གོས་ཀྱི་རིགས་བཤད་པ།

རྩོམ་པ་པོ།:xdg ཡོང་ཁུངས།:བོད་ལྗོངས་རིག་གནས་དྲ་བ། དུས་ཚོད།:2008-02-17 09:31:06 ཀློག་གྲངས།:

  བོད་མིའི་གོས་ཀྱི་རིགས་ལ་ཆེ་ས་ནས་དབྱེ་ན་ཕོ་ཆས་དང་མོ་ཆས་གཉིས་སུ་འདུས་པ་མེད་ལ། ཡང་གྱོན་མཁན་གང་ཟག་གི་རྟེན་གྱི་སྒོ་ནས་དབྱེ་ན་སྐྱ་ཆས་དང་གྲྭ་ཆས་གཉིས། ས་གནས་ཀྱི་སྒོ་ནས་དབྱེ་ན་དབུས་ཆས། ཁམས་པའི་ཆས། ཨམ་ཆས་ཏེ་གསུམ། བྱེད་ལས་ཀྱི་སྒོ་ནས་དབྱེ་ན་དབྱར་ཆས་དང་དགུན་ཆས་གཉིས། བཟོ་རྒྱུའི་སྒོ་ནས་དབྱེ་ན་སློག་པ། སྣམ་བུ། ཚ་རུ། བར་ཕྱིང་། གོས་ལྭ་སོགས་མཐའ་ཡས་པ་དང་། ཡང་ཐོབ་དང་གོ་གནས་ཀྱི་སྟེང་ནས་རྒྱ་ལུ་ཆས། ལྷ་ལྕམ་ཆས། ཕྱག་མཛོད་ཆས། བློན་ཆས་སོགས་དང་། དར་ཡུལ་གྱི་ཆ་ནས་སོག་ཆས། ཧོར་མོའི་ཆས་སོགས་མང་པོ་ཞིག་བྱུང་ཡོད་པ་རེད། དེ་ལས་གྱོན་མཁན་གང་ཟག་གི་རྟེན་གྱི་སྒོ་ནས་དབྱེ་ཚུལ་དེ་ལ་རྣམ་གྲངས་གཞན་དག་འདུ་ནུས་པས་སྐྱ་ཆས་ལ་བོད་ཆོལ་ཁ་གསུམ་གྱི་ཡུལ་སོ་སོར་གོས་ཀྱི་གྱོན་སྟངས་དང་། རྣམ་པ། ཆ་ལུགས་སོགས་མི་འདྲ་བ་མཐའ་ཡས་པ་ཞིག་བྱུང་ཡོད་པ་དང་། དེ་དག་རེ་རེ་ནས་བརྗོད་ཐབས་བྲལ་ཡང་ཆེ་ས་ནས་བལྟས་ན་ཕོ་ཆས་རྣམས་ལྭ་བའི་ཁོབ་ཡངས་ཤིང་ཕུ་ཐུང་རིང་བ་དང་། མོ་ཆས་རྣམས་ལྟོས་འཇོག་གིས་ཁོབ་ཆུང་ཞིང་ཕུ་རུང་ཐུང་། སྐྱེས་པ་རྣམས་ཀྱིས་ལྭ་བ་ཅུང་བསྡོགས་ཏེ་ལྭ་འདབས་པུས་ཚིགས་སུ་སླེབས་ཙམ་ནས་སྐ་རགས་བཅིངས་པ་དང་། བུད་མེད་རྣམས་སྤྱིར་བཏང་དུ་ལྭ་འདབས་རྐང་པའི་བོལ་ལ་རེག་ཙམ་ནས་སྐ་རགས་འཆིང་། དེ་ཡང་བོད་མིའི་གོས་གྱོན་ལུགས་འདི་མི་རིགས་གཞན་དང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དུ་མས་ཕྱུག་པས་བོད་ཀྱི་གོས་མགོ་སྤྱི་གཙུག་ནས་ཞབས་རྐང་པའི་བར་དུ་གོས་ཀྱི་ཞིག་དར་ཡོད་པས་དེ་དག་གི་རྣམ་གྲངས་ཙམ་སྨྲས་ན།

༡.ཞྭའི་རིགས་ལ། བོད་ཞྭའི་བྱེ་བྲག་རྨོག་རིལ་ཨམ་ཅོག་ཅན། མགོ་སྐྱོབ་ཀྱི་རྨོག་ཞྭ། རྒྱ་ལུགས་ཀྱི་ཞྭ་མོ་སྲུབ་ཟན་སུམ་བརྩེགས་ཅན་གྱི་རྨོག་ཞུ། བྱང་འབྲོག་གི་གཟབ་ཞྭ་ཨར་ཞྭ། འབྲོག་པའི་ཕྱིང་ཞྭ། དོན་ལྤགས་ཀྱིས་བཟོས་པའི་གཟི་དོམ། ཆང་ས་རྒྱག་དུས་མནའ་མར་བསྐོན་རྒྱུའི་སོག་ཞྭ། ཝ་ལྤགས་ཀྱིས་བཟོས་པའི་ཝ་ཞྭ། རྣ་བཞི། རྒྱ་ཞྭ་ལི་མོ། རྩྭ་ཞྭ། ཐང་ཞྭ། ཚར་ཞྭ། པད་ཞྭ། པཎ་ཞྭ། གཞན་ཡང་སྔར་བོད་ཀྱི་རྩེ་དྲུང་གིས་མཛད་སྒོར་གྱོན་རྒྱུའི་ཞྭ་དཀར། སྔགས་པ་ཕུར་ཐོགས་ཅན་གྱི་ཞྭ་ནག དགེ་ལུགས་པའི་བཙུན་ཞྭ་ཞྭ་སེར། སྲིད་གཞུང་གི་རིམ་པ་བཞི་པའི་ཡན་གྱི་དབྱར་ཞྭ་ཞྭ་མོ་ལྕགས་མདའ། རས་བསེ་ལས་བཟོས་པའི་བསེ་ཐེབས་སོགས་མང་པོ་ཡོད།

༢.སྟོད་གོས་ཀྱི་རིགས་ལ། ཕྱུ་པའི་འོག་ཏུ་གྱོན་རྒྱུའི་ནང་འཇམ། སྟོད་ཀོར། ཚི་ལེན། ཁམས་འཇམ། ཁོག་ཚེ་སོགས་རྒྱུ་སྣ་ཚོགས་ལས་བཟོས་པའི་བྱེ་བྲག་མང་པོ་དང་། གཡུལ་གྱི་གོ་ཁྲབ། ལྕགས་ཁྲབ་སོགས་སོ།།

༣.དོར་མའི་རིགས་ལ། རྒྱུ་རས་དང་། སྣམ་བུ། གོས་ཆེན། པགས་པ། བསེ་སོགས་ལས་བྱས་པའི་དོར་ཐུང་། དོར་རིང་། དོར་མ་ནང་ཚངས་ཅན། གསང་ཁེབས་ཏེ་དོར་རྟ། དོར་ལྷུག་མ་བཅས་སོ།

༤.ལྷམ་གྱི་རིགས་ལ། བཟོ་རྒྱུ་མི་འདྲ་བའི་སྒོ་ནས་ཕོ་ཟོམ། མོ་ཟོམ། རས་ཟོམ། ཀོ་ལྷམ། འཇའ་ཆེན། སག་ལྷམ། སྦལ་ཁ། ལྷམ་སྣེ་འཁྱེལ། རྒྱ་ལྷམ། ཕྱིང་འབོབ། ཐིག་འབོབ། ལྷམ་རྟ་ཟོན་མ། ལྷམ་སྤུ་མ། གཞན་ཡང་འཁོར་ལོས་བསྒྱུར་པའི་རྒྱལ་པོའི་ལྷམ་དུ་གྲགས་པའི་ལྷམ་ཉེ་བའི་རིན་པོ་ཆེ་སོགས་སོ།།

༥.ལྭ་རིང་གི་རིགས་ལ། ས་གནས་ཀྱི་དབང་དུ་བྱས་ན་དབུས་ཆས། ཨམ་ཆས། ཁམས་པའི་ཆས་དང་། དེ་དག་ལ་ཕོ་ཆས་དང་མོ་ཆས། བཟོ་རྒྱུའི་ཆ་ནས་སྣམ་བུ་སྤུ་མས་བཟོས་པའི་ལྭ་བ། ལྭ་ཤག་སྟེ་ཕྱུ་ཆེན། གོས་ལྭ། རྒྱུ་པགས་པས་བྱས་པའི་སློག་པ། ལུ་གུའི་པགས་པས་བྱས་པའི་ཚ་རུ། ཝ་སླག སྲམ་སླག ཕྲུགས་ལྭ།སྣམ་བུའི་ལྭ། ཕྱིང་ལྭ། ཐེར་མས་བཟོས་པའི་ཐེར་ལྭ། དབུས་མོའི་དབུས་ལྭའམ་བོད་ལྭ། རས་ལྭ། བར་ཕྱིང་། གཡོགས་མ། གཞན་ཡང་ཡུལ་གཞན་ནས་དར་བའི་སོག་ཆས། སོག་སླག ཧོར་མོའི་ཆས། རྩེ་དྲུང་ཚོའི་ལས་གོས་ཏེ་གོས་སྟོད།    རྒྱ་ལུ་ཆས་ཏེ་བོད་ཀྱི་དྲུང་འཁོར་ཚོས་གྱོན་རྒྱུའི་གཟབ་ཆས། དེ་ལ་རྒྱལ་སྲིད་སྣ་བདུན་ཚང་ལུགས་ནི་གཟན་གྱིས་གླང་ཆེན། ཀོང་རྣས་འཁོར་ལོ། པན་ཏོག་གིས་བཙུན་མོ། སྐེད་གྲིས་དམག་དཔོན། ཁུག་ཁྲ་ཐིག་ཤུབས་ཀྱི་རྟ་མཆོག ཨར་ཀོང་གིས་བློན་པོ། རིན་ཆེན་སྤྱིས་ནོར་བུ་རིན་ཆེན་བཅས་མཚོན་ཅིང་དེ་དང་ལྷ་ལྕམ་ཆས་སོགས་གོས་ཀྱི་བྱེ་བྲག་ཧ་ཅང་མང་པོ་ཞིག་དར་ཡོད་དོ།།

     གྲྭ་ཆས་ནི་དགེ་སློང་གི་འཚོ་བའི་ཡོ་བྱད་བཅུ་གསུམ་དུ་འདུས་ཤིང་། བཅུ་གསུམ་ནི་སྣམ་སྦྱར། བླ་གོས། མཐང་གོས། ཤམ་ཐབས། ཤམ་ཐབས་ཀྱི་གཟན། རྔུལ་གཟན། གདོང་ཕྱིས། རྣམ་གཟན། གཡན་པ་དགབ་པ། སྐྲ་གཟེད། གདིང་བ། དབྱར་གྱི་གོས་རས་ཆེན་ཡོ་བྱད་ཀྱི་གོས་རྣམས་སོ།། དེ་དག་གི་ཁྱབ་ཆོས་ངོ་སྤྲོད་ཙམ་ཞུ་ན།

  ༡.སྣམ་སྦྱར། ཆོས་གོས་རྣམ་གསུམ་གྱི་ཡ་གྱལ། དགེ་སློང་ཁོ་ནའི་རྟེན་ལ་ཕྱག་འཚལ་ཞིང་བསོད་སྙོམས་རྒྱུ་བ། ཆོས་འཆད་ཉན་དང་ལས་ཆོག་ལ་འདུས་པའི་སྐབས་སུ་གྱོན་རྒྱུའི་སྟོད་གོས་སེར་པོ་ཞིག དེ་ལ་ནང་གསེས་སུ་སྣམ་ཕྲན་དགུ་མ། བཅུ་གཅིག་མ། བཅུ་གསུམ་མ་བཅས་གསུམ་ཡོད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།