བོད་ཀྱི་འོང་སྐོར་དུས་ཆེན་ལ་རོལ་སྟངས་ཡང་དག

རྩོམ་པ་པོ།:བཀྲ་ཤིས་རྒྱལ་གྱིས་བསྒྱུར། ཡོང་ཁུངས།:ཀྲུང་གོའི་བོད་ལྗོངས་དྲ་བ། དུས་ཚོད།:2019-09-02 08:42:00 ཀློག་གྲངས།:

     ཟླ8པའི་ཚེས24ཉིན་བོད་ལྗོངས་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་དུ་འོང་སྐོར་དུས་ཆེན་ལ་རོལ་བའི་འདུ་འཛིས་ཡོངས་སུ་ཁེངས་ཡོད་དེ། ཞིང་འབྲོག་མང་ཚོགས་ཀྱིས་“འོང་སྐོར་དུས་ཆེན་”སྟེང་རྟ་རྒྱུག་མདའ་འཕེན་གྱི་རོལ་རྩེད་འགྲན་བཞིན་ཡོད་པ་རེད། འོང་སྐོར་དུས་ཆེན་ནི་དོན་དུ་དུས་ཆེན་གང་འདྲ་ཞིག་ཡིན་པའི་ཐད། གཤམ་ནས་མཉམ་དུ་རྒྱུས་ལོན་བྱའོ།

     བོད་སྐད་དུ་འོང་ནི་ས་ཞིང་གི་དོན་ཡིན་ལ།  སྐོར་ནི་སྐོར་བ་བརྒྱབ་པ་སྟེ་འོང་སྐོར་དུས་ཆེན་ནི་གླུ་ལེན་གར་རྩེད་ཀྱིས་ཞིང་ཁར་སྐོར་བ་བརྒྱབ་སྟེ་ཆར་ཆུ་དུས་སུ་འབབ་ཅིང་ལོ་ལེགས་རྣམ་པར་སྨིན་པར་སྨོན་ལམ་འདེབས་པ་ཞིག་རེད།

     འོང་སྐོར་ནི་བོད་ལྗོངས་ཀྱི་གྲོང་གསེབ་ཏུ་འཁྲུག་ཆ་དོད་ཤོས་ཀྱི་དུས་ཆེན་གྲས་ཀྱི་གཅིག་ཡིན་ལ་དེ་ནི་གཙོ་བོ་བོད་ལྗོངས་ལྷ་ས་དང་གཞིས་རྩེ། ལྷོ་ཁ་སོགས་སུ་དར་ཁྱབ་ཡོད་པ་དང་། ལོ་རེའི་བོད་ཟླ་བདུན་པ་དང་བརྒྱད་པའི་ནང་སྤེལ་བཞིན་ཡོད་པ་རེད། སྐབས་དེ་ནི་ཏག་ཏག་བོད་ལྗོངས་ཀྱི་ནས་ཞིང་བསྡུ་བའི་དུས་ཚིགས་ཡིན་ཞིང་ས་ཞིང་ཚང་མར་གསེར་མདོག་གིས་བྱུགས་ཤིང་ནས་འབྲུ་དྲུག་སྙེ་མ་ཡོངས་སུ་རྒྱས་ཡོད། ལོ་ལེགས་བསྡུས་བའི་དུས་ཚིགས་སླེབས་ཉེར་ཡོད་པ་དང་བསྟུན་ས་གནས་ཁག་ཏུ་ལོ་ལེགས་བསྡུ་བའི་ཚ་རླབས་གཅིག་རྗེས་གཉིས་མཐུད་ངང་འཕྱུར་བ་མ་ཟད་དུས་ཆེན་གྱི་མཛད་སྒོ་གཟབ་རྒྱས་ཀྱང་འཚོགས་པ་དང་། དུས་སྟོན་གྱི་བྱེད་སྒོའི་ཞིབ་ཕྲའི་དུས་ཚོད་ནི་ས་གནས་ཁག་གི་ཞིང་ལས་དུས་ཚོད་ལ་གཞིགས་ནས་གཏན་འཁེལ་བྱ་བཞིན་ཡོད་ཅིང་། སྤྱིར་བཏང་དུ་ལོ་ལེགས་བསྡུ་འགོ་ཚུགས་པའི་སྔོན་གྱི་ཉིན3རིང་སྤེལ་བཞིན་ཡོད་པ་རེད།

     འོང་སྐོར་དུས་ཆེན་ནི་ཞིང་ལས་བྱེད་སྒོ་སྟབས་བདེ་ཞིག་སྟེ་ཡུལ་ལྷ་གཞི་བདག་ལ་བསྙེན་བཀུར་གནང་སྟེ་ལོ་ལེགས་སྨིན་པར་སྡོངས་གྲོགས་གནང་རྒྱུའི་སྐྱབས་ཞུའི་མཛད་སྒོ་ཞིག་ཡིན་ལ། ཕྱིས་སུ་རིམ་བཞིན་ཆོས་ལུགས་ནང་དོན་ཇེ་སྟུག་ཏུ་གྱུར། འོང་སྐོར་དུས་ཆེན་རིང་ཞིང་འབྲོག་པ་ཚོས་རྟ་རྒྱུག་དང་མདའ་རྩེད། བྲོ་འཁྲབ་པ།  ལྷ་མོ་རྩེ་བ་སོགས་དམངས་ཁྲོད་ཀྱི་བྱེད་སྒོ་སྣ་ཚོགས་སྤེལ་གྱི་ཡོད་པ་རེད།

     མིག་སྔར་བོད་ལྗོངས་ཀྱི་ས་གནས་ཁག་སུ་ལོ་ལེགས་སྨིན་པའི་དུས་ཚིགས་སུ་སླེབས་པ་དང་བསྟུན་ས་གནས་ཁག་གིས“འོང་སྐོར་དུས་ཆེན”གྱི་རྟེན་འབྲེལ་མཛད་སྒོའང་ཚ་ཚ་འུར་འུར་ངང་སྤེལ་བཞིན་ཡོད་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོའི་ཟླ7པའི་ཚེས27ཉིན་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་རྟ་དཀར་གྲོང་རྡལ་གྱིས“འོང་སྐོར་དུས་ཆེན”གྱི་བྱེད་སྒོ་སྔོན་ལ་སྤེལ་བ་དང་འབྲེལ་སྲོལ་རྒྱུན་གྱི་འབྲི་གཡག་འགྲན་བསྡུར་ཡང་སྤེལ་བ་རེད། ཟླ8པའི་ཚེས24ཉིན་བོད་ལྗོངས་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་བྱང་ཁ་ཤང་ཏེན་ཁྲུང་གྲོང་ཚོའི་ཞིང་འབྲོག་མང་ཚོགས་ཀྱིས“འོང་སྐོར་དུས་ཆེན”གྱི་རྟེན་འབྲེལ་མཛད་སྒོ་འཚོགས་པ་དང་འབྲེལ་རྟ་རྩལ་འཁྲབ་སྟོན་གནང་པ་རེད།

     བཤད་རྒྱུན་ལྟར་ན། སྤྱིར་ན་ཞིང་མ་བྲེགས་སྔོན་གྱི་ཉིན་གསུམ་པར“འོང་སྐོར་དུས་ཆེན”གཏོང་བའི་མཛད་སྒོ་འཚོགས་ཤིང་། “འོང་སྐོར་དུས་ཆེན”གྱི་ཞིང་ཁར་སྐོར་བ་རྒྱག་པ་དེ་ནི་ཉིན་དེར་ངེས་པར་དུ་ཞོགས་པ་སྔ་མོར་བཀོད་སྒྲིག་བྱེད་དགོས་ཤིང་།ཉི་འོད་ནས་ཞིང་དུ་འཕྲོས་མ་ཐག་པའི་སྐབས་ནི་འོང་སྐོར་གྱི་དུས་ཚོད་ཡག་ཤོས་རེད། “འོང་སྐོར་དུས་ཆེན”ཉིན་དེར་མི་རྣམས་ཀྱིས་གྲོང་ཚོའི་ཉེ་འགྲམ་གྱི་ས་ཞིང་ཚང་མར་སྐོར་བ་བརྒྱབ་ཚར་རྗེས་གཞི་ནས་མཇུག་འགྲིལ་པ་ཡིན་ལ། ཉིན་དེར་གྲོང་མི་ཚོས་ལུས་ལ་དུས་ཆེན་གྱི་གཟབ་མཆོར་ལེགས་པར་སྤྲས་པ་དང་ལག་ཏུ་གྲོ་སྙེ་བསྣམས་པ། དར་ལྕོག་འཁྱེར་བ། ལྷ་སྐུ་མཐོན་པོར་སྒྲེང་བ། ཆོས་དཔེ་རྒྱབ་ཏུ་ཁུར་བ། ཆོས་དུང་བུས་ནས་ཞིང་ནང་དུ་སྐོར་བ་རྒྱག་གི་ཡོད་ཅིང་། སྨོན་ཚིག་སྒྲོག་ཞོར་ལོ་ལེགས་ཡོང་བར་སྨོན་ལམ་འདེབས་ཀྱི་ཡོད། ལོ་གཅིག་རིང་ཆར་ཆུ་དུས་སུ་བབས་ཏེ་ལོ་ལེགས་ཕུན་སུམ་ཚོགས་པ་སྨིན་པར་དྲིན་གཟོ་ཞུ་བཞིན་ཡོད། ས་ཞིང་ལ་སྐོར་བ་བརྒྱབ་ཚར་རྗེས་གྲོང་ཚོའི་ནང་དུ་སོང་ནས་ལྷ་བསང་གཏོང་གི་ཡོད། སྔ་དྲོའི་བྱེད་སྒོ་མཇུག་འགྲིལ་རྗེས་གྲོང་ཚོའི་ནང་གི་མི་རྣམས་ཀྱིས་དཀྲུགས་ཇ་བཟོ་འགོ་རྩོམ་པ་དང་། ཉིན་དེར་ཚང་མས་ཞིང་ཁའི་མཐའ་འཁོར་དུ་བསྡད་དེ་རང་ཁྱིམ་ནས་འཁྱེར་ཡོང་བའི་ཟས་ཞིམ་པོ་ཟ་བཞིན་ཡོད་ཅིང་། ཕྱི་དྲོར་སླེབས་རྗེས་རོལ་རྩེད་སྣ་ཚོགས་ལ་རོལ་བཞིན་ཡོད་པ་རེད། འོང་སྐོར་དུས་ཆེན་གཅིག་ཡིན་ནའང་ས་ཆ་སོ་སོའི་རོལ་རྩེད་གཅིག་འདྲ་མིན་ཏེ། དཔེར་ན། བོད་ལྗོངས་ལྷོ་ཁ་ལྷོ་བྲག་རྫོང་རྫ་རི་ཤང་གི་གྲོང་མི་ཚོས་ཐག་པ་འཐེན་པ་དང་རྡོ་བ་བཀྱག་ནས་རྩལ་འགྲན་པ་དང་། ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་རྟ་དཀར་གྲོང་རྡལ་གྱི་གྲོང་མིས་འབྲི་གཡག་འགྲན་བསྡུར་སོགས་བྱེད་ཀྱི་ཡོད་པ་རེད།

     ཉིན་དེར་འཁྲུག་ཆ་དོད་པའི་རོལ་རྩེད་ལ་རོལ་བའི་རྗེས་སུ་ཁོ་ཚོས་ལོ་ལེགས་སྨིན་པའི་ཉིན་མོ་བསུ་དགོས་ཏེ་དེའི་རྗེས་ཀྱི་དུས་ཚོད་ངེས་ཅན་ཞིག་རིང་ལས་ལ་བྲེལ་ངེས་རེད།

     འོང་སྐོར་དུས་ཆེན་ལ་ལོ་1500ལྷག་ཙམ་གྱི་ལོ་རྒྱུས་ཡོད་ཅིང་། 2014ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་སྐོར་བཞི་བའི་མིང་གཞུང་ནང་བཅུག་ཡོད་འདུག

     འདི་དག་ལ་བལྟས་ཚར་རྗེས་མྱུར་དུ་བོད་ལྗོངས་སུ་འགྲོ་འདོད་པའི་འདུན་མ་ངང་ངམ་ཤུགས་ཀྱིས་སྐྱེས་ཡོང་ངམ། རེད་དེ།  དུས་ད་ལྟར་བོད་དུ་བསྐྱོད་ཚེ་ད་དུང་བོད་ཀྱི་ཁྱད་ཆོས་ལྡན་པའི་ཞོ་སྟོན་གྱི་རྗེས་ཀྱང་ཟིན་ཐུབ་པ་མ་ཟད། གོས་སྐུ་བཤམས་པ་དང་གླིང་ཁ་གཏོང་པ། ལྷ་མོ་འཁྲབ་པ་སོགས་ཀྱང་མཐོང་ཐུབ་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།