བོད་ཀྱི་གཞི་བདག་གི་སྐོར་ལ་ཉམས་ཞིབ་ཕྲན་བུ་བྱས་པའི་ཟིན་བྲིས།(ཚན་བཤུས)

རྩོམ་པ་པོ།: ཧོར་གཙང་འཇིགས་མེད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-09-05 11:28:00 ཀློག་གྲངས།:

 སྤྱི་བཤད་ཕྲན་བུ།
        འཇིག་རྟེན་དུ་ཆོས་ལུགས་མི་འདྲ་བ་སྣ་ཚོགས་བྱུང་ཡོད་ལ། མི་རྣམས་ཀྱིས་ཆོས་ལུགས་དེ་དག་དངོས་བརྒྱུད་ཅི་རིགས་ཀྱིས་ལྷ་རིགས་འདྲ་མིན་མང་བོར་ཡིད་ཆེས་བྱེད་པ་སྤྱི་མཚུངས་ཡིན་ཀྱང༌། རི་འབུར་འབུར་རེ་རེའི་ནང་ན་ཨ་མྱེས་རེ་གནས་པར་ཡིད་ཆེས་བྱེད་པ་ཧ་ལམ་རང་ཅག་ལས་མེད་པར་ཐག་བཅད་ཆོག་པ་ལྟ་བུ་ཡིན། འུ་ཅག་གི་ལོ་རྒྱུས་ཐོག་གནས་ཚད་མཐོ་བོར་འཛིན་པའི་ཡི་དམ་ཆོས་སྲུང་ཁག་ལ་བྱུང་རབས་ལོ་རྒྱུས་དང༌། ཆེ་མཐོ་གཉན་རབས་ཀྱི་ཡིག་ཆ་ཧ་ཅང་མང་ཡང༌། ཨ་མྱེས་རྣམས་ལ་དེ་ལྟ་བུའི་བཀུར་བཟོ་ཆེ་བསྟོད་མེད་སྟབས་བསང་ཡིག་ལྟ་བུ་ལས་བྱུང་རབས་ལོ་རྒྱུས་ཀྱི་ཡིག་ཆ་ཤིན་ཏུ་ཉུང་བར་སྣང༌།
        ཁོ་བོའི་བསམ་པར་ཡུལ་ལུང་གཞན་དག་ནས་གདན་ཞུ་བྱས་པའི་ལྷ་སྲུང་རྣམས་དད་ལྡན་ལ་འོས་པའི་གནས་ལུགས་ཡོད་ངེས་ཀྱང༌། རང་ཅག་རྩམ་ཟན་མི་རིགས་འདི་དང་རང་བྱུང་ལྷན་སྐྱེས་ཀྱི་འབྲེལ་བ་དེ་ཙམ་མེད་པར་སྙམ་ཞིང༌། གཞི་བདག་ཨ་མྱེས་རྣམས་ནི་དེ་ལས་ལྡོག་སྟེ་བོད་ཞིང་འབྲོག་མི་དམངས་དང་འབྲེལ་བ་ཡོད་པར་མ་ཟད། རང་ཅག་གི་མེས་པོ་དག་གི་བྱུང་རབས་ལོ་རྒྱུས་དང་འབྲེལ་བ་གལ་ཆེན་ཡོད་ཅིང༌། ཆེས་གནའ་དུས་ཀྱི་བོད་རང་གི་རྒྱལ་བློན་དམག་དཔོན་དང་དེ་དག་གི་ཆ་ལུགས་ཆོས་གོས། ཡུལ་སྲོལ་གོམས་གཤིས། དགྲ་འདུལ་གཉེན་སྐྱོང་ཇི་ལྟར་བྱས་སྐོར་ལའང་འབྲེལ་བ་ཡོད་པར་སྙམ་པས་ད་རེས་ཀྱི་དཔྱད་རྩོམ་འདི་འབྲི་བའི་ངལ་བ་ལ་ཞུགས་པ་ཡིན།
        ང་ཚོས་གཞི་བདག་གི་སྐོར་ལ་ཞིབ་འཇུག་བྱེད་སྐབས་དོ་སྣང་བྱེད་དགོས་པའི་དོན་གནད་གཅིག་ཡོད་པ་ནི། སྔོན་བྱོན་མཁས་པས་མདོར་བསྡུས་སུ་བྲིས་ཟིན་གྱི་བསྐང་གསོལ་བསྟོད་བསྐུལ་སོགས་རྒྱས་བཤད་བྱེད་པ་དང༌། ཧ་ཅང་རྒྱས་པའི་གནའ་གཞུང་དོན་བསྡུ་བྱེད་པ། ཅུང་ཟད་གོ་དཀའ་བའི་རིགས་སླ་བར་བཟོས་པ་ལྟ་བུ་གཉེར་རྐྱང་བྱས་ཚེ་ཞིབ་འཇུག་གི་དམིགས་ཡུལ་མ་འགྲུབ་པར་སྙམ། གོང་སྨོས་བྱེད་ཐབས་དེ་རིགས་ལའང་ཕན་ཐོགས་ཕྲན་བུ་མེད་པ་མིན་མོད། ང་ཚོས་ལྷ་སྒྲུང་རྟོག་བཟོ་དང་ཅུང་ཟད་འདྲེས་པའི་ཨ་མྱེས་ཁག་གི་ལོ་རྒྱུས་ལ་བསྐྱར་ཞིབ་ཡང་ཞིབ་བྱས་ཏེ། དེ་དག་གི་གསེང་དུ་མི་མངོན་པར་ཐིམ་པའི་བོད་གདོད་མའི་སྤྱི་ཚོགས་ཀྱི་གནས་སྟངས་སྐོར་ཞིག་བསྔོག་འདོན་བྱེད་ཐུབ་ན་ད་གཟོད་ཞིབ་འཇུག་གི་གྲུབ་འབྲས་ཤིག་ལ་བརྩིས་ཆོག་པ་ཡིན།
        ང་ཚོས་གཞི་བདག་རྣམས་ལྷ་ལྷ་རྐྱང་ཞིག་ཏུ་བཟུང་ནས་ལྷའི་གནས་སྟངས་གཅིག་པུ་ལ་གཙིགས་འཛིན་ལས་མིའི་སྤྱི་ཚོགས་དང་ལོ་རྒྱུས། ཡུལ་སྲོལ་གོམས་གཤིས་སོགས་དང་ཁ་བྲལ་ཚེ་ང་ཚོའི་ཞིབ་འཇུག་དེ་ཡང་རིན་ཐང་མེད་པའི་ཞིབ་འཇུག་ཅིག་ཆགས་པ་ཡིན། ང་ཚོས་གཞི་བདག་ལ་ཞིབ་འཇུག་བྱེད་སྐབས་རྒྱུན་དུ་མཐོང་ཐུབ་པ་ཞིག་ནི། བཙན་དང་རྒྱལ་བོ་སོགས་ཡིན་ལ། བཙན་དང་རྒྱལ་བོ་སོགས་མིང་ཚིག་འདི་དག་ལ་བརྟེན་ནས་ང་ཚོར་བློ་བསྐྱེད་ཅིག་བྱུང་བ་ནི། ཏུན་ཧོང་གཏེར་ཡིག་སོགས་གནའ་བོའི་བོད་ཀྱི་ལོ་རྒྱུས་ཡིག་རྙིང་ཁག་ཏུ་རྒྱལ་བོ་ལ་བཙན་པོ་དང་རྗེ་བོ་ཞེས་འབོད་སྲོལ་གཉིས་རེས་མོས་སུ་བྱུང་འདུག་པ་དེ་ལ། གནམ་གྱི་ཁྲི་བདུན་སོགས་བོད་ཀྱི་རྒྱལ་བོ་ལ་འཛིན་པའི་ལྟ་སྟངས་ཐད་བོན་གྱི་ཤུགས་རྐྱེན་ཐེབས་ནས་ཁོང་ཚོ་གནམ་གྱི་འཇུ་ཐག་ལ་འཇུས་ནས་སྟེང་ལྷ་ཡུལ་དུ་གཤེགས་པས་སྐུ་གདུང་མེད་ཟེར་བ་སོགས་ལ་བསམས་ན་རྒྱལ་བོ་ལྷའི་ངོ་བོ་ཡིན་པར་བཟུང་བ་མཐོང་ནུས་ཤིང༌། དེ་འདྲའི་འཛིན་སྟངས་དེའི་དབང་གིས་རྒྱལ་བོ་འདས་གྲོངས་སུ་གྱུར་རྗེས་མཆོད་གསོལ་བྱེད་པའི་ལུགས་སྲོལ་ངེས་ཅན་དུ་ཡོད་ཅིང༌། ལུགས་སྲོལ་དེ་མི་རབས་མང་བོའི་རིང་བརྒྱུད་སྐབས་ངོ་བོར་འགྱུར་ལྡོག་ཕྲན་བུ་བྱུང་ནས་བཙན་དང་རྒྱལ་བོ་ཞེས་འཇིགས་འཇིགས་བྱེད་པའི་ཡུལ་ལྷ་གཞི་བདག་རིགས་མི་འདྲ་བ་དེ་དག་བྱུང་བར་སྙམ།
        ཆེས་གདོད་མའི་དུས་སུ་བོད་ཀྱི་མངའ་མཛད་བཅུ་དང༌། རྒྱལ་ཕྲན་སིལ་མ་བཅུ་གཉིས་སོགས་བྱུང་བར་བཤད་ཅིང༌། སྔ་མ་དག་གི་སྐབས་སུ་བོད་དུ་མི་མེད་པར་འདྲེ་སྲིན་གདུག་པ་ཅན་ཤ་སྟག་གིས་བཟུང་བར་བཤད་པ་དེ་དོན་དངོས་སུ་བོད་ཀྱི་གདོད་མའི་མེས་པོ་དག་ཡིན་པར་ཚོད་དཔག་བྱ་རྒྱུ་ལས་ཁུངས་ཕེར་གྱི་རྒྱུ་མཚན་གསལ་ཁ་ཅན་རེ་ཞིག་མ་རྙེད་ཀྱང༌། གཅིག་བྱས་ན་ང་ཚོའི་ཚོད་དཔག་འདི་དོན་མཐུན་གྱི་ཚོད་དཔག་ཅིག་ཡིན་སྲིད།
        བོད་ཀྱི་རྒྱལ་རབས་དགུ་བ་བུ་སྤུ་དེ་གུང་རྒྱལ་དང༌། སྲིད་པ་ཆགས་པའི་ལྷ་དགུའི་ནང་གི་ཡབ་བུ་དེ་གུང་རྒྱལ་གཉིས་མཚན་གཅིག་མཚུངས་ཡིན་པ་འདིས་ང་ཚོར་བསམ་གཞིགས་ཀྱི་སྣེ་མོ་ཞིག་བསྟན་པར་སེམས་ཤིང༌། མངའ་མཛད་དྲུག་གམ་བཅུ་དང་རྒྱལ་ཕྲན་སིལ་མའི་སྐབས་ཀྱི་རྒྱལ་བོ་དང་བློན་པོ། དམག་དཔོན་གྲགས་ཆེན་སོགས་ལ་ཆེ་བསྟོད་བྱེད་སྐབས་ལྷ་ཞེས་བཏགས་ནས། ཕྱིས་རྗེས་དྲན་མཆོད་གསོལ་བྱས་པ་ལ་བརྟེན་ནས་ཡུལ་ལྷའམ་གཞི་བདག་ཏུ་གྱུར་ཀྱང་སྲིད་ལ། དུས་རབས་བརྒྱ་ཕྲག་བདུན་པ་དང་བརྒྱད་པར་བྱུང་བའི་བོད་ཀྱི་རྒྱལ་བོ་གྲགས་ཆེན་ཚོར་ལྷ་བཙན་པོ་ཞེས་འབོད་པ་འདིའི་ཤུགས་ཀྱིས་སྲིད་པ་ཆགས་པའི་ལྷ་ཞེས་པའང་ཆེས་གདོད་མའི་དུས་ཀྱི་མེས་པོ་མཛད་རྗེས་ཅན་ལ་ལྷ་རུ་བཏགས་པར་བདེན་དཔང་བྱེད་ཐུབ་པར་སྙམ་ཞིང༌། དགེ་ཆོས་ཀྱིས་རྒྱལ་ཁམས་སོ་སོའི་ཡུལ་ལྷ་རྣམས་ནི་ཡུལ་དེ་དང་དེའི་སྔོན་གྱི་མི་གཙོ་བོ་དག་གི་ཆ་ལུགས་སུ་ཡོད་པ་ཡིན་ལ། དེས་ན་རང་རེ་རྣམས་ཀྱིས་ཀྱང་བཙན་དང་རྒྱལ་བོ་ཞང་བློན་སོགས་སུ་འབོད་པའི་ཡུལ་ལྷ་འདི་དག་ལ་བལྟས་ནས། སྔོན་གྱི་བཙན་པོ་དང་རྒྱལ་བོ་རྣམས་དྲག་པོ་གཡུལ་གྱི་ཆ་ལུགས་ཇི་ལྟར་མཛད་པའི་རྣམ་པ་རགས་ཙམ་ཞིག་དཔྱད་ན་མི་འཚམ་པ་ཆེར་མེད་སེམས་ཏེ།༡ གསུངས་འདུག་ཅིང༌། འདིའི་སྐོར་ལ་དེང་དུས་ཀྱི་མཁས་དབང་དོར་ཞིས་སྡོམ་ཚིག་ཅིག་གནང་བ་ནི་བྱབྱབོད་ཀྱི་ས་ཆ་ཕལ་ཆེར་ན་རི་མང་བོ་ཞིག་ཡུལ་ལྷ་གཞི་བདག་གི་མིང་གིས་འབོད་ཅིང༌། ལབ་གཏོད་དང་བསང་གཏོང་བྱེད་ཀིན་ཡོད། ཡུལ་ལྷ་གཞི་བདག་ཕལ་ཆེར་གནའ་དུས་ཀྱི་རྒྱལ་བློན་དང་ཡུལ་དཔོན་དམག་དཔོན་དང་རུས་ལྷ་ཞེས་པ་རང་གི་རུས་རྒྱུད་ཀྱི་མེས་པོ་ཞིག་ཡིན་པར་སྣང་ལ། མི་རིགས་གཞན་པས་རང་གི་མེས་པོ་རྣམས་ཀྱི་ལོ་རྒྱུས་རྡོ་རིང་སྟེང་དུ་ཡི་གེ་བརྐོས་པ་བཞིན། བོད་མི་རྣམས་རི་བོ་རྣམས་ལ་མེས་པོ་རྣམས་ཀྱི་མིང་བཏགས་ནས་བསྐལ་བའི་བར་དུ་མི་བརྗེད་པར་བྱས་པ་རེད།༢ ཅེས་གསུངས་འདུག
        ཁྱད་པར་དེང་སང་གི་བོད་ཀྱི་རུ་སྡེ་ཡུལ་ཁག་གིས་བདག་ཏུ་འཛིན་བཞིན་པའི་གཞི་བདག་རྣམས་ལ་ཐུན་མོང་གི་ཁྱད་ཆོས་འགའ་ཡོད་པ་ནི།
        གཅིག ཐོག་མར་དཔལ་རྩལ་ཅན་གྱི་མི་དངོས་ཡིན་པ།   གཉིས། དེ་ནས་དགྲ་ཟླ་གང་ཞིག་དང་འཐབ་ནས་གྲི་ཤི་ཐེབས་པ།  གསུམ། དེ་ནས་གནས་ཡུལ་ལུང་གི་མི་ཟོག་སེམས་ཅན་ལ་གནོད་འཚེ་བྱས་པ། བཞི།  མཇུག་མཐར་བླ་མ་གཏེར་སྟོན་གྲུབ་ཆེན་ཞིག་གིས་དམ་ལ་བཏགས་ནས་གཞི་བདག་ཏུ་བཀོད་པས། ཡུལ་ལུང་སྤྱི་དང་བྱེ་བྲག་ལ་སྡོང་གྲོགས་བྱེད་ཀྱིན་པ་བཅས་ཀྱི་བརྒྱུད་རིམ་གཅིག་མཚུངས་སུ་ཡོད་པ་དེ་རེད།
        གཞི་བདག་གི་བརྒྱུད་རིམ་འདིས་ང་ཚོར་དོན་གནད་ཅིག་བསྟན་པ་ནི། རི་བྲག་རྫ་གསེང་དུ་གཞི་བདག་ཅེས་པའི་འཇིགས་རུང་སྟོབས་ལྡན་གྱི་འགྲོ་བ་གཏུམ་དྲག་ཅན་ཞིག་ཡོད་མིན་གང་ལྟར། དཔའ་བོ་དང་ལོ་རྒྱུས་མི་སྣ་སྙན་གྲགས་ཅན་དེ་དག་གི་རྗེས་དྲན་ལྟ་བུར་མཆོད་བསྟོད་གུས་བཀུར་མུ་མཐུད་བྱེད་བཞིན་ཡོད་པ་འདི་རེད།
        གཞན་ཡང་གནས་ཆུང་ལྟ་བུའི་སྐྱ་བོའི་རྣམ་པ་ཅན་འགའ་ཞིག་ལ་རྒྱལ་བོར་འབོད་ཅིང༌། གྲྭ་བ་སེར་མོའི་རྣམ་པ་ཅན་གྱི་ཡུལ་ལྷ་གཞི་བདག་ཁག་ལའང་རྒྱལ་བོར་འབོད་སྲོལ་ཡོད་སྟབས། སྐྱ་སེར་བར་ཁ་འཛིང་ཤོར་སྐབས་སྐྱ་བོས་གྲྭ་བ་ལ་རྒྱལ་སྲིན་དང་རྒྱལ་གདོན་ཞེས་དམོད་མོ་བོར་སྲོལ་དེ་བྱུང་བ་ཡིན། འོ་ན་རྒྱལ་བོ་རིགས་གཉིས་དེ་ཇི་ལྟར་བྱུང་ངམ་ཞེ་ན། སྐྱ་བོར་གྱུར་པའི་རྒྱལ་བོ་དེ་རིགས་ནི་གནའ་བོའི་ལོ་རྒྱུས་ཐོག་གི་མིའི་རྒྱལ་བོ་རང་ལ་གོ་དགོས་ཤིང༌། སེར་མོ་བར་གྱུར་པའི་རྒྱལ་བོ་རིགས་གཞན་པ་ཤོས་ནི་ནང་ཆོས་བོད་ཡུལ་དུ་དར་རྗེས། ཆོས་སྲིད་ཟུང་འབྲེལ་ལམ་ལུགས་སྐབས་མངའ་བདག་ཁྲི་རལ་གྱི་བློན་ཆེན་བྲན་ཀ་དཔལ་ཡོན་ཤི་ནས་འདྲེར་གྱུར་པ་ཕྱིས་གཞི་བདག་ཏུ་བཙུད་པ་ལྟ་བུ་དག་ལ་གོ་དགོས།
        བར་འདི་ནས་ང་ཚོའི་བརྗོད་གཞི་ལ་གསལ་ཁ་ཐོན་ཕྱིར་བཙན་རྒོད་འབར་བ་སྤུན་བདུན་གྱི་ཡ་གྱལ་ཇོ་བོ་རྫོང་བཙན་པ་མཚན་གཞིར་བཟུང་སྟེ་ཅུང་ཟད་འཆད་ན། འདི་ལ་ཕྱིས་ཀྱི་སྔགས་འཆང་རྣམས་ཀྱིས་ཕྱི་ནང་གསང་གསུམ་གྱི་སྒྲུབ་ཐབས་སོགས་བཟོས་འདུག་པའི་ཕྱི་ལྟར་ན། བཙན་རྒོད་འབར་བ་སྤུན་བདུན་ཏེ།
       གཅིག མཆིམས་ཕུའི་བྲག་བཙན་རྡོ་རྗེ་དྲག་པོ་རྩལ། གཉིས། གཡུ་ལུང་གངས་བཙན་རྡོ་རྗེ་དབང་བཙན་རྩལ། གསུམ། སྤ་རི་སྤ་བཙན་རྡོ་རྗེ་ཡེ་ཤེས་རྩལ། བཞི། ཀོང་མ་གྲི་བཙན་རྡོ་རྗེ་མཆོག་རྒོད་རྩལ། ལྔ། པུ་རི་ཕུག་བཙན་རྡོ་རྗེ་སྲུང་མ་རྩལ། དྲུག  བྲག་དམར་རྫོང་བཙན་རྡོ་རྗེ་དགྲ་འཇོམས་རྩལ། བདུན། སྟག་མ་རོང་བཙན་རྡོ་རྗེ་ལེགས་པ་རྩལ། བཅས་ཡིན།
        དེ་དག་ཐམས་ཅད་རྟ་དམར་ལ་ཞོན་པར་བཤད་པ་ལ་ཞིབ་ཏུ་བསམ་ཚེ་དགེ་ཆོས་ཀྱིས་མདོར་ན་བཙན་དང་བཙན་པོ་གཉིས་ཀའི་ཆས་དང༌། སྐུ་མཁར། ལ་ཐོད། རུ་དར་ལ་སོགས་པ་དམར་ཟིང་ངེ་བ་ཞིག་ཡོད་པ་ཡིན་ནམ་སྙམ།བྱབྱ༣ ཞེས་བོད་ཀྱི་ཡུལ་ལྷར་གྲགས་པ་དག་གདོད་མའི་རྒྱལ་བློན་དམག་དཔོན་ཁག་ཡིན་པར་ཚོད་དཔག་གནང་འདུག་པ་དེ་དོན་དངོས་དང་བར་ཐག་ཧ་ཅང་ཉེ་བའི་ཚོད་དཔག་ཅིག་ཡིན་པར་སེམས་སོ།།
        ནང་ལྟར་ན་དགེ་བསྙེན་མཆེད་བདུན་སྔགས་བཙུན་གྱི་པད་ཞུ་དང་འཇོལ་བེར་གྱོན་ཞིང་རྟ་དཀར་ལ་ཞོན་ཅིང༌། གསང་བ་ལྟར་ན་གནོད་སྦྱིན་གཏེར་བདག་གི་རྒྱལ་བོ་མཆེད་བདུན་དར་དང་རིན་པོ་ཆེས་བརྒྱན་པ། ལག་ཏུ་ནོར་བུ་དང་ནེའུ་ལེ་འཛིན་ཅིང་སྟག་གཟིག་དོམ་དྲེལ་གྱི་སྟན་ལ་འདུག་པ་བཅས་འབྱུང་བ་ནི། བོད་ཀྱི་གྲུབ་ཐོབ་ཏུ་གྲགས་པ་རྣམས་ཀྱིས་གནའ་བོའི་བོད་མིའི་གཟུགས་བརྙན་དངོས་གཞན་དུ་བསྒྱུར་ཟིན་པའི་ཕྱིས་ཀྱི་རྣམ་པ་ཙམ་སྟེ། སླེ་ལུང་བཞད་རྡོར་གྱིས་གནའ་ཡིག་རྙིང་བ་ཁག་ལས་བཙན་རྒོད་འབར་བ་སྤུན་བདུན་གྱི་ལོ་རྒྱུས་མཐོང་ནས་ཟིན་བྲིས་བྱས་འདུག་པ་འདིར་བཀོད་ན། སྔོན་རྒྱ་ནག་གི་ཡུལ་བྲག་རི་སེངྒེ་འདྲ་བའི་ལོགས་གསེར་མཚོ་བདུན་གྱི་འགྲམ་ན་ཡབ་ལྷ་བཙན་གཉེན་པོ་དང་ཡུམ་སྲོག་བདག་བཙན་མོའི་རིགས་སུ་སྐྱེས་ནས་བདུད་ནག་སྐྱེས་གཅིག་རལ་བ་ཅན་དུ་བཏགས། དེ་ནས་ལྗངས་འཇང་ཡུལཡུལ་དུ་བྱོན་པས་ལྷ་བཙན་མདུང་དམར་ཅན་དུ་གྲགས། ལྗངས་ཡུལ་གྱི་རྒྱལ་བོའི་སྲོག་ལྷ་མཛད། དེ་ནས་བོད་དུ་བྱོན། ཇོ་བོ་བྲག་བཙན་དམར་བོར་མཚན་གསོལ། རྗེ་ཡི་མགུར་ལྷ་དང་འབངས་ཀྱི་སྲོག་ལྷ་མཛད་ཅིང་ཁྲ་འབྲུག་གི་ནེའུ་ཐང་ཆེན་མོར་ཕེབས་དུས། ཡར་ཀླུངས་པ་རྣམས་ཀྱིས་ཧེ་རུ་ཀ་མ་ཞེས་བཏགས། གཡས་དར་དཀར་གྱི་ཡོལ་བ་བརྐྱང་འདྲ། གཡོན་སེངྒེ་གནམ་དུ་མཆོང་འདྲ། མདུན་རྒྱལ་བོ་གདན་དུ་བཞུགས་འདྲ། རྒྱབ་བཙུན་མོ་ཆས་སུ་ཞུགས་འདྲ། ཆུ་མིག་བརྒྱ། སྨན་སྣ་བརྒྱ། རི་དྭགས་བརྒྱ་ཡིས་མཛེས་པ། གཡས་ལྕགས་རྫོང་གི་རྩེ་ན་འབྲུག་སྒྲ་སྒྲོག་པ། གཡོན་གསེར་རྫོང་གི་རྩེ་ན་གནམ་ལྕགས་འབེབས་པ། དབུས་ཟངས་རྫོང་གི་རྩེ་མོར་འོད་སྟོང་འཁྱུགས་པའི་ནང་དུ་གསེར་ཁྲི་དང་གཡུ་ཁྲིའི་སྟེང་དུ། གཡས་རུ་འདྲེན་བཙན་རྒོད་གྲགས་པ་རྒྱལ་མཚན་ལྷོ་ཁ་ཡོངས་ཀྱི་བཙན་དཔོན། གཡོན་རུ་འདྲེན་བཙན་རྒོད་གྲགས་པ་དཔལ་ལེ་བྱང་ཁ་ཡོངས་ཀྱི་བཙན་དཔོན། གསང་ཡུམ་སྨན་མོ་མིའི་བུ་མོགསུམ། ཕྱག་བརྙན་དིག་པ་འབུག་མེད། གཉེར་བ་གྲགས་པ་རྡོ་རྗེ། ཆིབས་འཛིན་རྡོ་རྗེ་འབར་བ། འགག་པ་གྲགས་པ་ཆོས་རྒྱལ། བཤན་པ་དྷརྨ་རཱ་ཛ་སོགས་སྤྲུལ་བའི་དམག་དཔུང་དུ་མས་བསྐོར་ཏེ་ཤེལ་རྫོང་དུ་གཤེགས་དུས་བོད་མདོ་གཙང་ཐམས་ཅད་ལ་འདིས་མ་ཁྱབ་པ་གཅིག་ཀྱང་མེད་དོ།། ཁྱད་པར་ཀོང་སྟོང་སྨད་དང་ལྷོ་རྒྱུད་ཕྱོགས་ལས་ཆེའོ།།༤ ཞེས་འབྱུང་བའི་གཏམ་རྒྱུད་ཐུང་ངུ་འདིར་ཞིབ་བལྟ་ཞིག་གྱིས་དང༌། གཡས་རུ་དང་གཡོན་རུའི་རུ་འདྲེན་དམག་དཔུང་གི་རྣམ་པ་སྔོན་གྱི་བོད་རྒྱལ་དག་གི་རྣམ་པ་དང་གཅིག་མཚུངས་ཡིན་པར་མ་ཟད། ཕྱག་བརྙན་དང༌། གཉེར་བ། ཆིབས་འཛིན། འགག་པ་སོགས་ཀྱང་ཆོས་སྲིད་ཟུང་འབྲེལ་གྱིས་ཡུལ་སྡེ་སྐྱོང་བའི་བླ་ཆེན་དག་གི་རྣམ་པ་ཇི་བཞིན་ཡོད་པ་མ་ཡིན་ནམ།
        འདི་ནས་གླེང་མི་རུང་བའི་དོན་གནད་ཅིག་ཐོ་ཅོའི་ཚུལ་གྱིས་མགོ་འབུས་ཙམ་འཆད་ན། སླེ་ལུང་བཞད་རྡོར་གྱིས་རང་ཅག་གི་ཇོ་བོ་རྫོང་བཙན་པ་འདི་རྒྱ་ནག་གི་བཙན་གྱི་རྒྱུད་པ་ལྗངས་འཇངཡུལ་བརྒྱུད་ནས་བོད་དུ་འོངས་པར་བཤད་པ་ལ་གཞིགས་ཚེ། སྔོན་གྱི་རྒྱ་ནག་གི་དཔའ་རྒོད་སྙན་གྲགས་ཅན་འགའ་རེ་ལ་སྤྲུལ་བའི་གཟབ་འཕྱོར་མང་ཞིག་སྤྲས་པ་མིན་ནམ་སྙམ་པའི་དོགས་པ་ཞིག་རང་ཤུགས་ཀྱིས་འབྱུང་སྟེ། རང་རེའི་བྱབྱབཙན་རྒོད་འབར་བ་སྤུན་བདུན་གྱི་ཡ་གྱལ་ཇོ་བོ་རྫོང་བཙན་པ་རྒྱ་ནག་ནས་ཡོང་བའི་གསུང་སྒྲོས་གོང་བཀོད་ལྟར་ཡིན།
         ཡང་ཕྱོགས་གཞན་ཞིག་ནས་རང་ཅག་གི་ལོ་རྒྱུས་ཐོག་བྱུང་བའི་རྒྱལ་རབས་ཐོག་མ་གནམ་གྱི་ཁྲི་བདུན་རེ་རེའི་མཚན་ཟུར་ལ་བཙན་གྱི་ཐ་སྙད་སླེབས་འདུག་པ་དང་བཙན་བདུན་གྱི་ཁ་གྲངས་ཀྱང་གཅིག་མཚུངས་བྱུང་འདུག་པ་ལའང་བསམ་གཞིགས་ཅུང་ཞིག་བྱ་དགོས་པར་སྣང༌།
        ལར་རང་ཅག་གི་ཁྲོད་དུ་དད་པ་དག་སྣང་ཅན་དང་ཡ་རབས་སུ་རློམ་པའི་མི་ཨུ་ཚུགས་མཁྲེགས་འཛིན་ཅན། རང་ལས་གཞན་སུ་ཡང་དམ་ཉམས་ལྟ་ལོག་ཏུ་བརྩི་བ་དག་གིས་བརྟག་དཔྱད་དང་རྒྱང་ཐག་རིང་བའི་ས་ནས་བཙན་ཐོགས་ཚད་གནམ་གྱི་ཁྲི་བདུན་ཡིན་པས་ཁྱབ་མ་ཁྱབ་སོགས་དཔའ་ངོམ་དཔུང་བདར་བྱ་ངེས་ཡིན་པ་ཁོ་བོས་ཤེས་ཀྱང༌། ཚིག་རྩོད་ལ་གོམས་ཞེན་ཅན་ཚོར་ཁོམ་ལོང་ཡོད་ཚེ་རྩོད་པར་མཛོད་ཅིག་དང་ཁོ་བོས་ནི་བཏང་སྙོམས་བསྟེན་པ་ལགས་སོ།།
        གནོན་ཤུགས་ཀྱིས་རྨས་པའི་དྲན་ཤེས་རྟོག་ཡན་གྱི་ཀློང་ནས་ཚུར་བཀུག་སྟེ་སྐབས་དོན་ལ་འཇུག་ན། བོད་ཁྱོན་ཡོངས་ཀྱི་གཞི་བདག་ཏུ་གྲགས་པ་གཅིག་ཀྱང་མ་ལྷག་པར་འབྲི་དགོས་ན་གར་འགྲོ་གར་འདུག་གི་རང་དབང་ཆ་ཚང་ཡོད་པའི་མི་ཞིག་གིས་ལོ་ངོ་བཅུ་ཕྲག་ལ་བསྒྲུབ་དགོས་པ་ཞིག་ལས། ཞར་འབད་ཞོར་སྒྲུབ་འདི་འདྲས་ནི་ནམ་ཡང་ཡོང་མི་ཐུབ་པས། རང་ཉིད་ལ་རྒྱུས་མངའ་ཡོད་པའམ་དཔྱད་གཞི་ལག་ཏུ་སོན་སླ་ཞིང་གཞན་ལ་འདྲི་སྟབས་བདེ་བའི་རིགས་གཙོ་བོར་འཆད་པའི་ཤུགས་ཀྱིས་གཅིག་ཤེས་ཀུན་གྲོལ་གྱི་དཔེ་བཞིན་འགྲོ་ཐུབ་པའི་རེ་བ་རྒྱག་བཞིན་ཡོད།
        འདི་ཉིད་འབྲི་སྐབས་སླེ་ལུང་བཞད་རྡོར་གྱི་བསྟན་སྲུང་དམ་ཅན་རྒྱ་མཚོའི་རྣམ་ཐར་སོགས་ལ་སློབ་སྦྱོང་གང་འཚམ་བྱས་པ་ཡིན་མོད། གཏེར་ཆོས་སུ་གྲགས་པའི་རྨི་ལམ་ལྟ་བུའི་བཤད་སྒྲོས་མཐོང་ཚད་ཕྱོགས་གཅིག་ཏུ་སྤུངས་འདུག་པ་ལས་རང་ལུགས་གཏན་འབེབས་ཀྱི་གསལ་ཁ་ཅུང་ཟད་ཀྱང་མེད་ཁར། བརྟན་མ་བཅུ་གཉིས་སོགས་བོད་ཀྱི་ཡུལ་ལྷར་གྲགས་པ་རྣམས་ཀྱང་སངས་རྒྱས་འོད་སྲུང་སོགས་གནའ་བོའི་རྒྱ་གར་བའི་ལོ་ཁྲི་ཕྲག་ཡར་སྔོན་གྱི་བཤད་སྒྲོས་དང་བསྲེས་པས་ཅི་ཙམ་ཞིབ་ཀློག་བྱས་པ་དེ་ཙམ་གྱིས་རྣམ་རྟོག་དང་ཐེ་ཚོམ་ཇེ་མང་དུ་འགྲོ་བ་ལས་འདིའི་བསྟན་དོན་གཙོ་བོ་འདི་འདྲ་ཞིག་རེད་ཨང་སྙམ་པའི་ངེས་ཤེས་ཅུང་ཟད་ཀྱང་སྟེར་མི་ནུས་ཤིང༌། ཁྱད་པར་བོད་ཀྱི་ཨ་མྱེས་རྣམས་ཀྱི་ཕྱག་མཚན་འུར་ཐག་དང་ཤང་ལང་སོགས་འཕྲོགས་ཏེ་ཅང་ཏེའུ་དང་ནེའུ་ལེ་སོགས་ལག་ཏུ་བཞག་འདུག་པ་དང༌། ཨ་ཕྱི་རྣམས་ཀྱི་ཕྱག་མཚན་འཕང་ཤིང་དང་བཞོ་ཟེའུ་སོགས་ཀྱང་གཡུགས་ཏེ་རྡོར་དྲིལ་དང་ནོར་གཞོང་འཛིན་དུ་བཅུག་འདུག་པ་དེ་དག་གིས་རང་རེའི་གནའ་བོའི་སྤྱི་ཚོགས་ཀྱི་སྣང་བརྙན་མཐོང་བ་ལ་ཕན་ཐོགས་ཆུང་ཞིང༌། ཨ་ཕྱི་ཨ་མྱེས་ཚོའི་རྒྱབ་ཀྱི་པགས་རྩག་དང་མགོའི་ཕྱིང་ཞྭ་སོགས་ཀྱང་བཤུས་ཏེ་དར་དཀར་གྱི་མནའ་བཟའ་དང༌། བན་ཞུ་དཔྲོག་ཞུ་སོགས་གཡོགས་འདུག་པ་དེ་དག་གིས་ཁ་ཆར་བུ་ཡུག་གི་ཁྲོད་དུ་འཚོ་བའི་མི་རིགས་འདིའི་ཆ་ལུགས་ཆས་གོས་སོགས་མཚོན་ཐབས་མེད་པར་གྱུར་པས་དཔྱད་གཞིར་འཛིན་འདོད་མ་བྱུང་ཡང༌། གཞན་དུ་ན་རང་ཉིད་ཀྱི་ཤེས་ཚད་དམའ་དྲགས་པས་གནའ་གཞུང་དེ་དག་ལ་གོ་བ་ལོན་མ་ཐུབ་པས་ལན་སྲིད་ན་ཐུགས་འདོད་མི་ཚིམ་མཁན་རྣམས་ཀྱིས་དེ་དག་ལན་ཅིག་ཀློག་པར་ཞུ་ཞེས་བསྐུལ་མ་འདེབས་པ་ལགས།
        སྔོན་གྱི་གྲུབ་ཆེན་དང་གཏེར་སྟོན་ཚོས་རང་རང་གི་གཏེར་ཆོས་རྣམས་ཁྱད་པར་དུ་འཕགས་པར་བསྒྲུབ་ཆེད་བརྟན་མ་བཅུ་གཉིས་སོགས་གཞི་བདག་ཡུལ་སྲུང་རྣམས་ཀྱང་མི་ལས་བརྒལ་བའི་མཐུ་ནུས་རྫུ་འཕྲུལ་ལྡན་པ་ཞིག་ཏུ་བཟོས་པའི་སྤྱང་གྲུང་ལ་བསྔགས་བརྗོད་འོས་ཀྱང༌། གྱོན་ཆས་བཤད་སྐབས་རྒོད་སྟོང་གི་གཤོག་པ་བསྟར་བའི་ཐུལ་བ་དང༌། གཡག་ཀོ་རློན་པའི་ཤམ་ཐབས་གྱོན་པ་སོགས་ཆེས་གནའ་དུས་ཀྱི་བོད་མིའི་གྱོན་ཆས་ཇི་ལྟར་ཡོད་པའི་ཟུར་ཞིག་ལུས་ཡོད་པ་འདིས། དེང་སང་གི་ང་ཚོའི་པགས་རྩག་དེ་ཇི་ལྟར་བྱུང་མིན་སྐོར་རོབ་ཙམ་ཤེས་ཐུབ་པར་སྙམ་སྟེ། དགེ་ཆོས་ཀྱིས་ཡུལ་གྱི་ལྷ་དང་སྔོན་གྱི་མི་གཉིས་དཔེ་སྦྱར་ནས་དཔྱད་པ་བྱས་པ་འདི་འདྲ་ལ། མང་བོ་དག་བྱིས་པའི་རིགས་པ་ལྟ་བུར་སེམས་མོད་ཀྱི། རྒྱ་གར་གྱི་གངྒཱའི་ལྷ་མོས་རྐང་གདུབ་གྱོན་པ་ནས། ཨ་མདོའི་རྨ་རྒྱལ་སྤོམ་རྭས་ཕྱིང་ཞྭ། རྒྱ་ནག་གི་ཀོན་ཡིན་ཕུ་སཱས་བེར་སྔོན་གྱོན་པའི་བར་ཞིབ་ཏུ་ལྟོས་དང༌། ཡུལ་མིའི་ཆ་ལུགས་སུ་བྱས་མ་བྱས་མངོན་སུམ་དུ་མཐོང་བར་འགྱུར་རོ།།༥ ཞེས་གསུངས་འདུག་འདི་ལས་ལྷག་པའི་རྒྱབ་རྟེན་འཚོལ་དགོས་པ་མ་མཐོང་ངོ༌།།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།