རི་དྭགས་ཆོས་འཁོར་གྱི་མཚོན་དོན།
རྩོམ་པ་པོ།: དགེ་བཤེས་དཔལ་ལྡན་གྲགས་པ།
ཡོང་ཁུངས།:ཆོས་གྲོགས་དྲ་ཚིགས།
དུས་ཚོད།:2010-12-22 12:04:00
ཀློག་གྲངས།:
གང་ལྟར་རི་དྭགས་དེ་དག་བྱམས་སྙིང་རྗེ་ཤིན་ཏུ་ཆེ་བར་གྲགས་པ་ལྟར་དང་། དེ་བཞིན་རི་དྭགས་རྣམས་བདག་ཏུ་བཟུང་བ་མེད་པར་འཇིག་རྟེན་ན་གྲགས་པ་ལྟར་གཞན་ལ་གནོད་འཚེ་སྤང་ཞིང་བྱམས་བརྩེ་བསྟེན་པ་དང་། ཆོས་གང་ཡང་རང་དབང་གིས་བདག་ཏུ་གྲུབ་པ་མེད་པའི་སྟོང་པ་ཉིད་བསྟན་པ་བཅས་མཚོན་པར་སེམས།
ཡང་འཁོར་ལོས་སྟོན་པ་སངས་རྒྱས་དང་། རི་དྭགས་ཟུང་དེས་གཞན་མུ་སྟེགས་བྱེད་མཚོན་པ་ལྟར་ན། མདོ་ལས། ཁྱུ་མཆོག་རླབས་པོ་ཆེའི་གནས་སུ་དམ་བཅའ་ཞིང་། འཁོར་གྱི་ནང་དུ་སེང་གེའི་སྒྲ་སྒྲོག་པ། །ཞེས་གསུངས་པ་དང་། དེ་བཞིན་དུ་འཇམ་དཔལ་མཚན་བརྗོད་ལས། བདག་མེད་སེང་གེའི་སྒྲ་དང་ལྡན། །མུ་སྟེགས་རི་དྭགས་ངན་འཇིགས་བྱེད། །ཅེས་གསུངས་པ་ལྟར། མིའི་སེང་གེ་སྟོན་པ་བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་རང་བཞིན་གྱིས་གྲུབ་པས་སྟོང་ཞིང་བདག་མེད་པའི་ཆོས་སྒྲ་སེང་གེའི་ངར་སྐད་ཇི་བཞིན་བསྒྲགས་པ་ན། ཆོས་ཀྱི་རྗེས་འབྲང་དང་དད་པའི་རྗེས་འབྲང་གི་ཕྱི་རོལ་མུ་སྟེགས་པ་ལྟ་བ་ངན་པའི་རི་སུལ་ལ་གནས་པའི་རི་དྭགས་ཕོ་མོ་ཚོགས་ཐམས་ཅད་འཇིགས་ཤིང་སྐྲག་པར་མཛད་དེ་ཟིལ་གྱིས་གནོན་པ་དང་། དེ་ཡང་མདོ་ལས། བདག་གིས་མུ་སྟེགས་ཅན་གཞན་དག །ལྟ་བའི་ཆུ་ལས་བསྒྲལ་བྱས་ཏེ། །ཡང་དག་ལྟ་ལ་བཀོད་གྱུར་བ། །བདག་འཁོར་རྟག་ཏུ་གུས་གྱུར་ཅིག །ཅེས་གསུངས་པ་ལྟར། སྟོན་པ་མཆོག་གིས་ཕྱི་རོལ་མུ་སྟེགས་པ་ལྟ་ངན་ཅན་གཞན་སྡེ་དེ་དག །གང་འཛིན་པ་པོ་འཁོར་བའི་རྒྱ་མཚོར་རང་དབང་མེད་པར་འཁྱེར་བའི་ལྟ་ངན་གྱི་ཆུ་བོ་ལས་བསྒྲལ་ཏེ་ཡང་དག་པའི་ལྟ་བ་ལ་བཀོད་ནས། སྟོན་པ་རང་གི་འཁོར་གུས་ཤིང་དད་པའི་སྒོ་ནས་གནས་པར་ཐུགས་སྨོན་མཛད་པ་དེ་བཞིན་མཚོན་པར་གོ་དགོས་པར་སྣང་།
ཡང་རི་དྭགས་གཉིས་ཀྱི་ལག་པ་ཡ་རེ་བཏེགས་པ་རེ་བཟོས་པའི་ལུགས་ལྟར་དང་། གོང་གསལ་འཕྲིན་ནོར་གསུང་དེབ་དེར་ཆོས་ཀྱི་འཁོར་ལོ་ལ་རི་དྭགས་གཉིས་ཀྱིས་བསྐྱོད་པས་འཁོར་བ་ཞེས་པ་ལྟར་ན་གདུལ་བྱ་རྣམས་ཀྱིས་སྟོན་པ་སངས་རྒྱས་ལ་ཆོས་འཁོར་བསྐོར་བར་བསྐུལ་བ་མཚོན་པར་གོ་དགོས་པ་ཡིན་ནམ་སྙམ་མོ།
ཁྱད་པར་དུ་ཆོས་འཁོར་རང་གི་ཆ་ལག་དང་བྱེད་ལས་བཅས་ཀྱི་མཚོན་དོན་ལ་བཤད་ཚུལ་འདྲ་མིན་ཡོད་པར་གསུངས་པ་དེ་དག་ཇི་ལྟར་ཡིན་སྙམ་ན། འདི་ལ་མཚོན་བྱེད་དཔེའི་ཆོས་འཁོར་དང་མཚོན་བྱ་དོན་གྱི་ཆོས་འཁོར་གཉིས་ཡོད་པ་ལས། དང་པོ་ནི་འཁོར་ལོས་བསྒྱུར་བའི་རྒྱལ་པོའི་འཁོར་ལོ་རིན་པོ་ཆེ་མཚོན་བྱེད་དུ་བཞེངས་པའི་གོང་གསལ་ལྟར་གྱི་འཁོར་ལོ་དེ་ཡིན།
གཉིས་པ་ལ་ལུང་སྡེ་སྣོད་རིན་པོ་ཆེ་རྣམ་པ་གསུམ་གྱིས་བསྡུས་པའི་ལུང་གི་ཆོས་འཁོར་དང་། ལམ་བསླབ་པ་རིན་པོ་ཆེ་གསུམ་གྱིས་བསྡུས་པའི་རྟོགས་པའི་ཆོས་འཁོར་གཉིས་ཡོད། དེ་དག་ཇི་ལྟར་མཚོན་ཚུལ་ལ་ཐེག་པ་ཆེ་ཆུང་གི་གྲུབ་མཐའ་སྨྲ་བའི་བཞེད་སྲོལ་མི་འདྲ་བ་གཉིས་ཡོད་པ་ལས། ཐེག་པ་ཆེན་པོའི་གྲུབ་མཐའི་ལུགས་ལྟར་ན། སྟོན་པ་བཅོམ་ལྡན་འདས་ཀྱིས་གདུལ་བྱའི་རྒྱུད་ཀྱི་མི་མཐུན་ཕྱོགས་རྣམས་གཅོད་ཕྱིར་དུ་གསུང་བའི་བཀའ་དང་། ལམ་ཞུགས་ཀྱི་མངོན་པར་རྟོགས་པས་བསྡུས་པའི་བསླབ་གསུམ་གྱི་ཡོན་ཏན་རྣམས་ལ་ཆོས་འཁོར་ཞེས་བརྗོད། དེའི་རྒྱུ་མཚན་ནི། དེ་དག་འཁོར་ལོ་བསྒྱུར་བའི་རྒྱལ་པོའི་འཁོར་ལོ་རིན་པོ་ཆེ་དང་ཆོས་མཚུངས་པའི་དམ་ཆོས་ཡིན་པའི་ཆ་ནས་ཡིན།
ཆོས་མཚུངས་ཚུལ་ནི་འཁོར་ལོས་བསྒྱུར་བའི་རྒྱལ་པོའི་འཁོར་ལོ་དེ་ཡུལ་གཞན་ནས་གཞན་དུ་རིམ་བཞིན་འཁོར་ཞིང་འགྲོབ་དང་། རྩིབས་བརྒྱད་ཀྱིས་རང་གི་མ་མཐུན་ཕྱོགས་རནམས་གཅོད་དེ་རྒྱལ་བར་བྱེད་པ་དེ་བཞིན་དུ། གདུལ་བྱ་རྣམས་ཀྱིས་ལུང་གི་ཆོས་འཁོར་ལ་ཐོས་བསམ་བྱེད་པ་ལ་བརྟེན་ནས་རྟོགས་པའི་ཆོས་འཁོར་ཐར་ལམ་བསྒོམ་པ་ལ་འཇུག་ཅིང་ཐར་ལམ་ལྔ་རིམ་གྱིས་རྒྱུད་ལ་སྐྱེས་པ་ན་ཡང་དག་པའི་ལྟ་བ་ལ་སོགས་པའི་འཕགས་ལམ་ཡན་ལག་བརྒྱད་ཀྱི་ཉམས་ལེན་རྣམས་ཀྱིས་རང་རང་གི་མི་མཐུན་ཕྱོགས་འདོད་ཆགས་ལ་སོགས་པ་ལས་རྒྱལ་བར་བྱེད་པ་དང་མཚུངས་པར་བཞེད་པ་ཡིནཏེ། ཤིང་རྟ་ཆེན་པོ་འཕགས་པ་ཐོག་མེད་ཀྱི་གཞི་བསྡུ་བར། བཅོམ་ལྡན་འདས་ཀྱིས་ཀུན་ཤེས་ཀཽཎྜི་ནྱའི་རྒྱུད་ལ་ཀུན་ཤེས་པའི་ཆོས་ཉིད་དང་མཐུན་པར་བསྐོར་ལ། དེ་ཡང་གཞན་ལ་མཐུན་པར་བསྐོར་འགྱུར་བ་དང་། དེ་དག་ཀྱང་གཞན་ལ་མཐུན་པར་བསྐོར་བར་འགྱུར་ཏེ། དེ་བས་ན་གཅིག་ནས་གཅིག་ཏུ་བརྒྱུད་དེ་མཐུན་པར་བསྐོར་བའི་དོན་གྱི་འཁོར་ལོ་ཞེས་བྱའོ། །ཡང་དག་པའི་ལྟ་བ་ལ་སོགས་པ་འདི་དག་ཆོས་ཀྱི་རང་བཞིན་ཡིན་པས་ན་ཆོས་ཀྱི་འཁོར་ལོའོ། །ཞེས་གསུངས་པ་ལྟར་རོ།
དེ་ཡང་ལུང་གི་ཆོས་འཁོར་ལ། བཀའ་དང་པོ་བདེན་བཞི་ཆོས་འཁོར། བར་པ་མཚན་ཉིད་མེད་པའི་ཆོས་འཁོར། ཐ་མ་ལེགས་པར་རྣམ་པར་ཕྱེ་བའི་ཆོས་འཁོར་བཅས་གསུམ་ཡོད་པར་འདོད་ལས། དང་པོ་ནི་ལྔ་སྡེ་ལ་ཐོག་མ་གསུངས་པའི་བདེན་བཞི་སྟོན་པའི་མདོ་དང་། གཉིས་པ་ནི་ཡུམ་རྒྱས་འབྲིང་བསྡུས་གསུམ་ལྟ་བུ་དང་། གསུམ་པ་ནི་མདོ་སྡེ་དགོངས་འགྲེལ་ཞེས་པའི་མདོ་ལ་འཇོག །དེ་བཞིན་དུ་རྟོགས་པའི་ཆོས་འཁོར་ལའང་ཐེག་པ་གསུམ་གྱི་ཚོགས་ལམ། སྦྱོར་ལམ། མཐོང་ལམ། སྒོམ་ལམ། མི་སློབ་ལམ་བཅས་ལམ་ལྔ་གསུམ་བཅོ་ལྔས་བསྡུས་པའི་རྟོགས་པའི་ཡོན་ཏན་ཐམས་ཅད་འཇོག་པར་གསུངས་སོ། །
ཐེག་དམན་པའི་གྲུབ་མཐའ་བྱེ་བྲག་སྨྲ་བའི་ལུགས་ལྟར་ན་ཐོག་མར་བཅོམ་ལྡན་འདས་ཀྱིས་ལྔ་སྡེ་ལ་བདེན་བཞི་གསུངས་པའི་སྐབས་དང་། དེ་ཡང་ཀུན་ཤེས་ཀཽཎྜི་ནྱའི་རྒྱུད་ལ་མཐོང་ལམ་སྐྱེ་བ་འདི་ཉིད་ཀྱི་ཚེ་ལྷ་རྣམས་ཀྱིས་བཅོམ་ལྡན་འདས་ཀྱིས་ཆོས་འཁོར་ཀྱི་འཁོར་ལོ་བསྐོར་རོ་ཞེས་སྒྲ་བསྒྲགས་པའི་རྒྱུ་མཚན་ལ་བརྟེན་ནས་ལུང་གི་ཆོས་འཁོར་ནི་བཀའ་དང་པོ་བདེན་བཞི་ཆོས་འཁོར་ཁོ་ན་དང་། རྟོགས་པའི་ཆོས་འཁོར་ཡང་བདེན་བཞི་རྟོགས་པའི་མཐོང་ལམ་ཁོ་ན་ལ་འཇོག་པ་དང་། ཆོས་འཁོར་བསྐོར་བའི་དོན་ཡང་གོང་གསལ་ཐེག་དམན་གྱི་མདོ་འདུལ་བ་ལུང་ལས། ལན་གསུམ་དུ་བཟླས་ཏེ་རྣམ་པ་བཅུ་གཉིས་སུ་ཆོས་ཀྱི་འཁོར་ལོ་ཆོས་དང་ལྡན་པ་བསྐོར་བས་ཞེས་གསུངས་པ་ལྟར་ཡང་ཡང་བཟླས་ཏེ་གསུངས་པ་ལ་འདོད་པར་མངོན།
དེ་ཡང་མཁས་མཆོག་དབྱིག་གཉེན་གྱིས་ཆོས་མངོན་པའི་མཛོད་ལས། ཆོས་ཀྱི་འཁོར་ལོ་མཐོང་བའི་ལམ། །མྱུར་བ་འགྲོ་སོགས་རྩིབས་སོགས་ཕྱིར། །ཞེས་གསུངས་པ་ལྟར། རྟོགས་པའི་ཆོས་འཁོར་བདེན་བཞི་རྟོགས་པའི་མཐོང་ལམ་དེ་ཉིད་འཁོར་ལོ་རིན་པོ་ཆེ་དང་ཆོས་མཚུངས་སྦྱར་ཚུལ་ལའང་བཞེད་སྲོལ་གཉིས་བྱུང་སྟེ། དེ་ལ་བྱེ་བྲག་སྨྲ་བའི་བཙུན་པ་དབྱིག་བཤེས་ཀྱིས་མཐོང་ལམ་ལ་འཁོར་ལོ་དང་འདྲ་ཆོས་ཡོད་ཚུལ། འཁོར་ལོ་བསྒྱུར་བའི་རྒྱལ་པོའི་འཁོར་ལོ་དེ་ཡུལ་གཞན་ནས་གཞན་དུ་མྱུར་བར་འགྲོ་བ་དང་། ཡུལ་སྔ་མ་དོར་ནས་ཕྱི་མ་ལ་འཇུག་པ་དང་། རྒྱལ་ཕྲན་མ་རྒྱལ་བ་ལས་རྒྱལ་བ་དང་། རྒྱལ་བ་རྣམས་བདེ་བར་རྣལ་དུ་འགོད་པ་དང་། མཐོ་བ་ལ་འཕར་ཞིང་དམའ་བ་ལ་འབབ་པའི་བྱ་བ་བྱེད་པ་བཞིན་དུ། མཐོང་ལམ་གྱིས་ཀྱང་བདེན་པ་མྱུར་དུ་རྟོགས་པར་བྱེད་པའི་མྱུར་དུ་འགྲོ་བ་དང་། བདེན་པ་སྔ་མ་སྔ་མའི་དམིགས་རྣམ་བཏང་ནས་ཕྱི་མ་ཕྱི་མའི་དམིགས་རྣམ་ལ་འཇུག་པ་དང་། བར་ཆད་མེད་ལམ་གྱིས་སྤང་བྱའི་དངོས་གཉེན་བྱེད་པས་མ་རྒྱལ་བ་ལས་རྒྱལ་བ་དང་། རྣམ་གྲོལ་ལམ་གྱིས་དེ་སྤངས་པའི་བྲལ་ཐོབ་འཛིན་པས་རྒྱལ་བ་རྣལ་དུ་འགོད་པ་དང་། རྗེས་བཟོད་རྗེས་ཤེས་རྣམས་ཀྱིས་ཁམས་གོང་མའི་བདེན་པ་ལ་དམིགས་པས་འཕར་བ་དང་། ཆོས་བཟོད་ཆོས་ཤེས་རྣམས་ཀྱིས་ཁམས་འོག་མའི་བདེན་པ་ལ་དམིགས་པས་འབབ་པ་བཅས་དང་ཆོས་མཚུངས་པར་བཞེད།
བཙུན་པ་དབྱངས་སྒྲོག་གིས་ནི། འཁོར་ལོ་འཛིན་པར་བྱེད་པའི་ལྟེ་བ་དང་། གཅོད་པར་བྱེད་པའི་རྩིབས་དང་། སྡུད་པར་བྱེད་པའི་མུ་ཁྱུད་གསུམ་ཡོད་པ་བཞིན་དུ། མཐོང་ལམ་ལ་འཕགས་ལམ་ཡན་ལག་བརྒྱད་དུ་ཕྱེ་བའི་ཡང་དག་པའི་ངག་དང་། ལས་ཀྱི་མཐའ། འཚོ་བ་གསུམ་ཚུལ་ཁྲིམས་ཀྱི་བསླབ་པར་འདུ་ཞིང་བསླབ་པ་གཞན་གཉིས་ཀྱི་རྟེན་བྱེད་པས་ལྟེ་བ་དང་ཆོས་མཐུན། ཡང་དག་པའི་ལྟ་བ་དང་། རྟོག་པ་དང་། རྩོལ་བ་གསུམ་ཤེས་རབ་ཀྱི་བསླབ་པར་འདུ་ཞིང་། མི་མཐུན་ཕྱོགས་གཅོད་པར་བྱེད་པས་རྩིབས་དང་ཆོས་མཐུན། ཡང་དག་པའི་དྲན་པ་དང་། ཏིང་ངེ་འཛིན་གཉིས་ནི་དམིགས་པ་ལ་སེམས་འཛིན་པར་བྱེད་པས་མུ་ཁྱུད་དང་ཆོས་མཐུན་པར་བཞེད་པར་གསུངས་སོ། །
གཞན་ཡང་ཆོས་འཁོར་དེ་ཉིད་རྩིབས་བརྒྱད་པ་དང་། བཅུ་པ་དང་། བཅུ་གཉིས་པ་བྱེད་པའི་ལུགས་སྲོལ་གསུམ་བྱུང་བ་ལས། དང་པོ་ལྟར་ན། གོང་དུ་བདེན་བཞི་བདེན་གཉིས་ཀྱི་ཆོས་དྲུག་དང་། འཇིག་རྟེན་ལས་འདས་མ་འདས་པའི་ཆོས་གཉིས་བཅས་བརྒྱད་རྣམ་པར་དག་པ་མཚོན་པར་གསུངས་པ་དང་། དེ་བཞིན་དུ་བསླབ་པ་གསུམ་གྱིས་བསྡུས་པའི་འཕགས་ལམ་ཡན་ལག་བརྒྱད་ཀྱིས་རང་རང་གི་མི་མཐུན་ཕྱོགས་རྣམས་གཅོད་པར་ཡང་མཚོན་པར་སྣང་།
བཅུ་པ་ལྟར་ན། མཚོན་བྱ་དོན་གྱི་ཆོས་འཁོར་ལ་འཕགས་ལམ་གྱིས་བསྡུས་པའི་ཤེས་བཅུ་ཡོད་པ་དེ་མཚོན་པར་སྣང་། ཤེས་པ་བཅུ་ནི། ཆོས་མངོན་པའི་གཞུང་དུ་གསལ་པ་ལྟར་ན། སྡུག་བསྔལ་ཤེས་པ། ཀུན་འབྱུང་ཤེས་པ། འགོག་པ་ཤེས་པ། ལམ་ཤེས་པ། ཟད་པ་ཤེས་པ། མི་སྐྱེ་བ་ཤེས་པ། རྗེས་སུ་ཤེས་པ། ཀུན་རྫོབ་ཤེས་པ། ཕ་རོལ་སེམས་ཤེས་ཞེས་པ་བཅས་བཅུ་ལ་བརྗོད། དེ་ཡང་དེ་དག་རང་རང་གི་ཡུལ་ལ་ཐེ་ཚོམ་དང་བྲལ་བའི་ཆ་ནས་དེ་དང་དེ་ཤེས་པ་ཞེས་བརྗོད་པར་གསུངས།
གཞན་ཡང་ཐེག་པ་ཐུན་མོང་བའི་ལུགས་ལྟར་ན། སངས་རྒྱས་ཀྱི་གདུལ་བྱ་རྣམས་ལ་ཆོས་འཁོར་བསྐོར་བའི་བདག་རྐྱེན་མཁྱེན་པའི་ཡོན་ཏན་སྟོབས་བཅུ་ཡོད་པ་དེ་དག་དང་མཚོན་བྱ་མཚོན་བྱེད་དུ་སྦྱར་བ་ཡིན་པར་སྣང་། སྟོབས་བཅུ་ནི། གནས་དང་གནས་མིན་མཁྱེན་པའི་སྟོབས། ལས་ཀྱི་རྣམ་སྨིན་མཁྱེན་པའི་སྟོབས། མོས་པ་སྣ་ཚོགས་མཁྱེན་པའི་སྟོབས། ཁམས་སྣ་ཚོགས་མཁྱེན་པའི་སྟོབས། དབང་པོ་མཆོག་དམན་མཁྱེན་པའི་སྟོབས། ལས་སྣ་ཚོགས་མཁྱེན་པའི་སྟོབས། ཏིང་ངེ་འཛིན་སྣ་ཚོགས་མཁྱེན་པའི་སྟོབས། སྔོན་གནས་སྣ་ཚོགས་མཁྱེན་པའི་སྟོབས། འཆི་འཕོ་བ་དང་སྐྱེ་བ་མཁྱེན་པའི་སྟོབས། ཟག་པ་ཟད་པ་མཁྱེན་པའི་སྟོབས་བཅས་ཡིན་ལ། དེ་ཡང་དེ་དག་གིས་མཁྱེན་བྱ་དེ་རྣམས་ཐོགས་མེད་དུ་མཁྱེན་པའི་སྟོབས་ཞེས་བརྗོད།
གསང་སྔགས་བླ་མེད་ཐུན་མོང་མ་ཡིན་པི་ལུགས་ལྟ་ན། རྗེ་གུང་ཐང་བསྟན་པའི་སྒྲོན་མེའི་གསུང་མ་ཎིའི་སྒྲུབ་ཐབས་འགྲེལ་པར། ༀ་དང་ཧཱུྃ་ཡིག་གཉིས་རིམ་བཞིན་སོ་སོར་ཕྲལ་བས་ཐབས་བདེ་བ་ཆེན་པོ་དང་ཤེས་རབ་སྟོང་བ་ཉིད་སོ་སོ་ལའང་བྱེད་ལས་མི་འདྲ་བའི་ལྡོག་ཆ་ནས་ཕྱེ་བའི་མེ་ལོང་ཡེ་ཤེས་དང་། མཉམ་ཉིད་ཡེ་ཤེས། སོར་རྟོག་ཡེ་ཤེས། བྱ་གྲུབ་ཡེ་ཤེས། ཆོས་དབྱིངས་ཡེ་ཤེས་བཅས་ལྔ་ལྔ་རེ་བཅུ་ཡོད་ཚུལ་དང་། དེ་ཉིད་འཇམ་དཔལ་མཚན་བརྗོད་ལས། ཤེས་བཅུ་རྣམ་དག་བདག་ཉིད་ཅན། །ཤེས་བཅུ་རྣམ་དག་འཆང་བ་པོ། །ཞེས་པའི་དོན་ཡིན་ཚུལ། དེ་ཡང་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱིས་མཛོད་ལུགས་ཀྱི་ཤེས་པ་བཅུ་ལྟར་དང་། སྒྲོན་མ་རབ་གསལ་དུ། སོར་སྡུད་ཀྱི་རྟགས་བཅུ་མཐོང་བ་ལ་བཤད་པ་སོགས་བཞེད་ཚུལ་སྣ་ཚོགས་ཡོད་ཀྱང་། རྒྱལ་བ་དགེ་འདུན་རྒྱ་མཚོའི་ཊཱིཀྐར། བདེ་ཆེན་གྱི་ཡེ་ཤེས་རྣམ་པར་དག་པའི་བདག་ཉིད་ཐོབ་པ་ནི་ཤེས་བཅུ་རྣམ་དག་འཆང་བའི་དོན་ནོ། །ཞེས་གསུངས་པ་ལ་བརྟེན་པ་ཡིན་ཚུལ་སོགས་གསལ་བས། འཁོར་ལོའི་རྩིབས་བཅུ་བྱེད་པ་དེའང་དེ་འདྲའི་ཤེས་པ་བཅུ་རྣམ་དག་འཆང་བའི་དོན་ནོ། །ཞེས་གསུངས་པ་ལ་བརྟེན་པ་ཡིན་ཚུལ་སོགས་གསལ་བས། འཁོར་ལོའི་རྩིབས་བཅུ་བྱེད་པ་དེའང་དེ་འདྲའི་ཤེས་པ་པ་བཅུ་མཚོན་བྱེད་ལ་སྦྱར་རྒྱུ་ཡིན་མིན་དང་། དེ་བཞིན་དུ། རྗེ་ཤེས་རབ་རྒྱ་མཚོའི་གསང་འདུས་བསྐྱེད་རིམ་དུ། རྩིབས་ཀུན་ལ་ནི་ཁྲོ་བོ་བཅུ། །ཡེ་ཤེས་བདག་ཉིད་བཅུ་ལས་བྱུང་། །ཞེས་པ་སྟེ། ཤེས་པ་བཅུ་འགྲེལ་པ་བཞི་སྦྲགས་མཛོད་གནས་བདུན་པ་ལྟར་བགྲང་ཡང་ངོ་བོ་ལ་ཐུན་མོང་དང་མཐུན་མོང་མ་ཡིན་པའི་ཁྱད་ཡོད་ཤས་ཆེ་ཞེས་སོགས་གསུངས་པ་ལྟར། ཁྲོ་བཅུ་ཤེས་བཅུ་དག་པ་ལ་སྦྱར་བའི་ཤེས་པ་བཅུ་དེའང་ཇི་ལྟར་འཇོག་དགོས་དཔྱད་བྱར་སྣང་ངོ་།
ཡང་རྩིབས་བཅུ་གཉིས་བྱེད་པ་ལྟར་ན། སྟོན་པ་ཐུགས་རྗེ་ཅན་གྱིས་ཆོས་འཁོར་ཐོག་མར་བསྐོར་བའི་ཚེ་ཆགས་སོགས་མི་མཐུན་ཕྱོགས་རྣམས་གཅོད་བྱེད་ལ་བདེན་པ་བཞི་ལ་རིམ་བཞིན། སྡུག་བསྔལ་ཤེས་པར་བྱ་ཞེས་པ་སོགས་གོང་གསལ་ལྟར་གསུམ་གསུམ་དུ་བཟློས་ཏེ་རྣམ་པ་བཅུ་གཉིས་བརྗོད་ཅིང་བསྟན་པ་དེ་མཚོན་པ་དང་།
ཡང་རྟེན་འབྲེལ་ཡན་ལག་བཅུ་གཉིས་དག་པ་མཚོན་པར་གསུངས་པ་ལྟར་ཏེ། དེ་ཡང་ལྷུན་འགྲུབ་པཎྜི་ཏའི་འཇིགས་བྱེད་བསྐྱེད་རིམ་དུ། སྣ་ཚོགས་རྡོ་རྗེ་རྭ་བཅུ་གཉིས་བྱེད་པ་དེས་རྟེན་འབྲེལ་ཡན་ལག་བཅུ་གཉིས་སྤངས་པར་མཚོན་པ་གསལ་བ་ལྟར། འདིས་ཀྱང་འཁོར་བའི་རྒྱུ་འབྲས་ཀུན་ནས་ཉོན་མོངས་ཕྱོགས་ཀྱི་རྟེན་འབྲེལ་ཡན་ལག་བཅུ་གཉིས་སྤོང་བྱེད་དམ་གཅོད་བྱེད་དུ་མཚོན་པ་ཡིན་ནམ་སྙམ་ལ། རྟེན་འབྲེལ་ཡན་ལག་བཅུ་གཉིས་ནི། ཐོག་མའི་མ་རིག་པ། གཉིས་པ་འདུ་བྱེད་ཀྱི་ལས། གསུམ་པ་རྣམ་ཤེས། བཞི་པ་མིང་གཟུགས། ལྔ་པ་སྐྱེ་མཆེད། དྲུག་པ་རེག་པ། བདུན་པ་ཚོར་བ། བརྒྱད་པ་སྲེད་པ། དགུ་པ་ལེན་པ། བཅུ་པ་སྲིད་པ། བཅུ་གཅིག་པ་སྐྱེ་བ། བཅུ་གཉིས་པ་རྒ་ཤི་རྣམས་སོ། །
འཁོར་ལོའི་གདན་ལ་པདྨ་དང་ཟླ་བ་གཉིས་ཡོད་པ་དེ་ནི། ལམ་ཐབས་ཤེས་གཉིས་ཡོད་པ་མཚོན། དེ་ཡང་པད་མས་སེམས་ཅན་རྣམས་ཀྱི་སེམས་ཀྱི་གནས་ལུགས་དབྱིངས་རིམ་རྣམ་པ་དག་པའི་སྟོང་པ་ཉིད་རྟོགས་པའི་ཤེས་རབ་དང་། ཟླ་བས་མ་གྱུར་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱའོ་སྙམ་པའི་བྱང་ཆུབ་ཀྱི་སེམས་དེ་མཚོན་ལ། རྟོགས་པའི་ཆོས་འཁོར་དེ་ཉིད་ཀྱང་ཐབས་ཤེས་གཉིས་ལ་བརྟེན་ནས་འདོད་ཆགས་ལ་སོགས་པའི་མི་མཐུན་ཕྱོགས་རྣམས་གཅོད་པ་དང་། ས་ལམ་གྱི་རིམ་པ་གོང་ནས་གོང་དུ་བགྲོད་པ་སོགས་པའི་བྱ་བ་བྱེད་དགོས་པར་མཚོན་པ་དང་། འཁོར་ལོ་ལ་པ་ཊ་དང་རིན་པོ་ཆེ་རྒྱན་སྤྲས་ཡོད་པའི་ལུགས་ལྟར་ན། གདུལ་བྱ་ལ་དགོས་འདོད་འབྱུང་བའི་གནས་མཚོན་པ་ཡིན་ནམ་སྙམ་མོ། །
མདོར་ན་རི་དྭགས་ཆོས་འཁོར་གྱི་མཚོན་དོན་ལ་འདྲ་མིན་ཡོད་པ་ལས། འཁོར་ལོས་ཚངས་པས་སྟོན་པ་ལ་ཆོས་འཁོར་སྐོར་བར་བསྐུལ་བའི་རྟེན་གསེར་གྱི་འཁོར་ལོ་ཕུལ་བ་མཚོན་ཚུལ། ཆོས་འཁོར་སྐོར་བ་པོ་སྟོན་པ་སངས་རྒྱས་མཚོན་ཚུལ། སྟོན་པས་བདེན་བཞི་ལན་གསུམ་དུ་བཟླས་ཤིང་བསྐོར་ནས་གསུངས་པའི་ཆོས་ཀྱི་འཁོར་ལོ་བསྐོར་བ་སོགས་མཚོན་ཚུལ་དང་། རི་དྭགས་ཟུང་དེས་ཆོས་འཁོར་ཐོག་མར་བསྐོར་བའི་གནས་མཚོན་ཚུལ། གང་ལ་བསྐོར་བའི་གདུལ་བྱ་མཚོན་ཚུལ། གང་ཞིག་བསྐོར་བའི་བརྗོད་བྱ་མཚོན་ཚུལ་དང་། ཁྱད་པར་དུ་ཆོས་འཁོར་རང་གི་ཆ་ལག་སོགས་ཀྱིས་ཆོས་གང་མཚོན་ཚུལ་འདྲ་མིན་བཅས་ཕྱོགས་ཙམ་ཞིག་བརྗོད་ཟིན་པ་དེ་ལྟར་ཡང་། ད་དུང་གསུང་རབ་རྣམས་སུ་འདིའི་སྐོར་ཞིབ་གསལ་ཡོད་ངེས་སྙམ་ཞིང་། ལྷག་པར་དུ་སྔགས་ཀྱི་སྐབས་སུ་ནི། བཤད་རྒྱུད་རྡོ་རྗེའི་ཕྲེང་བ་ལས། ཡིད་ཀྱི་རྣམ་ཤེས་རི་དྭགས་སོ། །མིག་ནི་འཁོར་ལོའི་མཚན་མ་དང་། །ཞེས་གསུངས་པ་ལྟར་དང་། གཞན་ཡང་སྙིང་གར་ཆོས་ཀྱི་འཁོར་ལོ་ཞེས་པའི་རྩ་འཁོར་དང་། ཕ་མ་གཉིས་ལས་ཐོབ་པའི་ཐེག་ལེ་དཀར་དམར་སོགས་ལ་སྦྱར་ཏེ་འདིར་ཡང་དྲང་ངེས་སོགས་ཀྱི་མཚོན་དོན་ཟབ་རྒྱས་ཡོད་ལས་ཆེ་ན། སྣོད་ལྡན་དག་གིས་དེ་བཞིན་ཁོང་དུ་ཆུད་ཐབས་ལ་ལེགས་པར་འབད་དགོས་སོ་སྙམ་མོ། །
དེ་ལྟར་ན་རི་དྭགས་ཆོས་འཁོར་འདི་ཉིད་གཙུག་ལག་ཁང་གི་སྟེང་སོགས་གང་དུ་ཡོད་པའི་གནས་ཁང་དེ་དང་དེ་ནི། རི་དྭགས་ཆོས་འཁོར་གྱི་མཚོན་དོན་གོང་གསལ་རྣམས་ཀྱི་རྗེས་མཐུན་ཡན་རེ་ངེས་པར་ཡོད་ས་ཞིག་ཡིན་དགོས་པར་མཚོན་པར་སྣང་བས་འདི་ཉིད་དམའ་ས་སོགས་གང་བྱུང་ལ་བཞེངས་དགོད་མི་རུང་བའི་ཚུལ་ཡང་གོང་གསལ་དེ་དག་གིས་ལེགས་པར་ཤེས་ནུས།
དེ་ཡང་ཆོས་མངོན་པའི་མཛོད་ལས། སྟོན་པའི་དམ་ཆོས་རྣམས་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་དོ། །དེ་འཛིན་བྱེད་པ་སྨྲ་བྱེད་པ། །སྒྲུབ་པར་བྱེད་པ་ཁོ་ནའོ། །ཞེས་སངས་རྒྱས་ཀྱི་ཆོས་འཁོར་ལ་རྗོད་བྱེད་ལུང་གི་ཆོས་འཁོར་དང་། བརྗོད་བྱ་རྟོགས་པའི་ཆོས་འཁོར་གཉིས་ཡོད། དེ་གཉིས་ལ་རིམ་བཞིན་ལུང་གི་བསྟན་པ་དང་རྟོགས་པའི་བསྟན་པའང་བརྗོད། དེ་དག་ཇི་ལྟར་འཛིན་ཚུལ་ནི། སྟོན་པ་མཆོག་གིས་ཇི་ལྟར་གསུངས་པ་བཞིན་གཅིག་ནས་གཅིག་ཏུ་བརྒྱུད་དེ་ཆོས་འཆད་ཉན་ཚུལ་བཞིན་དུ་བྱེད་པ་དང་། ཇི་ལྟར་ཐོས་པའི་དོན་ལ་རྣམ་པར་དཔྱོད་པའི་ཤེས་རབ་ཀྱིས་སྒྲོ་འདོགས་ལེགས་པར་གཅད་དེ་སྒོམ་སྒྲུབ་ཉམས་ལེན་ཚུལ་མཐུན་བྱེད་པ་ཁོ་ན་ཡིན་པར་གསུངས་པ་ལྟར་གྱི་དོན་རྒྱ་ཆེ་ཡོད་པ་རྣམས་ངོས་འཛིན་པ་བྱ་དགོས་ཤིང་། མདོར་ན་གང་དུ་རི་དྭགས་ཆོས་འཁོར་བཀོད་པའི་གནས་གཞི་དེར་ལུང་རྟོགས་བཤད་སྒྲུབ་ཀྱི་བྱ་བ་ཡོད་པ་ཞིག་གོ་དགོས་པས་མཚོན་དོན་དང་མཐུན་པར་གནང་གལ་ཆེ་ཞིང་། དེ་ལྟར་ཉམས་བཞེས་གནང་བའི་མཁས་པའི་ཁྱུ་ཚོགས་རྒྱུན་མི་ཆད་དུ་འཕེལ་བའི་རེ་སྨོན་རྒྱ་ཆེར་དང་བཅས་ཏེ་དགེ་མིང་དཔལ་གྲགས་པས་བྲིས་པ་དགེའོ། །
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།