ཉ་ཤ་ལས་སྟངས་དང་ཉ་ཤའི་རིགས།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2018-07-04 10:08:00 ཀློག་གྲངས།:

དཔྱིད་ཉ་དཔལ་འཛོམས།

རྒྱུ་ཆ། ཉ1དང་། སྣུམ་རྒྱ་མ5། བསོད་ནམས་དཔལ་འཛོམས་དང་། ཚྭ། ཕིང་རྩམ་ཆུ་སྦང་། སུར་པན་གང་བུ་ཆུ་སྦང་། ལྒ་སྨུག བཙོང་། གཡེར་མ། ཤ་སྨན། སྒོག་པ་བཅས་འོས་འཚམས་དགོས།
བཟོ་སྟངས། ཉ་ཤ་རྡོག་ཙམ་རྡོག་ཙམ་གཏུབས་ནས་སྣུམ་གྱི་ནང་བཀྲག་རྒྱུ། དེ་རྗེས་ཚལ་སླང་ནང་སྣུམ་བཙག་བཅད་དེ་སུར་པན་གང་བུ་ཆུ་སྦང་ཞིབ་ཞིབ་བཙབས་ནས་ལྒ་སྨུག་དང་། ཚྭ། བཙོང་། སྒོག་པ། གཡེར་མ། བསོད་ནམས་དཔལ་འཛོམས་བཅས་མཉམ་དུ་བརྔོ་ཙམ་བྱས་རྗེས་ཆུ་མང་ཉུང་འཚམ་པོ་ཞིག་དང་ཉ་བླུགས་ཏེ་མེ་ཆུང་ངུའི་ཐོག་བསྐོལ་རྒྱུམ་ཟད། ཉ་ཤ་ཚོས་མཚམས་ལ་ཤ་སྨན་དང་ཕིང་རྩམ་ཆུ་སྦང་བླུག་རྒྱུ།

དཔྱིད་ཉ་གསུམ་བསྲེས།

རྒྱུ་ཆ། ཡུལ་ཉ་ཆེ་བ1དང་། མོག་རོ་ཁེ50། སོ་ལོ་སྔོན་པོ་དང་དམར་པོ་ཁེ50། སྒོ་ང1། སྣུམ་རྒྱ་མ5། ཕིང་རྩམ་དང་། ཚྭ། ལྒ་སྨུག སྒོག་པ། ཤ་སྨན་བཅས་འོས་འཚམས་དགོས།
བཟོ་སྟངས། ཉའི་ཤ་རུས་ཕྲལ་ཏེ་ཤ་རྣམས་ལྷེབ་ལྷེབ་གཏུབས་ནས་ཉ་ཤ་དང་། ཕིང་རྩམ། སྒོ་ངའི་དཀར་སྤྲི་བཅས་མཉམ་བསྲེས་བཏང་ཐོག་སྣུམ་ནང་བཀྲག་རྒྱུ་དང་། སོ་ལོ་སྔོན་པོ་དང་དམར་པོ་ལྷེབ་ལྷེབ་གཏུབ་རྒྱུ། དེ་རྗེས་ཚལ་སླང་ནང་སྣུམ་བཙག་བཅད་དེ་ཚྭ་དང་། ལྒ་སྨུག སྒོག་པ། མོག་རོ། སོ་ལོ་སྔོན་པོ་དང་དམར་པོ། ཉ་ཤ་བཅས་མཉམ་དུ་བརྔོས་ནས་ཤ་སྨན་རྒྱག་རྒྱུ།

དཔྱིད་ཉ་བཀྲག་མ།

རྒྱུ་ཆ། ཡུལ་ཉ1དང་། སྣུམ་རྒྱ་མ6། སྒོག་པ་དང་། ཚྭ། སུར་པན་ཞིབ་ཞིབ། གཡེར་མ་ཞིབ་ཞིབ། ལྒ་སྨུག ལྗང་ཡུའུ། ཨ་རག བཙོང་། ཤ་སྨན་བཅས་འོས་འཚམས་དགོས།
བཟོ་སྟངས། ཉ་ཤ་གྲུ་བཞི་ནར་མོ་གཏུབས་ནས་ཚྭ་དང་། སྣུམ། སྒོག་པ། ལྒ་སྨུག ཨ་རག ལྗང་ཡུའུ།  བཙོང་བཅས་བརྒྱབ་སྟེ་མཉམ་བསྲེས་བཏང་ནས་བསྙལ་རྒྱུ། དེ་རྗེས་སྣུམ་དྲོད་ཚད་མཐོ་ཙམ་ཞིག་གི་ནང་ཉ་ཤ་བཀྲག་ནས་དེའི་ཐོག་ཤ་སྨན་དང་།  སུར་པན། གཡེར་མ་བཅས་རྒྱག་རྒྱུ།

ཉ་རྗེན།

རྒྱུ་ཆ། ཉ1དང་། རྩམ་པ་ཁེ200། ཚྭ་དང་། སྒོག་པ། སུར་པན། གཡེར་མ་བཅས་འོས་འཚམས་དགོས།
བཟོ་སྟངས། ཉ་ཤ་ཞིབ་ཞིབ་བཙབས་རྗེས་ཚྭ་དང་། སྒོག་པ་ཞིབ་ཞིབ། གཡེར་མ་ཞིབ་ཞིབ། སུར་པན་ཞིབ་ཞིབ། རྩམ་པ་བཅས་བླུགས་ནས་མཉམ་བསྲེས་བཏང་སྟེ་གསོལ་བ་མཉམ་དུ་མཆོད་ན་ཤིན་ཏུ་སྤྲོ།

དཔྱིད་ཀའི་ཉ་ཐུག

རྒྱུ་ཆ། ཉ་ཆེ་བ1དང་། ལ་ཕུག་དཀར་རིལ་ཁེ150། སྣུམ་ཁེ50། རྩམ་པ་ཁེ200། ཚྭ་དང་། སྒོག་པ། སུར་པན། གཡེར་མ་བཅས་འོས་འཚམས་དགོས།
བཟོ་སྟངས། ཉའི་ཤ་རུས་ཕྲལ་ནས་ཤ་རྣམས་ཞིབ་ཞིབ་བཙབ་རྒྱུ་དང་། ལ་ཕུག་ཞིབ་ཞིབ་བཙབས་ནས་ཁུ་བ་ཞུ་རྒྱུ། དེ་རྗེས་ཉ་ཤ་བརྔོ་ཙམ་བྱས་ཐོག་རྩམ་པ་དང་། ཚྭ། ལ་ཕུག  སུར་པན་ཞིབ་ཞིབ། སྒོག་པ་ཞིབ་ཞིབ། གཡེར་མ་ཞིབ་ཞིབ། ཆུ་བཅས་བླུགས་ནས་བསྐོལ་ཏེ་གསོལ་བ་མཉམ་དུ་མཆོད་ན་ཤིན་ཏུ་སྤྲོ།

དཔྱིད་ཉ་ཁ་ཚ།

རྒྱུ་ཆ། ཉ1དང་། སྣུམ་རྒྱ་མ6། ཚྭ་དང་། གཡེར་མ། སུར་པན། ལྒ་སྨུག རི་སྒོག ཕིང་རྩམ་ཆུ་སྦང་། བཙོང་། ཤ་སྨན་བཅས་འོས་འཚམས་དགོས།
བཟོ་སྟངས། ཉ་ལ་ཁྲམ་བརྒྱབ་ནས་ཚལ་སླང་ནང་སྣུམ་མང་ཙམ་བཙག་བཅད་དེ་བཀྲག་རྒྱུ། དེ་རྗེས་ཚལ་སླང་ནང་སྣུམ་ཕྲན་བུ་བཙག་བཅད་དེ་སུར་པན་དང་། རི་སྒོག བཙོང་། གཡེར་མ། ཚྭ། ལྒ་སྨུག་བཅས་བླུགས་ནས་བརྔོ་ཙམ་བྱས་རྗེས་ཤ་སྨན་དང་ཕིང་རྩམ་ཆུ་སྦང་བརྒྱབ་སྟེ་བསྐོལ་ཙམ་བྱས་ནས་ཉ་ཤའི་ཐོག་བླུག་རྒྱུ།

ལྷ་སའི་ཉ་ཤ་རླངས་བཙོས།

རྒྱུ་ཆ། ལྷ་སའི་ཉ1དང་། སྣུམ་རྒྱ་མ5། ཚྭ་དང་། སྒོག་པ། ལྒ་སྨུག གཡེར་མ། ཕིང་རྩམ་ཆུ་སྦང་། ཤ་སྨན། ལྗང་ཡུའུ་བཅས་འོས་འཚམས་དགོས།
བཟོ་སྟངས། ཉ་ཤ་གྲུ་བཞི་ནར་མོ་གཏུབས་ནས་སྣུམ་ནང་བཀྲག་རྗེས་ཕོར་བའི་ནང་གྲལ་བསྟར་བསྒྲིགས་ཐོག་སྒོག་པ་དང་། ལྒ་སྨུག གཡེར་མ། ཤ་སྨན། ལྗང་ཡུའུ། ཚྭ། ཕིང་རྩམ་ཆུ་སྦང་བཅས་བླུགས་ཏེ་མོག་ཕྲུའི་ནང་རླངས་བཙོས་རྒྱག་རྒྱུ།

རི་སྒོག་ཉ་རིལ།

རྒྱུ་ཆ། ཉ1དང་། པོ་ཚལ་ཁེ200ཀླད་སྐྱིན་ཁེ5། སྒོ་ང2། སྣུམ་རྒྱ་མ5། སྒོག་པ་དང་། ལྒ་སྨུག སུར་པན་གང་བུ་ཆུ་སྦང་། ཕིང་རྩམ། ཚྭ། བསོད་ནམས་དཔལ་འཛོམས་བཅས་འོས་འཚམས་དགོས།
བཟོ་སྟངས། ཉའི་ཤ་རུས་ཕྲལ་ནས་ཞིབ་ཞིབ་བཙབས་ཐོག་སྒོ་ང་དང་ཕིང་རྩམ་བསྲེས་ནས་ཤ་རིལ་བཟོས་ཏེ་ཆུ་ཁོལ་ནང་བཙོ་རྒྱུ་དང་། པོ་ཚལ་ཁུ་བ་ཞུས་ནས་སྡེར་མའི་ནང་འདོན་རྒྱུ། དེ་རྗེས་ཚལ་སླང་ནང་སྣུམ་བཙག་བཅད་དེ་སྒོག་པ་དང་། ལྒ་སྨུག སུར་པན་གང་བུ་ཆུ་སྦང་། ཀླད་སྐྱིན།  ཚྭ། བསོད་ནམས་དཔལ་འཛོམས་བཅས་དང་ཉ་ཤ་མཉམ་དུ་བརྔོས་ནས་པོ་ཚལ་ཐོག་བླུག་རྒྱུ།

ཉ་མགོའི་ཐང་།

རྒྱུ་ཆ། ཉ་མགོ1དང་། ཨོའོ་སུན་ཁེ50། པད་ཚལ་དཀར་པོ་ཁེ100། སེར་ཤ་ཁེ50། ལྒ་སྨུག་དང་། ཕོ་རིལ། ཚྭ། བཙོང་། ཤ་སྨན་བཅས་འོས་འཚམས་དགོས།
བཟོ་སྟངས། ཉ་མགོ་གཙང་མ་བཀྲུས་ནས་ཆུའི་ནང་བཙོས་རྗེས་ལྒ་སྨུག་དང་། ཕོ་རིལ། ཚྭ། ཨོའོ་སུན། པད་ཚལ་དཀར་པོ། སེར་ཤ བཙོང་། ཤ་སྨན་བཅས་བརྒྱབ་སྟེ་བསྐོལ་རྒྱུ།

གྲོད་བཏུམས་ཉ་ཤ

རྒྱུ་ཆ། གྲོད་པ་སུལ་མང་རྒྱ་མ2དང་། ཉ་ཤ་རུས་མེད་ཞིབ་ཞིབ་ཁེ200། ཇིན་ཚལ་ཁེ10། སྒོ་ང2། སྣུམ་ཁེ75། ལྒ་སྨུག་དང་། སྒོག་པ། ཕིང་རྩམ། ཚྭ། ཤ་སྨན། སུར་པན་ཞིབ་ཞིབ། ཕོ་རིལ་བཅས་འོས་འཚམས་དགོས།
བཟོ་སྟངས། གྲོད་པ་སུལ་མང་ལྷེབ་ལྷེབ་ཆེ་ཙམ་གཏུབས་ནས་ཁུ་བ་ཞུ་རྒྱུ།  དེ་རྗེས་ཉ་ཤ་དང་། སྒོ་ངའི་དཀར་སྤྲི། ཕིང་རྩམ། ཚྭ། ཕོ་རིལ་བཅས་མཉམ་བསྲེས་བཏང་ནས་གྲོད་པའི་ནང་བསྒྲིལ་ཐོག་ཇིན་ཚལ་གྱིས་ཁ་བསྡམས་ནས་རླངས་བཙོས་རྒྱག་རྒྱུ། མཇུག་ཏུ་ཚལ་སླང་ནང་སྣུམ་བཙག་བཅད་དེ་ཚྭ་དང་། ལྒ་སྨུག སྒོག་པ། སུར་པན། ཕོ་རིལ། ཕིང་རྩམ་ཆུ་སྦང་། ཤ་སྨན། ཆུ་ཕྲན་བུ་བཅས་བླུགས་ནས་བསྐོལ་རྗེས་གྲོད་བཏུམས་ཉ་ཤའི་ཐོག་བླུག་རྒྱུ།

ཉ་ཤ་བཀྲག་མ།

རྒྱུ་ཆ། ཉ1དང་། སྣུམ་རྒྱ་མ5། ཚྭ་དང་། སྒོག་པ། ལྒ་སྨུག སུར་པན་གང་བུ། ཤ་སྨན། གཡེར་མ་བཅས་འོས་འཚམས་དགོས།
བཟོ་སྟངས། ཉའི་ཤ་རུས་ཕྲལ་ནས་ཉ་ཤ་ཏི་ཀ་གྲུ་བཞི་ནར་མོ་གཏུབས་ཏེ་ཚྭ་དང་། སྒོག་པ། ལྒ་སྨུག སུར་པན་གང་བུ། གཡེར་མ། ཤ་སྨན། སྣུམ་བཅས་བླུགས་ནས་བསྙལ་རྒྱུ། དེ་རྗེས་ཚལ་སླང་ནང་སྣུམ་མང་ཙམ་བཙག་བཅད་དེ་ཉ་ཤ་བཀྲག་རྒྱུ།

ཉ་འབྲས།

རྒྱུ་ཆ། ཉ་ཤ་རུས་མེད་ཁེ150དང་། འབྲས་བཙོས་མ་ཁེ75། སྣུམ་ཁེ50། ཚྭ་དང་། ལྒ་སྨུག བཙོང་། ཤ་སྨན། གཡེར་མ་བཅས་འོས་འཚམས་དགོས།
བཟོ་སྟངས། ཉ་ཤ་ཞིབ་ཞིབ་བཙབས་རྗེས་ཚལ་སླང་ནང་སྣུམ་བཙག་བཅད་དེ་ཉ་ཤ་དང་། ཚྭ། ལྒ་སྨུག གཡེར་མ། བཙོང་། ཤ་སྨན་བཅས་མཉམ་དུ་བརྔོས་ཐོག་འབྲས་བཙོས་མ་བླུགས་ནས་མཉམ་དུ་བརྔོ་ཙམ་བྱ་རྒྱུ།

ཡུལ་ཉ་ཁ་ཆེ་ཤ་སྐམ།

རྒྱུ་ཆ། ཡུལ་ཉ་ཆེ་བ1དང་། ཁ་ཆེ་ཤ་སྐམ་ཕྲན་བུ། མར་རྒྱ་མ5། ཚྭ་དང་། ལྒ་སྨུག ཕིང་རྩམ་ཆུ་སྦང་། ཤ་སྨན་བཅས་འོས་འཚམས་དགོས།
བཟོ་སྟངས། ཉ་ཤ་བཙབས་ནས་ཤ་རིལ་བཟོས་ཏེ་མར་ནང་བཀྲག་རྒྱུ། དེ་རྗེས་ཚལ་སླང་ནང་མར་བཞུར་ཏེ་ལྒ་སྨུག་དང་། ཚྭ། ཉ་ཤ་བཅས་བླགས་ནས་མཉམ་དུ་བརྔོས་ཐོག་ཁ་ཆེ་ཤ་སྐམ་ཆུ་སྦང་དང་། ཕིང་རྩམ་ཆུ་སྦང་། ཤ་སྨན་བཅས་བླུགས་ནས་བརྔོ་ཙམ་བྱ་རྒྱུ།

དབྱར་རྩྭ་དགུན་འབུའི་ཉ་ཤ་ཤ་རིལ།

རྒྱུ་ཆ། དབྱར་རྩྭ་དགུན་འབུ་རྐང10དང་། ཉ1། སྒོ་ང2། མར་རྒྱ་མ5། ཚྭ་དང་། ལྒ་སྨུག རི་སྒོག ཕིང་རྩམ་སྐམ་པོ། ཕིང་རྩམ་ཆུ་སྦང་བཅས་འོས་འཚམས་དགོས།
བཟོ་སྟངས། དཀར་ཡོལ་ནང་དབྱར་རྩྭ་དགུན་འབུ་དང་ཆུ་ཕྲན་བུ་བླུགས་ཏེ་རླངས་བཙོས་རྒྱག་རྒྱུ། དེ་རྗེས་ཉའི་རུས་པ་དང་པགས་པ་མེད་པ་བཟོས་ནས་ཤ་རྣམས་བཙབས་ཐོག་སྒོ་ངའི་དཀར་སྤྲི་དང་ཕིང་རྩམ་སྐམ་པོ་བླུགས་ནས་མཉམ་བསྲེས་ཀྱིས་ཤ་རིལ་བཟོས་ཏེ་མར་ཁུའམ་སྣུམ་ནང་བཀྲག་རྗེས་ཤ་རིལ་སྟེང་དུ་དབྱར་རྩྭ་དགུན་འབུ་བཙུགས་ནས་སྡེར་མའི་ནང་འདོན་རྒྱུ། མཇུག་ཏུ་ཚལ་སླང་ནང་མར་བཞུར་ནས་ལྒ་སྨུག་དང་། ཚྭ། རི་སྒོག དབྱར་རྩྭ་དགུན་འབུའི་ཁུ་བ། ཕིང་རྩམ་ཆུ་སྦང་བཅས་མཉམ་དུ་བསྐོལ་ནས་སྡེར་མའི་ནང་གི་དབྱར་རྩྭ་དགུན་འབུའི་ཉ་ཤ་ཤ་རིལ་ཐོག་བླུག་རྒྱུ།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།