བོད་མིས་ཕྱིང་བ་བཟོ་སྟངས།
ཕྱིང་བ་ནི་གངས་ཁྲོད་དུ་ལྟེ་ཁྲག་འཕོས་ཤིང་གངས་ཁྲོད་ནས་འདབ་ལག་རྒྱས་པའི་བོད་མི་རྣམས་ལ་ཆ་རྒྱུས་དང་གསལ་ཆ་ཧ་ཅང་ཆེ་ལ། ཕྱིང་བས་ཁོ་ཚོའི་འཚོ་བའི་ཁྲོད་དུ་གོ་གནས་འགངས་ཆེན་བཟུང་ཡོད་དེ། དབྱར་དུས་ཕྱིང་བ་འཇོག་པ་དང༌། ཕྱིང་བ་བསྒྲིལ་བ་དེས་ང་ལ་ཆུང་དུས་ནས་བག་ཆགས་ཟབ་མོ་ཞིག་བཞག་འདུག དེ་བས་ང་ལ་ཕྱིང་བ་བཟོ་སྟངས་ཅུང་ཙམ་གླེང་འདོད་སྐྱེས་བྱུང༌།
༡ ཕྱིང་བ་བཟོ་ཚུལ་དང་དེའི་རྒྱུ་ཆ།
ཕྱིང་བ་ནི་གཡང་དཀར་ལུག་གི་བལ་རྒྱུ་ཆ་བྱས་ཏེ་བཟོས་པའི་ཐོན་རྫས་ཞིག་ཡིན། ལོ་རེའི་དབྱར་ཟླ་ལྔ་བ་དང་དྲུག་པའི་ནང་ནམ་ཟླའི་འགྱུར་བག་དང་རྩྭ་ཆུའི་རྒྱས་ཚད་ལ་བསྟུན་ནས་རིམ་གྱིས་ལུག་ལ་ཤ་ཤེད་རྒྱས་ཤིང་ལུག་བལ་འབྲེག་རན་དུས། ཁྱིམ་ཚང་མང་བོ་མཉམ་དུ་རུ་སྐོར་རུ་སྐོར་བྱས་ཏེ་བབས་ཡོད་ལ། དེ་ཚོས་རེས་མོས་ཀྱིས་གཅིག་གིས་གཅིག་ལ་རོགས་བྱས་ཏེ་བལ་འབྲེག་པ་དང་བྲེག་ཚར་བ་ན། ཁྱིམ་ཚང་རེའི་ཁྱིམ་བདག་མ་སྟེ་འཁོར་བ་སྐྱོང་མཁས་ཤིང༌། ལྷག་པར་དུ་འཁེལ་སྐུད་དང་ཕྱིང་བ་འཇོག་པར་མཁས་པ་ཚོས་ཕན་ཚུན་ལ་རོགས་རམ་གྱིས་ཕྱིང་བ་བཟོ་བའི་རྒྱུ་ཆ་སྟེ༌།བལ་འཇམ་ལ་ཚིལ་དྲེག་མང་བོ་ཅན་①འདེམས་ལེན་བྱེད་པ་དང༌། དེ་ནས་སྐྱེས་མ་དང་བུ་མོ་ཚོས་དེ་ཞིབ་མོར་གསེད་ནས་ཁྱིམ་ཚང་རང་རང་གིས་ཕྱིང་བ་འཇོག་པར་གྲྭ་སྒྲིག་བྱེད་ངེས།
ཕྱིང་བ་འཇོག་རན་དུས། རུ་སྐོར་གྱི་ཕྱིང་འཇོག་མཁས་པ་ཚོས་ཕྱ་རའི་ཁུག་ལ་སྲབ་མཐུག་སྙོམས་ལ་སྣ་སྣེ་མེད་པའི་སྒོས་གྲ་དག་པོ་དང་ངོས་མཉམ་མོ་ཞིག་བཞག་སྟེ་དེའི་སྟེང་ལ་སྤེན་མ་མགོ་རྫིག་པོ་ཅན་འགའ་མཉམ་དུ་བསྡམས་ནས་ཕྱིང་ཆུའི་(ཆུ་དྭངས་མོའམ་ཕྱུར་ཁུ་②དྲོད་འཇམ་)་ནང་དུ་སྒྲེ་བཞིན་གཏོར་ཏེ་མ་ཕྱིང་བཅག་བཅག་བྱས་རྗེས། ཕྱིང་བའི་རིང་ཐུང་དང་འཚམ་པའི་སྦྲའི་ཆོན་ཐག་འགེར་བྱེད་ཀྱི་ཀ་ར་ཞིག་ངོས་གཅིག་གི་ཐོག་ལ་བཞག་ནས་བུད་མེད་འགས་བསྒྲིལ་དགོས་པ་དང་ཆབས་ཅིག་འོས་འཚམ་ཞིག་བསྡམས་ནས་བསྒྲིལ་འགོ་བརྩམས་ཆོག
བསྒྲིལ་འགོ་རྩོམ་དུས་ཆེས་ཐོག་མར་ལག་ལས་ཀ་འཛོམས་ཤིང་ཚིག་ཁ་ལྕེ་འཇམ་པའི་རིག་བཟང་མ་ཚོས་སྐད་འཆམ་གྱིས་“ལུས་ཤོག③ ལུས་ཤོག མ་མོ་གྲོ་མོའི་བལ་ཡིན། ལུ་གུ་བརྒྱ་ཡི་ཡུ་ནི④་ཡིན། ལུས་རྒྱུག་གི་རྒྱུག་གི་ཤོག ལུས་འདུར་གི་འདུར་གི་ཤོག ཀོ་མིན་ན་ཀོ་འདྲ་ཡོང་དགོས། རྡོ་མིན་ན་རྡོ་འདྲ་ཡོང་དགོས། རྒྱ་ནག་རྒྱལ་པོའི་གདན་ཕྱིང་ཡིན། གོང་མ་རྒྱལ་པོའི་ཁྲི་ཕྱིང་ཡིན། གངས་ཅན་བོད་ཀྱི་གྱོན་ཕྱིང་ཡིན། གེ་སེར་རྒྱལ་པོའི་བཞུགས་ཕྱིང་ཡིན།” ཞེས་འདོན་པ་དང་མཐུད་ནས་“གཅིག་རེད། གཉིས་རེད། གསུམ་རེད། བཞི་རེད་……”་ཞེས་དབྱངས་སུ་གྱེར་ནས་བརྩི་བཞིན་ཆེས་ཉུང་ན་སྟོང་གཅིག་ཉིས་བརྒྱ་ཡས་མས་དང་མང་ན་ཉིས་སྟོང་ཡས་མས་བར་བསྒྲིལ་རྗེས་བསྡོམ་ཐག་གྲོལ་ཏེ་ཁ་ཕྱེ་ནས་མ་ཕྱིང་ཕྱ་རའི་ཁུག་ནས་བླངས་ཏེ་སྤང་ཐང་ངོས་འཇམ་ཞིང་མཉམ་པ་ཞིག་ནས་རྐྱང་བར་བསྒྲིལ་ཆོག
དེ་ནས་མུ་མཐུད་དུ་གྲངས་ཀ་སྟོང་ནས་ལྔ་བརྒྱ་བར་བསྒྲིལ་རྗེས་ཡང་ཁ་ཕྱེ་སྟེ་ཕྱིང་ཆུ་འོས་འཚམ་གཏོར་བ་དང་ཉི་མར་ཅུང་ཙམ་ལྡེ་བཞིན་ཡང་ཟུར་གང་ཞིག་ནས་མི་མཉམ་ན་དེའི་ཕྱོགས་ནས་མུ་མཐུད་དུ་གྲངས་ཀ་བརྩི་བཞིན་བསྒྲིལ་དགོས། ཕྱིང་བའི་ཁོད་ཆེ་ན་མི་གསུམ་ནས་བཞི་ཡིས་མཉམ་དུ་བསྒྲིལ་དགོས་པའང་ཡོད། དེ་ལྟར་ཡང་དང་བསྐྱར་དུ་བསྒྲིལ་སྟེ་གྲངས་ཀ་ངེས་ཅན་ཞིག་ལ་ཐོན་དུས་ཕྱིང་བའི་ཆེ་ཆུང་དང་སྲབ་མཐུག་སོགས་སྔོན་དང་བསྡུར་ཐབས་མེད་པ་ཞིག་ཏུ་འགྱུར་ལ་ངོ་མ་གདན་གྱི་ངོ་བོ་འཛིན་ངེས། སྐབས་དེར་དྭངས་གཙང་གི་རྒྱུགས་ཆུ་ཆེ་ཙམ་ཞིག་ཏུ་བཀྲུ་དགོས་ལ། བཀྲུ་དུས་ཀྱང་སྤྱིར་བཏང་གི་ལྭ་བ་བཀྲུ་བཀྲུ་བྱེད་མི་ཆོག་ལ་འདག་རྫས་ཀྱང་བྱུགས་མི་ཆོག སྣེ་གཉིས་ནང་དུ་བསྒྲིལ་ནས་ཁུག་གམ་དཀྱིལ་ལ་ཆུ་རྒྱུག་ཏུ་བཅུག་ནས་གཙང་བཀྲུ་བྱེད་དགོས།
ཕྱིང་བ་ནི་ངེས་པར་དུ་དབྱར་ཁར་འཇོག་དགོས་པའི་རྒྱུ་མཚན་ནི་དབྱར་ཁའི་གནམ་གཤིས་དྲོད་བ་དང་ལུག་བལ་འབྲེག་རན་པའི་དུས་གཉིས་མཉམ་ཏུ་་ཁེལ་བ་དང་གཅིག&
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com