སྟོན་ཐོག་གི་སྟོན་བཤད།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2018-08-03 10:23:00 ཀློག་གྲངས།:
     སྟོན་བཤད་ནི་བདག་གཞི་མགྲོན་གཉིས་ཀའི་རྟེན་འབྲེལ་འགྲིག་པའི་ཉིན་དེར་བཀྲ་ཤིས་པའི་དབྱངས་སྙན་འབུམ་གྱིས་ཁེངས་པ། ལྟས་ལེགས་པའི་མི་ལ་ངོ་མཚར་གྱི་སྣང་བ་སྟེར་བ།  སྲོལ་ལེགས་པའི་གཞན་གྱིས་ཡིད་སྨོན་འཆོར་བའི་བསྟོད་པ་སྣ་ཚོགས་ནི་ས་བསྟོད། གནས་བསྟོད། གཞི་ཁྱིམ་ལ་བསྟོད་པ། འདུ་འཛི་ཆེ་བའི་ཁྲོམ་ལ་བསྟོད་པ། ཕྱག་སྲོལ་ཡག་པའི་མགྲོན་ལ་བསྟོད་པ། འཆོར་སྒེག་ལང་ཚོ་མཛེས་པའི་མ་སྲུ་ལ་བསྟོད་པ། དཔའ་བོ་དཔུང་བ་ངོམ་པའི་གཞོན་གསར་ལ་བསྟོད་པ། ཟས་ཀ་ར་བུ་རམ་གྱི་སྒྲིག་པའི་སྡེར་ཀར་བསྟོད་པ། དགེ་བའི་མ་ཎི་འདོན་པའི་ལོ་ལོན་ལ་བསྟོད་པ། ལང་ཚོ་གཉོམ་ལག་རྒྱས་པའི་བྱིས་པ་ལ་བསྟོད་པ། གཉེན་ཚང་གི་བསུ་ཕྱོགས་ལ་བསྟོད་པ། ཇ་ལ་བསྟོད་པ། ཆང་ལ་བསྟོད་པ་རྣམས་གསོན་ཉམས་ལྡན་པའི་ངང་ནས་དཔེར་དྲངས་ཏེ་རོ་ཉམས་ཕུན་སུམ་ཚོགས་པ་ཞིག་ཉན་མཁན་ལ་དགའ་སྤྲོ་སྣང་གྱ་ནོམ་པ་སྟེར་བཞིན་ཡོད།
སྟོན་བཤད།
              ཨ་ཞང་ཚང་གིས།
              ཡ---དེ་རིང་ཉི་མ་བཟང་བོ། །
              སྐར་མ་བཟང་བོ། །
              བཀྲ་ཤིས་པའི་ཉི་མ། །
              དོན་འགྲུབ་པའི་ཉི་མ། །
              ཕུན་སུམ་ཚོགས་པའི་ཉི་མ། །
              གནམ་ནས་འཇའ་ཚོན་ཤར་བའི་ཉི་མ། །
              ས་ནས་མེ་ཏོག་བཞད་པའི་ཉི་མ། །
              ཞིང་ལ་ལོ་ལེགས་སྨིན་པའི་ཉི་མ། །
              ཕྱུགས་ལ་ཤ་ཤེད་རྒྱས་པའི་ཉི་མ། །
              ཆོས་དཀར་བོ་བསྟན་པ་དར་བའི་ཉི་མ། །
              སྡུག་གི་མུན་པ་དྭངས་པའི་ཉི་མ། །
              སྐྱིད་ཀྱི་ཉི་མ་ཤར་བའི་ཉི་མ། །
              འགྲོ་ལ་བདེ་སྐྱིད་ལྡན་པའི་ཉི་མ། །
              བདུད་རྩི་སུམ་སྦྱོར་གྱི་ཉི་མ་འདི་ལ། །
              སྟོད་རྒྱ་གར་ཡུལ་གྱི་ལྷོ་ཕྱོགས། །
              སྨད་མདོ་སྨད་ཡུལ་གྱི་ཐིག་ལེ། །
              ས་པདྨ་འདབ་བརྒྱད་ལྡན་ས། །
              གངས་རི་བོ་དར་གོས་གྱོན་ས། །
              སྣོད་ཀྱི་ཡོན་ཏན་ཚང་ས། །
              དགེ་བཅུ་དཔལ་ལ་རོལ་ས། །
              སྐྱིད་ཀྱི་ལྷ་ཁྱིམ་གུར་ཁྱིམ་གྱི་ནང་ནས། །
              བདག་གཞི་མགྲོན་གཉིས་ཀ་ཚོགས་ཀི །
              སྤྲིན་དཀར་བོ་འདྲ་བའི་གདན་ཐོག་ནས། །
              གནམ་སྔོན་པོ་འདྲ་བའི་ཨ་ཞང་བཞུགས་ཀི །
              ནང་སྐར་ཚོགས་འདྲ་བའི་སྡེར་ཀ་སྒྲིག་ཀི །
              འབྲུག་ཕོ་ཆུང་འདྲ་བའི་གཏམ་བཤད་ཀི །
              ཁུ་བྱུག་གསུང་སྙན་འདྲ་བའི་གླུ་ལེན་ཀི །
              ཆབ་ཆུ་སྔོན་མོ་འདྲ་བའི་ཆང་འཐུང་ཀི །
              ཞིམ་མངར་སྦྲང་རྩི་འདྲ་བའི་ཟས་ཟ་ཀི །
              རྨ་བྱའི་སྒྲོ་གུར་འདྲ་བའི་བྲོ་འཁྲབ་ཀི །
              གཡས་གྲལ་གྲལ་ལ་བལྟས་ན། །
              གསེར་གཞོང་མར་ཁུས་བཀང་འདྲ། །
              གཡོན་གྲལ་གྲལ་ལ་བལྟས་ན། །
              གཡུ་ཡི་མཚོ་མོ་འཁྱིལ་འདྲ། །
              གདོང་གྲལ་གྲལ་ལ་བལྟས་ན། །
              མེ་ཏོག་པད་མ་བཞད་འདྲ། །
              རྒན་མགོ་དཀར་གྱི་མན་ཆད། །
              གཞོན་སོ་དཀར་གྱི་ཡན་ཆད་ཚང་མས། །
              རབ་མཛེས་མེ་ཏོག་འདྲ་བའི་གོས་གོན་གི །
              ཞིམ་མངར་བུ་རམ་འདྲ་བའི་ཟས་ཟ་ཀི །
              བདུད་རྩི་ཟིལ་མ་འདྲ་བའི་ཆང་འཐུང་གི །
              རྨ་བྱས་སྒྲོ་གུར་ཕུབ་འདྲའི་གར་འཆམ་གི །
              འདིར་འཚོགས་པའི་གཞི་མགྲོན་གཉིས་ཀ་
              སེམས་མཐུན་གི་ཟེར་རྒྱུ་རེད། །
              ཡ--ལེགས་སོ། །  ལེགས་སོ། །
              ཡ།  དེ་རིང་གི་གཞི་མགྲོན་འཚོགས་པའི་
              གཉེན་སྟོན་འདིའི་སྟེང་ནས། །
              ངས་ཁྱེད་རྣམ་པ་ལ་གཉེན་སྟོན་གྱི་ཞུ་ཚིག་རེ་འབུལ་ན། །
              མི་ཆུང་ཆུང་ང་འདྲ་བ་ལ། །
              སྐྱེས་ཐོབ་ཀྱི་ཤེས་རབ་མེད་ཀི །
              སྦྱངས་སྟོབས་ཀྱི་ཡོན་ཏན་མེད་ཀི །
              མཐོང་རྒྱ་དར་སྐུད་ལས་ཕྲ་གི །
              ཐོས་རྒྱ་ཨ་ལོང་ལས་དོག་གི །
              སྤོབས་པ་ཡུངས་དཀར་ལས་ཆུང་གི །
              དང་བོར་བྲིས་པའི་ཡིག་ཆ་མེད་གི །
              བར་ཏུ་བཏོན་པའི་བྱང་ཆ་མེད་གི །
              ཐ་མ་བཤད་པའི་ཁ་ལྕེ་མེད་གི །
              ངའི་གངས་དཀར་སེམས་ལ་འཆར་དཀའ་གི །
              འདིར་འཚོགས་པའི་ཁྲོམ་པ་འཇིགས་ཆེ་གི །
              མི་ཆུང་ཆུང་ང་འདྲ་བས་བཤད་དཀའ་གི་མོད། །
              གྲལ་མགོ་ལོ་ལོན་སྨ་ར་ཅན་ཚོས། །
              ངའི་ཚིག་ལ་བཀའ་བཀྱོན་རེ་མ་གནང་། ། 
              གྲལ་སྐེད་གྱི་ན་ཆུང་གཞོན་ནུ་ཅན་ཚོས། །
              ངའི་ཚིག་ལ་དག་བཅོས་རེ་མ་བྱེད། །
              གྲལ་རྔའི་མ་སྲུ་རྒྱན་ཆ་ཅན་ཚོས། །
              ངའི་ཚིག་ལ་ཧ་ཧ་ཧོ་ཧོ་རེ་མ་ཟེར་
              ཟེར་བའི་རྒྱུ་མཚན་ཡིན་ཟེར་རྒྱུ་རེད། །
              ཡ---ལེགས་སོ། །  ལེགས་སོ། །
              ཡ།  སྐྱེས་ཕོ་རབ་ཅིག་གིས་གཏམ་བཤད་ན། །
              བྱ་རྒོད་པོས་དགུང་ནས་གནམ་འཕང་བསྟད་འདྲ། །
              འཕུར་གི་འཕུར་གི་ཇེ་མཐོ་ཡིན་རུང་། ། 
              སྤུ་རྩེ་རླུང་ལ་མི་ཐུག་པའི་ཡིད་ཟོན་ཡོད་གི །
              སྐྱེས་ཕོ་འབྲིང་ཞིག་གི་གཏམ་བཤད་ན། །
              བྱ་གླག་མོ་གཟན་ལ་གཞོལ་གཞོལ། །
              གཞོལ་གིན་གཞོལ་གིན་ཇེ་དམའ་ཡིན་རུང་། ། 
              གཤོག་སྣེ་བྲག་ལ་མི་ཐུག་པའི་ཡིད་ཟོན་ཡོད་གི །
              ཕོ་ངན་ང་འདྲ་བས་གཏམ་ཞིག་བཤད་ན། །
              བྱ་ཕུག་རོན་སྔོན་མོས་རྒུམ་བུ་བཏུས་འདྲ། །
              འཁོར་འཁོར་རེ་འབབ་དགོས་གི །
              གཟུར་གཟུར་རེ་བལྟ་དགོས་གི །
              སྒུར་སྒུར་རེ་འཐུ་དགོས་གི །
              མིད་དག་མི་གཅོད་པའི་ཡིད་ཟོན་ང་ལ་ཡང་ཡོད་གི་ཟེར་རྒྱུ་རེད། །
              ཡ----ལེགས་སོ། །ལེགས་སོ། །
              ཡ-------ངས་གངས་ཅན་བོད་ཀྱི་སྣོད་ཀྱི་ཆགས་ཚུལ་ལ་བསྟོད་པ་ཞིག་བྱེད་ན།
              རྒྱ་གར་རྡོ་རྗེ་གདན་གྱི་བྱང་ཕྱོགས། །
              རི་རྒྱལ་ལྷུན་པོའི་ལྷོ་ཕྱོགས། །
              འཛམ་བུ་གླིང་གི་ལྟེ་བ། །
              གངས་དཀར་གྱི་ལྭ་བ་གྱོན་པ། །
              སཱ་ལའི་སྨན་གྱི་དྲི་བསུང་འཐུལ་བ། །
              ཤུག་སྤོས་ཀྱིས་ས་གཞི་ཁེངས་པ། །
              སྟོད་ན་མངའ་རིས་སྐོར་གསུམ། །
              ཤེལ་དཀར་གྱི་མཆོད་རྟེན་བཞེངས་འདྲ། །
              བར་གྱི་དབུས་གཙང་རུ་བཞི་དེ། །
              སེང་གེ་གཡུ་རལ་ངོམས་འདྲ། །
              སྨད་ཀྱི་མདོ་ཁམས་སྒང་དྲུག་དེ། །
              སྟག་མ་བུ་འཛུམ་དྲུག་རྒྱས་འདྲ། །
              བོད་ཀྱི་ཁྲི་སྐོར་བཅུ་གསུམ། །
              དབུས་གཙང་ཆོས་ཀྱི་ཆོལ་ཁ། །
              མདོ་སྟོད་མིའི་ཆོལ་ཁ། །
              མདོ་སྨད་རྟའི་ཆོལ་ཁ། །
              ཕ་སྤྲེའུ་བྱང་ཆུབ་སེམས་དཔའ། །
              མ་སྲིན་རྗེ་བཙུན་སྒྲོལ་མ། །
              བོད་མི་རུས་དྲུག་བྱུང་ཟིག །
              རི་རྩེ་མོ་གསུམ་དེ་ལྡོང་ལ་ཐོབ། །
              ལྡོང་ཞྭ་མགོ་མཐོ་བ་དེ་དོན་ཡིན། །
              རི་རྩ་བ་གསུམ་དེ་འབྲི་ལ་ཐོབ། །
              འབྲིས་རྒྱལ་ས་ནོན་པ་དེ་དོན་ཡིན། །
              འགག་དོག་མོ་གསུམ་དེ་སྦྲ་ལ་ཐོབ། །
              སྦྲ་དཔའ་རྩལ་ཆེ་བ་དེ་དོན་ཡིན། །
              ཕ་ཡབ་མེས་རིང་ལ་བོན་ཆོས་དར། །
              སྣང་གཤེན་བལ་ཐོད་ཅན་གྱིས་ཕྭ་གཡང་བཀུག་ཟིག །
              འཕྲུལ་གཤེན་བལ་མཚོན་ཅན་གྱིས་འགལ་རྐྱེན་སེལ་ཟིག །
              ཕྭ་གཤེན་ཇུ་ཐིག་ཅན་གྱིས་ལེགས་ཉེས་བསྟན་ཟིག །
              དུར་གཤེན་མཚོན་ཅན་གྱིས་གསོན་གཤིན་རྩིས་ཟིག
              བུ་ཚའི་རིང་ལ་བན་ཆོས་དར་ཟིག །
              བོད་རྒྱལ་ལྷ་ཐོ་ཐོ་རི་གཉན་བཙན་རིང་ལ། །
              ནམ་མཁའ་འཇའ་ཚོན་གུར་གྱིས་མཛེས་ཟིག །
              མེ་ཏོག་ཆར་དང་ལྷ་ཡི་རོལ་མོ་བྱུང་ཟིག །
              གསེར་ཤོག་ངོས་ལ་བཻཊཱུརྱ་བྲིས་པའི། །
              སྤང་ཀོང་ཕྱག་རྒྱ་མདོ་སྡེ་ཟ་མ་ཏོག་དང་། ། 
              གསེར་གྱི་མཆོད་རྟེན་མུ་དྲའི་ཕྱག་རྒྱ་བ། །
              ཙན་དན་མ་ཎི་སྐོས་ཕོར་རྣམ་དྲུག་བབས། །
              དེ་ནས་དམ་པའི་ཆོས་ཀྱི་དབུ་བརྙེས་ཟིག །
              བོད་རྒྱལ་སྲོང་བཙན་རིང་ལ་སྲོལ་ཕྱེས་ཟིག །
              ཁྲི་སྲོང་ལྡེའུ་བཙན་རིང་ལ་རྒྱ་བསྐྱེད་ཟིག །
              ལོ་པཎ་མང་བོས་ཆོས་ཀྱི་ས་བོན་འདེབས་ས། །
              བོད་བཙན་པོའི་རྒྱལ་རབས་དར་ས། །
              གདུགས་རྒྱལ་མཚན་མཁའ་ནས་དར་ས། །
              མཁན་སློབ་ཆོས་གསུམ་གྱིས་ཆོས་སྲིད་སྐྱོང་ས། །
              སྐ་ཅོག་ཞང་གསུམ་གྱིས་བཀའ་བསྟན་བསྒྱུར་ས། །
              མཁས་པ་མི་གསུམ་གྱིས་ཐུབ་བསྟན་སྤེལ་ས། །
              འཆད་རྩོད་རྩོམ་གསུམ་གྱི་འཕྲིན་ལས་རྒྱས་ས། །
              མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་ངོམ་ས། །
              མཁྱེན་བརྩེ་ནུས་གསུམ་གྱི་འོད་སྣང་འབར་ས། །
              ཐོས་གསུམ་སྒོམ་གསུམ་གྱི་ཉམས་ལེན་བྱེད་ས། །
              རྗེ་ཙོང་ཁ་ཆེན་པོའི་ལྟེ་ཁྲག་འཕོ་ས། །
              རྒྱལ་བ་པཎ་ཆེན་རྣམ་གཉིས་ཀྱི་ཕ་ས། །
              བོད་ཁམས་ཡུལ་འདི་ཆོས་ཀྱི་འཁོར་ལོ་བསྐོར་ས། །
              བསྟན་པའི་སྲོག་ཤིང་འཛིན་ས། །
              ཆོས་སྐད་ཀྱི་རྔ་སྒྲ་སྒྲོག་ས། །
              སའི་བཅུད་ཀྱི་གཏེར་ཁ་མོད་ས། །
              ས་ཡི་དགེ་བཅུ་ཚང་ས། །
              སྣོད་ཀྱི་ཡོན་ཏན་ལྡན་ས། །
              བཅུད་ཀྱི་དཔལ་ཡོན་ལྡན་ས། །
              མདོ་སྨད་ཡུལ་གྱི་ཐིག་ལེའི། །
              གངས་ཀྱི་ལྷུན་པོ་ཨ་མྱེས་རྨ་ཆེན་དེ། །
              གནམ་སྔོན་པོ་ཀ་བ་བཙུགས་འདྲ། །
              གངས་དཀར་ཕྱོགས་ལས་རྣམ་རྒྱལ་དེ། །
              དངུལ་དཀར་གྱི་རྒྱལ་མཚན་བསྒྲེངས་འདྲ། །
              མཚོ་སྙིང་མ་ཧཱ་དེ་བ་དེ། །
              གཡུ་སྔོན་གྱི་མནྜལ་འབུལ་འདྲ། །
              ས་དུག་ཐང་གི་ཨ་མྱེས་བ་ཡན་དེ། །
              རྡོ་གཡའ་མའི་གོ་ཁྲབ་གྱོན་འདྲ། །
              ནུབ་ཕྱོགས་ཀྱི་ཨ་མྱེས་གཡག་སྙིང་དེ། །
              དངུལ་དཀར་གྱི་ཁྲབ་མོག་གྱོན་འདྲ། །
              འབའ་མང་སྟོད་ཀྱི་མཐོན་པོ་བཅུ་གསུམ་དེ། །
              ཕྱུག་གི་མེ་རི་འཁྱིལ་འདྲ། །
              མང་སྟོད་སྒིས་ཡི་ལྷ་མོ་སྤུན་གསུམ་དེ། །
              དངུལ་དཀར་གྱི་ལྭ་བ་གྱོན་འདྲ། །
              ཆུ་བཟང་གི་ཅི་པར་རྫ་རྒན་དེ། །
              བྱ་ཁྱུང་ཆེན་ནམ་འཕང་བསྟད་འདྲ། །
              བཙོད་ལུང་གི་དམག་དཔུང་ཆེན་པོ་དེ། །
              གླང་ཆེན་ནགས་ནས་འགྱིངས་འདྲ། །
              རྫ་སྟོད་ཀྱི་ཁེའུ་རབ་དཔག་ཆེན་དེ། །
              བྱ་ཁྱུང་ཆེན་ནམ་འཕང་བསྟད་འདྲ།
              ས་བརྒྱད་པ་ཐོབ་པའི་ཨ་མྱེས་བྲག་དཀར་དེ།
              སྟག་ཤར་ལུས་ལ་ཁྲབ་དཀར་གྱོན་འདྲ། །
              གནས་རྩ་བརྒྱད་ཀྱི་ཨ་མ་མཁའ་འགྲོ་མ་དེ། །
              མུ་མེན་ཕྲེང་བ་བསྟར་ལ་བརྒྱུས་འདྲ། །
              དལ་ལྡན་གྱི་རྨ་ཆུ་སྔོན་མོ་དེ། །
              ལྷོ་གཡུ་འབྲུག་སྔོན་མོ་ཐང་ལ་འཁྱིལ་འདྲ། །
              རྒྱུན་ཆད་མེད་ཀྱི་མང་ཆུ་རིང་མོ་དེ། །
              དར་སྔོན་གྱི་ཡོལ་བ་དགུང་ལ་འཐེན་འདྲ་ཡིན་ཟེར་རྒྱུ་རེད། །
              འོ--ལེགས་སོ། །  ལེགས་སོ། །
              ཡང་དགེ་བཅུ་ཚང་བའི་གཡང་སྡེ་ལ་བསྟོད་པ་ཞིག་བྱེད་ན།
              ས་ཆུང་རུང་ལུང་ཞེང་ཆེ་ས། །
              གནམ་མཐོན་པོའི་ཁ་དཔང་མངོན་ས། །
              རི་མཐོན་པོའི་ཅོད་པན་མཛེས་ས། །
              དཔྱིད་དུས་མེ་ཏོག་སྣ་ཚོགས་བཀད་ས། །
              དབྱར་དུས་ཁུ་བྱུག་གསུང་སྙན་སྒྲོག་ས། །
              སྟོན་དུས་ལོ་ལེགས་སྙེ་མ་ལྡེམ་ས། །
              དགུན་དུས་ཆབ་རོམ་གུར་གྱིས་མཛེས་ས། །
              ས་དབུགས་ཀྱི་དྲོད་ཁོལ་འཛོམས་ས། །
              ཕྱུགས་ཀྱི་འཕེལ་ཁ་དར་ས། །
              ལོ་ལོན་གྱི་མ་ཎི་འདོན་ས། །
              གཞོན་པའི་དཔའ་རྩལ་འཛོམས་ས། །
              སྨན་ཤར་གྱི་མོ་སྒོ་ཡག་ས། །
              གཤིས་བཟང་གི་བུ་མོ་སྐྱེ་ས་ཞིག་ཡིན་ཟེར་རྒྱུ་རེད།
              འོ---ལེགས་སོ། །  ལེགས་སོ། །
              ཡ  ངས་གཉེན་ཚང་གི་གཡང་ཁྱིམ་འདི་ལ་བསྟོད་པ་ཞིག་བྱེད་ན།
              གཡུ་སྔོན་བྱུགས་འདྲའི་གནམ་འོག་དང་། ། 
              ས་པད་མ་མཛེས་པའི་གདན་སྟེང་ན། །
              ལས་བསོད་ནམས་བསགས་པའི་གཡང་ཁྱིམ་ཆགས་ཡོད་ཀི །
              རྒྱབ་ཕྱོགས་སྤོས་དཀར་ཤིང་གིས་མཛེས་པར་རྒྱན་ཡོད་ཀི །
              གཡོན་ལྷ་ཤུག་སྔོན་མོའི་རྦ་རླབས་འཁྲིགས་ཡོད་ཀི །
              གཡས་སུ་བྱེ་མ་ཕུང་བའི་མན་ཏྲ་བརྩིགས་ཡོད་ཀི །
              མདུན་དུ་མང་ཆུ་སྔོན་མོའི་སྐ་རགས་འཆིང་ཡོད་ཀི །
              ཁང་གྲུ་བཞི་མཛེས་པའི་འབོལ་ཆ་བརྒྱབ་ཡོད་ཀི །
              ཟས་ཀ་ར་བུ་རམ་སྡེར་ཀ་བསྒྲིགས་ཡོད་ཀི །
              ཤ་འབྲུ་མར་ཐུད་གསུམ་གྱི་སྟོན་མོ་བཤམས་ཡོད་ཀི །
              ཆང་བདུད་རྩི་མངར་མོ་འཐུང་ཡག་གི ། །
              གྲི་དཔའ་དམ་ཅན་གྱི་གླུ་བའི་གླུ་ཡག་གི །
              རྒྱན་ཆ་ཅན་གྱི་བུ་མོའི་གར་ཡག་གི །
              ནང་ཁྲོམ་པ་དགའ་བའི་སེམས་སྐྱིད་ཀི་རེད་ཟེར་རྒྱུ་རེད།
              འོ---ལེགས་སོ། །  ལེགས་སོ། །
              ཡ  ངས་དེ་རིང་སྙན་ཞིང་འཇེབས་པའི་གཏམ་ཞིག་བཤད་ན།
              ཉི་ཟླ་སྐར་གསུམ་དགུང་ནས་ཤར་གི །
              དགུང་ཉི་མ་འོད་ཟེར་འཕྲོས་ན་ཡག་གི །
              སེང་དཀར་མོ་གངས་རིའི་རྩེ་ནས་འགྱིངས་ཀི །
              སེང་གཡུ་རལ་ཕྲག་ནས་ངོམས་ན་ཡག་གི །
              སྟག་གཟིག་གཉིས་ཀ་ནགས་ནས་མཆོང་གི །
              སྟག་དར་མ་འཛུམ་དྲུག་ངོམས་ཡག་གི །
              པུར་རྒྱལ་བོད་འདི་གཉེན་ལ་ཚོགས་ཀི །
              རང་འཐད་གཉེན་སྒྲིག་བྱས་ན་ཡག་གི །
              ནང་གཞི་མགྲོན་གཉིས་ཀ་གྲལ་ན་བཞུགས་ཀི །
              ཟས་དཀར་དམར་མགྲོན་པོ་བསུ་ན་ཡག་གི །
              སྟག་ཤ་རས་ཇ་འདྲེན་ཆང་འདྲེན་བྱེད་ཀི །
              མ་སྲུ་མོས་གླུ་ལེན་གར་རྩེ་ན་ཡག་གི་ཟེར་རྒྱུ་རེད།
              འོ--ལེགས་སོ། །  ལེགས་སོ། །
              ཡ  དེ་རིང་གི་སྟོན་མོའི་རྒྱན་ཞིག་བཤད་ན། །
              ཉི་མ་ཤར་ནས་ཤར་ན་ནམ་མཁའི་རྒྱན་རེད། །
              ལྷོ་གཡུ་འབྲུག་ངར་སྐད་སྒྲོག་ན་རྨ་བྱའི་རྒྱན་རེད། །
              སྟག་འཛུམ་དྲུག་ཐིག་ལེ་རྒྱས་ན་ནགས་ཀྱི་རྒྱན་རེད། །
              སེང་གཡུ་རལ་ངོམས་པ་གངས་རིའི་རྒྱན་རེད། །
              འབྲོང་བྲེ་སེར་རྭ་རྩེ་བྱེད་པ་རྫ་རིའི་རྒྱན་རེད། །
              སྐད་སྙན་མོ་ཁུ་བྱུག་གྲགས་ན་སོས་ཀའི་རྒྱན་རེད། །
              འབྲུ་རིགས་ལོ་ལེགས་རྒྱས་པ་ཞིང་བའི་རྒྱན་རེད། །
              རྟ་ནོར་ལུག་གསུམ་འཕེལ་བ་རྩྭ་ཐང་གི་རྒྱན་རེད། །
              དཔལ་འབྱོར་གོང་དུ་འཕེལ་ན་ས་ཆའི་རྒྱན་རེད། །
              ཕུ་ནུ་མཐུན་སྒྲིལ་ཡོང་ན་ཁྱིམ་ཚང་གི་རྒྱན་རེད། །
              སྒར་ནས་མཁས་པ་བྱུང་ན་དགོན་པའི་རྒྱན་རེད། །
              བྱིས་པའི་བློ་རིག་མྱུར་ན་ཕ་མའི་རྒྱན་རེད། །
              སློབ་མའི་རྒྱུགས་འབྲས་བཟང་ན་སློབ་གྲྭའི་རྒྱན་རེད། །
              སྟག་ཤར་དཔའ་རྩལ་རྒྱས་ན་ཚོ་བའི་རྒྱན་རེད། །
              སྨན་བུ་མོའི་མོ་སྒོ་ཡག་ན་སྡེ་བའི་རྒྱན་རེད། །
              ཨ་ཞང་གྲལ་མགོ་བཞུགས་པ་ཁྲོམ་པའི་རྒྱན་རེད། །
              གཏམ་ཆང་ཁ་འཇམ་ན་གྲལ་གྱི་རྒྱན་རེད། །
              ཟས་དཀར་དམར་སྟོན་མོ་བསྒྲིགས་པ་གཉེན་ཚང་གི་རྒྱན་རེད། །
              བར་བ་ཁ་ལྕེ་བདེ་ན་བདག་གཞི་མགྲོན་གཉིས་ཀའི་རྒྱན་ཡིན་ཟེར་རྒྱུ་རེད།
              འོ---ལེགས་སོ། །  ལེགས་སོ། །
              ཡ  དེ་རིང་ཨ་ཞང་ཕེབས་སྲོལ་ཞིག་བཤད་རྒྱུ་ན། །
              ད་ནངས་སྐྱ་རེངས་ཀྱི་ཐོག་མ། །
              ཉི་ཤར་གྱི་རྩེ་མོ་འདི་ལ། །
              ཨ་ཞང་རྣམ་པས། །
              སྒ་སྔ་རིའི་མགོ་ནས་ཉི་མ་ཤར་ཏེ། །
              སྒ་ཕྱི་རིའི་མགོ་ནས་ཟླ་བ་ཚེས་ནས། །
              ཡོབ་ཕྲ་མོའི་ནང་ནས་འཇའ་ཚོན་ཤར་ནས། །
              སྒའི་སྟན་ཙེའི་སྟེང་ནས་སྐར་ཆེན་བུད་ནས། །
              རྟ་འདོ་བའི་འཚེར་སྐད་དགུང་ལ་ཁྱབ་ནས། །
              ཙག་བསེར་བུ་གདོང་གིས་བསུས་ནས། །
              རི་ཆེན་པོ་ལྟག་གིས་བཞག་ནས། །
              ཐང་ཆེན་པོ་བཏུད་ཀྱིས་བཅད་ནས། །
              དཀའ་སྡུག་ཐོད་ལ་བླངས་ནས། །
              དགུང་ཉི་མ་འདྲ་ཞིག་ཤར་ནས་ཡོང་གི །
              འབྲུག་ཕོ་ཆུང་འདྲ་ཞིག་གྲགས་ནས་ཡོང་གི །
              ཆར་བསིལ་མ་འདྲ་ཞིག་བབས་ནས་ཡོང་གི །
              འཇའ་སྣ་ལྔ་འདྲ་ཞིག་ཤར་ནས་ཡོང་ཀི །
              སེང་དཀར་མོ་བཞིན་དུ་འགྱིངས་ནས་ཡོང་ཀི །
              སྟག་དམར་ཡག་བཞིན་དུ་མཆོངས་ནས་ཡོང་གི །
              བྱ་རྨ་བྱ་འདྲ་ཞིག་གཟུར་ནས་ཡོང་གི །
              བྱ་ཁུ་བྱུག་འདྲ་ཞིག་གྲགས་ནས་ཡོང་ཟེར་རྒྱུ་རེད། །
              འོ---ལེགས་སོ། །  ལེགས་སོ། །
              ཡ།  གཉེན་ཚང་གི་བསུ་སྲོལ་ལ་བསྟོད་པ་ཞིག་བྱེད་ན། །
              གཉེན་ཚང་གིས་བསུ་སྲོལ་ཡག་གི །
              ས་རྒྱང་ཐག་ལམ་ནས་སྔོན་བསུ་བྱེད་ཀི །
              དར་དཀར་བོ་ཐོད་ལ་ཕྱར་ནས་འབུལ་གི །་
              ས་ཐག་རིང་ལམ་ལ་དྲི་བསྐོལ་འཁྱེར་གི །
              དྲི་བསྐོལ་རིམ་པ་བཅུ་གསུམ་འཁྱེར་གི །
              སྒོ་ཁ་ཐོན་དུས་འབབ་རྟེན་འཇོག་གི །
              གདན་དཀར་སྟེང་ལ་གདན་དམར་འདིང་ཀི །
              ཨ་ཞང་རྣམ་པ་དེ་སྟེང་འབབ་གི །
              གཡས་ནས་སྐྱོར་ནས་ནང་ལ་བསུ་གི །
              གཡོན་ནས་སྐྱོར་ནས་གྲལ་འགོར་བསུ་གི །
              ཙན་དན་དམར་བོའི་ཅོག་ཙེ་སྟེང་ལ། །
              ཟས་ཀ་ར་བུ་རམ་སྡེར་ཀ་སྒྲིག་ཡོད་ཀི །
              ཤིང་སིལ་ཏོག་མང་པོ་གཡོན་ལ་བསྒྲིགས་ཡོད་ཀི །
              ཤ་ཚོན་པོ་ཚང་ར་དཀྱིལ་ལ་སྒྲིག་ཡོད་ཀི །
              ལང་ཚོ་དར་ལ་བབས་པའི་མ་སྲུ་དག་གིས། །
              གསེར་དེམ་བཀྲ་ཤིས་འཁྱིལ་བའི་ནང་དུ། །
              རྒྱ་ཇ་མེ་ཏོག་ཡོངས་འཛིན་བསྐོལ་ཀི །
              འབྲི་མར་སེར་པོའི་ཁ་རྒྱན་འཕེན་ཀི །
              བྱང་ཚྭ་དཀར་མོས་དྲོ་བ་བསྐྱེད་ནས། །
              ལག་གཉིས་ཨ་ཞང་ཚང་ལ་འདྲེན་ཀི །
              གཉེན་ཚང་གིས་འདྲེན་སྲོལ་ཡག་གི །
              ཨ་ཞང་ཚང་གིས་བཞེས་སྲོལ་ཡག་གི་རེད་ཟེར་རྒྱུ་ཡིན། །
              འོ---ལེགས་སོ། །  ལེགས་སོ། །
              ཡ།  དེ་རིང་གཉེན་སྟོན་འདིའི་སྟེང་ནས་ཁ་གཡང་དང་ཕྭ་གཡང་ཞིག་བོས་ན།
              རྒས་པའི་ཚེ་ཐག་རིང་བའི་བཀྲ་ཤིས་ཤོག །
              གཞོན་པའི་འདབ་ལག་རྒྱས་པའི་བཀྲ་ཤིས་ཤོག །
              བྱིས་པའི་བློ་རིག་རྒྱས་པའི་བཀྲ་ཤིས་ཤོག །
              ཕྱུགས་ལ་འཕེལ་ཁ་རྒྱས་པའི་བཀྲ་ཤིས་ཤོག །
              ཞིང་ལ་ལོ་ལེགས་རྒྱས་པའི་བཀྲ་ཤིས་ཤོག །
              གོ་ལོང་འཁྲུག་བཟློག་མེད་པའི་བཀྲ་ཤིས་ཤོག །
              གོད་ཆག་སྨེ་བ་བཟློག་པའི་བཀྲ་ཤིས་ཤོག །
              གདོན་དང་བགེགས་རིགས་བཟློག་པའི་བཀྲ་ཤིས་ཤོག །
              བཀྲ་ཤིས་གཡང་གི་བཀྲ་ཤིས་ཤོག །
              ཚེ་རིང་ནད་མེད་བཀྲ་ཤིས་ཤོག །


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།