྱི་འཐུས་སྒོ་ཇེ་ཚང་དུ་བཏང་ཡོད། 
༢༠༠༤ལོའི་འདམ་གཞུང་རྟ་རྒྱུག་འགྲན་ཚོགས་སྟེང་། སྦི་རག་འཐུང་བའི་འགྲན་བསྡུར་གྱི་བྱེད་སྒོ་སྤེལ་ཏེ“སྦི་རག་དུས་ཆེན”གྱི་སྲོལ་འདམ་གཞུང་ལ་ཐོག་མར་བྱུང་། བོད་ལྗོངས་སྦི་རག་གི་མཚན་སྙན་ཕྱོགས་ཀུན་ཁྱབ་པས་བོད་ལྗོངས་སྦི་རག་གི་ཉོ་ཚོང་བྲིན་དུ་སོང་ཡོད་པ་མ་ཟད། རྟ་རྒྱུག་དུས་ཆེན་ལ་ཚོང་ལས་ཀྱི་གོ་སྐབས་ལེགས་པོ་ཞིག་ཀྱང་བསྐྲུན་ཡོད་པ་རེད། ཉེ་བའི་ལོ་འདི་གའི་རིང་ལ། ལྷ་ས་གྲོང་ཁྱེར་རིག་གནས་ཅུད་དང་འདམ་གཞུང་རྫོང་མི་དམངས་སྲིད་གཞུང་གཉིས་ཀྱིས་མཉམ་འབྲེལ་སྒོས་འདམ་གཞུང་རྟ་རྒྱུག་དུས་ཆེན་སྐབས་ཕུན་སུམ་ཚོགས་པའི་རིག་རྩལ་འཁྲབ་སྟོན་སོགས་བྱས་པས་རྒྱལ་ཕྱི་ནང་གི་ལྟ་སྐོར་བ་མང་པོའི་བློ་བཀུག  ལོ་རེའི་རྟ་རྒྱུག་འགྲན་ཚོགས་ལ་གསར་གཏོད་རང་བཞིན་ལྡན་ཡོད་ཅིང་། དེའི་ཕྱིར་འགྲུལ་པ་མང་པོའི་སེམས་པ་ཕྱོགས་འདི་ལ་བཀུག་ཡོད། དུས་སྟོན་རྒྱ་ཆེ་རུ་གཏོང་ཆེད་འདམ་གཞུང་རྫོང་མི་དམངས་སྲིད་གཞུང་གིས“དར་ལམ་གསར་བ”འི་མིང་གྲགས་མི་སྣ་སོགས་རྟ་རྒྱུག་འགྲན་བསྡུར་གྱི་མགྲིན་ཚབ་པར་གདན་དྲངས་པས། རྟ་རྒྱུག་འགྲན་ཚོགས་ལ་སྔར་ལས་ལྷག་པའི་སྤྲོ་སྣང་གསར་བ་ཞིག་བསྐྲུན་ཡོད་པ་རེད།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།