མངར་ཟས་ལས་སྟངས་དང་མངར་ཟས་ཀྱི་རིགས།
གྲོ་ཐུད།
རྒྱུ་ཆ། གྲོ་མ་ཁེ1དང་། མར་ཁེ350། བྱེ་མ་ཀ་ར་ཁེ150། ཕྱུ་ར་ཁེ100བཅས་འོས་འཚམས་དགོས།བཟོ་སྟངས། གྲོ་མ་མེ་ཆུང་ངུའི་ཐོག་བཙོས་ནས་གྲང་སངས་གཏོང་རྒྱུ། དེ་རྗེས་མར་དང་། གྲོ་མ། བྱེ་མ་ཀ་ར། ཕྱུ་ར་བཅས་མཉམ་བསྲེས་བཏང་སྟེ་ཤིང་སྒྲོམ་ནང་བླུགས་ནས་བཟོ་ལྟ་གང་རུང་བཟོས་ན་འགྲིག
ཕྱུར་ཐུད།
རྒྱུ་ཆ། མར་ཁ་འཇམ་རྒྱ་མ1དང་། ཕྱུ་ར་རྒྱ་མ2། བུ་རམ་རྡོག་ཆུང་ཁེ150བཅས་དགོས།བཟོ་སྟངས། ཆུ་དྲོད་འཇམ་ནང་ཕྱུ་ར་བླུགས་ནས་སྦང་ཙམ་བྱ་རྒྱུ། དེ་རྗེས་མར་དང་། ཕྱུ་ར། བུ་རམ་བཅས་མཉམ་དུ་བརྫིས་རྗེས་ཐུད་སྒྲོམ་མམ་སྣོད་གཞན་གང་རུང་ནང་བླུགས་ནས་བཟོ་ལྟ་གང་རུང་བཟོས་ན་འགྲིག
མར་ཟན།
རྒྱུ་ཆ། མར་ཁེ200དང་། རྩམ་པ་ཁེ400། ཕྱུ་ར་ཁེ200། བུ་རམ་རྡོག་ཆུང་ངམ་བྱེ་མ་ཀ་ར་ཁེ100བཅས་དགོས།བཟོ་སྟངས། རྩམ་པ་དང་། མར། ཕྱུ་ར། བུ་རམ་མམ་བྱེ་མ་ཀ་ར་བཅས་མཉམ་བསྲེས་ཐོག་བརྫིས་ཡག་པོ་བརྒྱབ་ནས་ཤིང་སྒྲོམ་ནང་བླུགས་པའམ་ཡང་ན་ལག་པས་བཟོ་ལྟ་གང་རུ་བཟོས་ན་འགྲིག
ཀུ་ཤུ་བག་ལེབ།
རྒྱུ་ཆ། ཀུ་ཤུ་རྡོག1དང་། གྲོ་ཞིབ་ཁེ100། སྒོ་ང2། བྱེ་མ་ཀ་ར་ཁེ50། སྣུམ་རྒྱ་མ1བཅས་དགོས།བཟོ་སྟངས། ཀུ་ཤུའི་པགས་པ་བཤུ་རྒྱུ་དང་དཀྱིལ་གྱི་འབྲུ་གུ་བཏོན་ནས་ལྷེབ་ལྷེབ་གཏུབ་རྒྱུ། དེ་རྗེས་གྲོ་ཞིབ་ནང་སྒོ་ང་དང་། བྱེ་མ་ཀ་ར། ཆུ་ཕྲན་བུ་བཅས་བླུགས་ནས་དཀྲུག་དཀྲུག་བཏང་སྟེ་ཀུ་ཤུའི་ངོས་སུ་བྱུགས་ནས་སྣུམ་ནང་བཀྲག་རྒྱུ།
ཞོ་འབྲས།
རྒྱུ་ཆ། ཞོ་ཁེ300དང་། འབྲས་ཁེ200། མར་ཁེ50། བྱེ་མ་ཀ་ར་ཁེ25བཅས་དགོས།བཟོ་སྟངས། འབྲས་བཙོས་ཏེ་དཀར་ཡོལ་ནང་བླུགས་ཐོག་ཞོ་དང་བྱེ་མ་ཀ་ར་བླུག་རྒྱུ། དེ་རྗེས་མར་བཞུར་ནས་ཚ་གྲང་སྙོམས་པོ་བྱུང་མཚམས་ལ་ཞོ་འབྲས་ཐོག་བླུགས་ནས་དཀྲུག་དཀྲུག་གཏོང་རྒྱུ།
གྲོ་མ་འབྲས་སིལ།
རྒྱུ་ཆ། གྲོ་མ་ཁེ200དང་། འབྲས་ཁེ200། མར་ཁེ100། བྱེ་མ་ཀ་ར་ཁེ50བཅས་དགོས།བཟོ་སྟངས། གྲོ་མ་དང་འབྲས་ཁག་སོ་སོ་བྱས་ནས་བཙོ་རྒྱུ། དེ་རྗེས་གྲོ་མ་དང་འབྲས་ཚ་པོའི་ནང་མར་དང་བྱེ་མ་ཀ་ར་བླུགས་ནས་མཉམ་བསྲེས་གཏོང་རྒྱུ།
གྲོ་མ་མོག་མོག
རྒྱུ་ཆ། གྲོ་མ་ཁེ500དང་། མར་ཁེ200། བྱེ་མ་ཀ་ར་ཁེ50། གྲོ་ཞིབ་ཁེ500། སུའུ་ཏྲར་ཕྲན་བུ་བཅས་དགོས།བཟོ་སྟངས། གྲོ་མ་བཙོས་ནས་མར་དང་བྱེ་མ་ཀ་ར་བླུགས་ཏེ་མཉམ་བསྲེས་གཏོང་རྒྱུ། དེ་རྗེས་གྲོ་ཞིབ་ནང་ཆུ་དང་སུའུ་ཏྲར་བླུགས་ནས་བརྫིས་བརྒྱབ་རྗེས་གྲོ་མ་བླུགས་ནས་མོག་མོག་བཟོས་ཏེ་མོག་ཕྲུའི་ནང་རླངས་བཙོས་རྒྱག་རྒྱུ།
ཕྱུ་ར་སོས་པའི་མོག་མོག
རྒྱུ་ཆ། ཕྱུ་ར་སོས་པ་ཁེ400དང་། བྱེ་མ་ཀ་ར་ཁེ100། གྲོ་ཞིབ་ཁེ500། མར་ཁེ100བཅས་དགོས།བཟོ་སྟངས། གྲོ་ཞིབ་སླ་ཙམ་བརྫི་རྒྱུ། དེ་རྗེས་ཕྱུ་ར་སོས་པའི་ནང་ཆུ་ཁོལ་ཕྲན་བུ། མར། བྱེ་མ་ཀ་ར་བཅས་བླུགས་ནས་མཉམ་བསྲེས་བཏང་རྗེས་གྲོ་ཞིབ་ནང་བླུགས་ནས་མོག་མོག་བཟོས་ཏེ་མོག་ཕྲུའི་ནང་རླངས་བཙོས་རྒྱག་རྒྱུ།
སྦང་གླུམ་མར་ཁུ།
རྒྱུ་ཆ། སྦང་གླུམ་སོས་པ་ཁེ200དང་། མར་ཁེ150། བུ་རམ་རྡོག་ཆུང་ཁེ20བཅས་དགོས།བཟོ་སྟངས། མར་དང་བུ་རམ་མཉམ་དུ་བསྐོལ་ནས་སྦང་གླུམ་སོས་པའི་ཐོག་བླུགས་ཏེ་མཆོད་རྒྱུ། སྦང་གླུམ་མར་ཁུ་ནི་བུད་མེད་སྐྱེས་གསོས་དང་རླུང་ནད་ལ་ཤིན་ཏུ་ཕན་པའི་ཟས་རིགས་ཤིག་ཡིན།
བག་ཚ་མར་ཁུ།
རྒྱུ་ཆ། གྲོ་ཞིབ་ཁེ500དང་། བུ་རམ་རྡོག་ཆུང་ངམ་བྱེ་མ་ཀ་ར་ཁེ50། ཕྱུ་ར་ཁེ100། མར་ཁེ300བཅས་དགོས།བཟོ་སྟངས། གྲོ་ཞིབ་སྐམ་ཙམ་བརྫིས་ནས་བག་ཚ་ཆུང་ཙམ་བཟོས་ཏེ་ཆུ་ཁོལ་ནང་བཙོ་རྒྱུ་དང་། ཕྱུ་ར་ཆུ་དྲོད་འཇམ་ནང་སྦང་རྒྱུ། དེ་རྗེས་ཚལ་སླང་ནང་མར་བཞུར་ཏེ་བག་ཚ་དང་། བུ་རམ། ཕྱུ་ར་བཅས་བླུགས་ནས་དཀྲུག་དཀྲུག་གཏོང་རྒྱུ་མ་ཟད། བག་ཚའི་ཁ་དོག་སེར་པོ་ཆགས་རྗེས་འདོན་རྒྱུ།
གྲོ་མ་མར་ཁུ།
རྒྱུ་ཆ། གྲོ་མ་ཁེ150དང་། ཕྱུ་ར་ཁེ100། མར་ཁེ100། བྱེ་མ་ཀ་ར་ཁེ50བཅས་དགོས།བཟོ་སྟངས། གྲོ་མ་བཙོས་རྗེས་མར་བཞུར་ནས་གྲོ་མ་དང་བྱེ་མ་ཀ་ར་བླུགས་ཏེ་མཉམ་བསྲེས་གཏོང་རྒྱུ། དེ་ནི་དཀར་ཟས་ཤ་མེད་ཞེས་པ་དེ་ཡིན།
སྦོ་ལུག
རྒྱུ་ཆ། གྲོ་ཞིབ་རྒྱ་མ1དང་། འོ་མ་རྒྱ་མ5། བྱེ་མ་ཀ་ར་ཁེ100། མར་རམ་སྣུམ་རྒྱ་མ10བཅས་དགོས།བཟོ་སྟངས། ཧ་ཡང་ནང་འོ་མ་དང་། གྲོ་ཞིབ། བྱེ་མ་ཀ་ར་བཅས་བླུགས་ནས་དཀྲུག་དཀྲུག་ཡག་པོ་བཏང་རྗེས་རྒྱོང་མདའི་ནང་བླུགས་ནས་མར་ཁུ་ཚ་པོའི་ནང་བཟོ་ལྟ་སྒོར་སྒོར་བཟོས་ཏེ་བཀྲག་རྒྱུ།
སྲང་གང་བག་ལེབ།
རྒྱུ་ཆ། གྲོ་ཞིབ་རྒྱ་མ2དང་། མར་རྒྱ་མ5། བྱེ་མ་ཀ་ར་ཁེ100བཅས་དགོས།བཟོ་སྟངས། གྲོ་ཞིབ་བརྫིས་ནས་ལྷེབ་ལྷེབ་སྲབ་པོ་བཟོས་ཐོག་མར་རམ་སྣུམ་བྱུགས་ནས་བསྒྲིལ་ཏེ་གཏུབ་རྒྱུ་མ་ཟད། རྒྱུག་རིལ་གྱིས་ལེབ་ལེབ་བཟོས་རྗེས་མར་ཁུའི་ནང་བཀྲག་རྒྱུ། མཇུག་ཏུ་བྱེ་མ་ཀ་ར་ཞིབ་ཞིབ་བརྡུངས་ནས་སྲང་གང་བག་ལེབ་ཐོག་སྟོར་རྒྱུ།
གྲོ་མ་བག་ལེབ།
རྒྱུ་ཆ། གྲོ་ཞིབ་རྒྱ་མ2དང་། གྲོ་མ་ཁེ100། མར་ཁེ50། བྱེ་མ་ཀ་ར་ཁེ30། སུའུ་ཏྲར་ཕྲན་བུ་བཅས་དགོས།བཟོ་སྟངས། གྲོ་མ་བཙོས་ནས་མར་དང་བྱེ་མ་ཀ་ར་བླུགས་ཏེ་མཉམ་བསྲེས་གཏོང་རྒྱུ། དེ་རྗེས་གྲོ་ཞིབ་ནང་ཆུ་དང་སུའུ་ཏྲར་བླུགས་ནས་བརྫིས་ཐོག་གྲོ་མ་བླུགས་ཏེ་བག་ལེབ་བཟོས་ནས་བག་སླང་ནང་བཀྲག་རྒྱུ།
ཕྱུ་རའི་བག་ལེབ།
རྒྱུ་ཆ། ཕྱུར་ཞིབ་ཁེ7དང་། བྱེ་མ་ཀ་ར་ཁེ3། མར་ཁེ50། གྲོ་ཞིབ་རྒྱ་མ2། སུའུ་ཏྲར་ཕྲན་བུ་བཅས་དགོས།བཟོ་སྟངས། གྲོ་ཞིབ་ནང་མར་དང་། སུའུ་ཏྲར། ཆུ་བཅས་བླུགས་ནས་བརྫི་རྒྱུ། དེ་རྗེས་ཕྱུར་ཞིབ་དང་། བྱེ་མ་ཀ་ར། མར་བཅས་མཉམ་བསྲེས་བཏང་ནས་གྲོ་ཞིབ་ནང་བླུགས་ཐོག་བག་ལེབ་བཟོས་ཏེ་བག་སླང་ནང་བཀྲག་རྒྱུ།
བཀྲ་ཤིས་ཁམས་བཟང་།
རྒྱུ་ཆ། གྲོ་མ་ཁེ150དང་། ཨ་ཤོམ་ཁེ75། ཕྱུར་ཞིབ་ཁེ30། མར་ཁེ50། བྱེ་མ་ཀ་ར་ཁེ50བཅས་དགོས།བཟོ་སྟངས། གྲོ་མ་དང་ཨ་ཤོམ་ཁག་སོ་སོ་བྱས་ནས་བཙོ་རྒྱུ། དེ་རྗེས་ཚལ་སླང་ནང་མར་བཞུར་ནས་གྲོ་མ་དང་ཨ་ཤོམ་བརྔོས་ཐོག་ཕྱུར་ཞིབ་དང་བྱེ་མ་ཀ་ར་རྒྱག་རྒྱུ།
ཤིང་འབྲས་ཞོ་མངར།
རྒྱུ་ཆ། འབྲི་ཞོའམ་བ་ཞོ་རྒྱ་མ1དང་། བྱེ་མ་ཀ་ར་ཁེ20། རྒུན་འབྲུམ་ཁེ15། ཚ་ལུ་མ་ཁེ15། ཆི་བི་ཁ་ཁེ15བཅས་དགོས།བཟོ་སྟངས། འབྲི་ཞོ་དང་། བྱེ་མ་ཀ་ར། རྒུན་འབྲུམ། ཚ་ལུ་མ། ཆི་བི་ཁ་བཅས་མཉམ་དུ་དཀྲུག་དཀྲུག་བཏང་ནས་མཆོད་རྒྱུ། ཤིང་འབྲས་ཞོ་མངར་དེ་ཞག་ཚི་ཆེ་བའི་ཟས་རིགས་མཆོད་པའི་རྗེས་མཆོད་ན་ངམ་ལ་མི་རྒྱག་པ་དང་འཇུ་བདེ་བའི་ཁྱད་ཡོན་ལྡན།
སྤྲིས་མ་མར་ཁུ།
རྒྱུ་ཆ། སྤྲིས་མ་ཁེ200དང་། མར་ཁེ75། བྱེ་མ་ཀ་ར་ཁེ30བཅས་དགོས།བཟོ་སྟངས། འབྲིའམ་བ་ཡི་སྤྲིས་མ་སོས་པའི་ཐོག་མར་བཞུར་ནས་ཚ་གྲང་སྙོམས་པོ་ཆགས་རྗེས་བླུག་རྒྱུ་དང་། མཇུག་ཏུ་བྱེ་མ་ཀ་ར་བླུག་རྒྱུ།
དབྱར་བྲོ་ནོར་བུ་རྒྱས་འཛོམས།
རྒྱུ་ཆ། དབྱར་རྩྭ་དགུན་འབུ་རྐང20དང་། འབྲས་སྤུས་ལེགས་ཁེ150། མར་ཁེ30། བྱེ་མ་ཀ་ར་ཁེ20། རྒུན་འབྲུམ་དང་། ཁ་སུར། ཆི་བི་ཁ་བཅས་ཕྲན་བུ་དགོས།བཟོ་སྟངས། དབྱར་རྩྭ་དགུན་འབུ་ཆུ་ཕྲན་བུའི་ནང་སྦང་རྒྱུ་དང་། འབྲས་ཕྱེད་བཙོས་རྒྱག་རྒྱུ། དེ་རྗེས་དཀར་ཡོལ་ནང་དབྱར་རྩྭ་དགུན་འབུ་སྟར་བསྒྲིགས་ཐོག་འབྲས་དང་། མར། བྱེ་མ་ཀ་ར། རྒུན་འབྲུམ། ཁ་སུར། ཆི་བི་ཁ་བཅས་བླུགས་ནས་མོག་ཕྲུའི་ནང་རླངས་བཙོས་བརྒྱབ་རྗེས་སྡེར་མའི་ནང་ཁ་སྤུབས་ཏེ་འདོན་རྒྱུ།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com