ཁ་བཏགས་ཀྱི་བྱུང་བ་དང་གཏོང་ཚུལ།
རྩོམ་པ་པོ།:amidn
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2010-01-19 09:07:05
ཀློག་གྲངས།:
ཁ་བཏགས་ཀྱི་རྒྱུ་ནི་སྲིན་བུའི་ཁ་ཆུའི་དར་སྐུད་དེ་སྲིན་སྐུད་ཀྱིས་བཟོས་པའི་གོས་དར་ཁ་ཚར་ཅན་ཞིག་ཡིན་ལ། ཁ་དོག་གི་ཆ་ནས་དྭངས་གཙང་དཀར་ཞད་ཅན་དང་། ལྷད་མེད་ཀྱི་སེར་པོ་རྒྱུགས་ཆེ་བས་རང་གི་དག་སེམས་མཚོན་བྱེད་ཡིན་ནོ། ། ཁ་བཏགས་ཀྱི་སྟེང་དུ་སྤྲིན་རིས་དང་། པ་ཏྲའི་རིགས། བཀྲ་ཤིས་རྟགས་བརྒྱད། འདོད་ཡོན་རྣམ་ལྔ། རྒྱལ་བ་རིགས་ལྔ། ཤིས་བརྗོད་ཀྱི་ཡི་གེ་སོགས་ཅི་རིགས་བཀོད་ཡོད། བོད་ཀྱི་ཁ་བཏགས་ལ་སྤུས་ཀ་ལེགས་མིན་གྱི་རྣམ་དབྱེ་མང་བོ་ཞིག་མཆིས་ཏེ། དང་པོར་དར་བའི་ཁ་བཏགས་ནང་མཛོད་མ་རིག་གཉིད་སངས་མ་དང་། དཀོན་མཆོག་རིན་ཆེན་མ་གཉིས་ནི་ཆེས་བཟང་གྲས་ཡིན་ལ། བར་དུ་ཐོན་པའི་ཁ་བཏགས་ཉིན་བདེ་མ་དང་འདོམ་འཁོར་མ་ནི་སྤུས་ཅུང་ཞན་པ། དེའི་ཕྱིས་ནས་ཐོན་པའི་ཁ་བཏགས་འཕྲིན་ལས་དར་རྒྱས་མ་དང་། ཨ་ཤེ་བར་མཛོད། ཟུབ་ཕྱི། བསོད་ནམས་ཁ་བཏགས་བཅས་ནི་རིམ་བཞིན་སྔ་མ་དག་ལས་ཕྱི་མ་ཕྱི་མ་དག་སྤུས་ཞན་པར་གྱུར། ཁ་བཏགས་ལ་མིང་གི་རྣམ་གྲངས་ཀྱང་དུ་མ་ཞིག་མཆིས་ཏེ། ཁ་དར་དང་། ལྷ་རྫས། ལྷ་རེག་མཇལ་དར ། རིན་ཆེན་གཉིས་པ་སོགས་སོ། ། བོད་ཀྱི་ཁ་བཏགས་འབུལ་ཡུལ་ནི ། ཆེ་བ་བླ་དཔོན་ལ་མཇལ་དུས་འབུལ་བ་དང་། འཚམས་འདྲི་དང་བཀྲ་ཤིས་བདེ་ལེགས་ཞུ་བར་འབུལ་བ། རྟེན་གསུམ་ལ་མཆོད་མཇལ་བྱེད་དུས་འབུལ་བ། བྱས་རྗེས་ཅན་ལ་བྱ་དགའ་དང་དཔའ་བོར་གཟེངས་བསྟོད། མགྲོན་པོ་བསུ་སྐྱེལ། གཉེན་སློང་སོགས་ཉིན་རྒྱུན་གྱི་འཚོ་བའི་ཁྲོད་མེད་དུ་མི་རུང་བ་ཞིག་ཡིན་ནོ། ། ཁ་བཏགས་གཏོང་སྐབས། ཞེང་གིས་ཉིས་ལྟེབ་བྱ་ཞིང་གཏོང་ཡུལ་ལ་ཁ་འཁོར་ཏེ་གཏོང་བ་འདིས་བརྡ་ཟབ་མོ་ཞིག་སྟོན་པ་ནི། ཆོས་ཐམས་ཅན་གྱི་དང་པོ་སྟོང་བ་ཉིད་དེ་རྒྱུ་རྐྱེན་རྟེན་འབྲེལ་ལས་གྲུབ་སྟེ་གཅིག་རྐྱང་གིས་གྲུབ་པ་མེད་པར་སྟོན་པ་ཡིན་ནོ། །གཞན་ཁ་བཏགས་ཀྱི་མདོག་དཀར་ཞིང་དྲི་མ་མེད་པ་དེས་རང་རྒྱུད་ཀྱི་ལྷག་པའི་བསམ་པ་མཚོན་ཞིང་། སྲིད་དུ་རིང་བས་བླ་སློབ་དང་གྲོགས་པོའི་བར་གྱི་ཁྲེལ་གཞུང་དང་འབྲེལ་ལམ་རྒྱུན་རིང་བ་མཚོན་པ་སོགས་ནི་སྐབས་བསྟུན་གྱིས་གོ་དགོས་པ་ཡིན་ནོ། །
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།