ཨ་མདོའི་དམངས་གླུའི་སྒྱུ་རྩལ་ཁྱད་ཆོས་མདོ་ཙམ་བརྗོད་པ་མུ་ཏིག་ཕྲེང་མཛེས།
དམངས་གླུ་ནི་ལོ་རྒྱུས་ཀྱི་རྒྱུན་རིང་ཞིང་མདོ་དབུས་ཁམས་གསུམ་གང་དུ་ཡང་དར་ཁྱབ་ཧ་ཅང་ཆེ་ལ། བོད་མི་རིགས་རང་གི་ཁྱད་ཆོས་ཕུན་སུམ་ཚོགས་པ་ལྡན་པའི་རིག་རྩལ་གྱི་བྱེད་སྒོ་ཞིག་སྟེ། རང་རེ་བོད་ཀྱི་དམངས་ཁྲོད་རྩོམ་རིག་གི་བང་མཛོད་དུ་འོད་ཟེར་ལམ་ལམ་དུ་མཆེད་པའི་ཆ་ཤས་ཤིག་ཀྱང་ཡིན་ནོ།། དེ་ཡང་རྟ་ནོར་ལུག་གསུམ་ཕྱོགས་ཀུན་ཁྱབ་པའི་མཐའ་ཡས་སྤང་ལྗོངས་སུ་རྒྱུན་པར་ཐོས་ཐུབ་ལ། འབྲུ་རིགས་སྣ་ལྔའི་གསེར་རླབས་ལང་ལོང་དུ་འཕྱུར་བའི་ཞིང་སྡེའི་མཐའ་འཁོར་ནས་སྐད་གསེང་མཐོན་པོས་བླངས་ཆོག་པར་མ་ཟད། གནམ་ལོ་གསར་དུ་ཚེས་པའི་དགའ་སྟོན་དང༌། གཉེན་སྒྲིག་དུས་སྟོན་སྣ་ཚོགས་སོགས་འདུ་འཛིའི་ལྟད་མོའི་ཁྲོམ་ཚོགས་གང་དུ་ཡང་ང་ཚོས་ལྷང་ལྷང་གི་གླུ་སྒྲ་བར་མེད་དུ་ཐོས་ཐུབ། ཁ་དཔེར་ཡང་བོད་མི་རེ་ཁ་ན་གླུ་རེ་ཟེར་བ་ལྟར་བོད་མི་ཞིག་ཡིན་ཚེ་གླུ་འགའ་རེ་ལེན་མི་ཤེས་མཁན་ཧ་ཅང་ཉུང་བའི་སྣང་ཚུལ་འདིའི་སྟེང་ནས་ཀྱང་བོད་ཀྱི་དམངས་གླུའི་དར་ཁྱབ་རང་བཞིན་རྟོགས་ཐུབ་ལ། གཞན་ཡང་བོད་མི་རིགས་ནི་སྐད་ཆ་བཤད་ཤེས་པ་ནས་གླུ་ལེན་ཤེས་ལ། གོམ་པ་སྤོ་ཤེས་པ་ནས་བྲོ་འཁྲབ་ཤེས་ཞེས་ཀྱང་བཤད་སྲོལ་ཡོད་པ་ལྟར། སྤྱིར་བོད་མི་རིགས་འདི་ནི་གླུ་ལེན་པར་ཧ་ཅང་སྤྲོ་ལ། རྒྱུན་པར་རང་སེམས་ཀྱི་དགའ་སྤྲོ་གླུ་དང་བྲོ་བརྒྱུད་ནས་མཚོན་པར་བྱེད་པའི་གོམས་གཤིས་ཡོད་པ་ཡང་རྟོགས་ཐུབ། ཡིན་ཡང་འདིའི་ཕྱོགས་སུ་དོ་སྣང་དང་ཞིབ་འཇུག་བྱེད་མཁན་ཉུང་བ་ནི་ང་ཚོའི་བོད་མི་རིགས་ཀྱི་ཤེས་ཡོན་ཅན་སུ་ལ་མཚོན་ན་ཡང་དངོས་གནས་ཡིད་ཕངས་པའི་གནས་ཤིག་ཏུ་འཁུམས། དམངས་གླུས་བོད་མི་རིགས་ཀྱི་སྤྱི་ཚོགས་གནས་བབ་དང༌། བསམ་པའི་འདུ་ཤེས། མི་ཚེའི་ལྟ་ཚུལ། ཡུལ་སྲོལ་གོམས་གཤིས། མཛེས་དཔྱོད་ཀྱི་རིན་ཐང་སོགས་མཚོན་ཡོད་པས་ད་ལྟའི་དུས་རབས་དང་བསྟུན་ནས་བརྗོད་ན་དམངས་གླུ་ནི་བོད་སྤྱི་ཚོགས་ཀྱི་འཚོ་བ་དངོས་མཚོན་པའི་རྩོམ་རིག་ཅིག་ཡིན་པར་མ་ཟད། སྒྱུ་རྩལ་གྱི་རིན་ཐང་གི་ཆ་ནས་བཤད་ན་ཡང་ཕྱི་རབས་པ་རྣམས་ཀྱིས་དོ་སྣང་དང་ཞིབ་འཇུག་བྱེད་པར་དོན་སྙིང་གལ་ཆེན་ལྡན་པའི་མི་རིགས་རང་ཉིད་ཀྱི་རིག་གནས་ཤིག་ཏུ་མངོན་པས་ན་གཤམ་ནས་བདག་གིས་ཨ་མདོའི་དམངས་གླུའི་སྒྱུ་རྩལ་ཁྱད་ཆོས་ཅུང་ཙམ་གླེང་བར་བྱའོ།།
གཅིག དམངས་གླུའི་བྱུང་བ་དང་ཨ་མདོའི་དམངས་གླུའི་རྣམ་དབྱེ།
དམངས་གླུ་ཞེས་པ་ནི་བོད་རིགས་ངལ་རྩོལ་མི་དམངས་ཀྱིས་ཐུན་མོང་བའི་ངག་ཐོག་ནས་གསར་རྩོམ་དང་བརྒྱུད་སྤེལ་བྱས་པའི་ཚིགས་བཅད་བརྩམས་ཆོས་ཐུང་ངུ་ཞིག་ལ་བྱ་ཞིང༌། དེ་ཡང་ཁོ་ཚོའི་ནང་སེམས་ཀྱི་འགྱུར་བ་དེ་ཕྱིའི་ངག་གི་དབྱངས་རྟ་ངེས་ཅན་ལ་བརྟེན་ནས་འཁྲོལ་བའམ་མཚོན་པ་ཞིག་སྟེ་བོད་རིགས་དམངས་ཁྲོད་དུ་དར་ཁྱབ་ཆེ་བའི་སྒྱུ་རྩལ་གྱི་རྣམ་པ་ཞིག་རེད། དམངས་གླུ་ཡང་མིའི་རིགས་ཐོག་མར་བྱུང་བ་ནས་ཡོད་པ་ཞིག་མ་ཡིན་པར་མི་རྣམས་ཀྱི་ཐུན་མོང་གི་ངལ་རྩོལ་ཁྲོད་རིམ་བཞིན་བྱུང་བ་ཞིག་ཡིན་ལ།
དབྱིན་ཇིའི་སྙན་ངག་ཞིབ་འཇུག་པ་ཆའོ་ཀྲི་ཐང་མུའུ་སུན་གྱི《གླུ་ཡི་བྱུང་བ་བརྗོད་པ》ཞེས་པ་ལས། གདོད་མིའི་དུས་སྐབས་སུ་མི་རྣམས་ཀྱིས་ཐུན་མོང་གི་ངལ་རྩོལ་ཁྲོད་དུ་བྱུང་བའི་འགྲོས་རིམ་དང་ལྡན་པའི་བྱ་བ་དེར་གྲུབ་ཆ་གཉིས་ཡོད་དེ། དེ་ཡང་ལུས་ཀྱི་གྲུབ་ཆ་དང་ངག་གི་གྲུབ་ཆ། ལུས་ཀྱི་གྲུབ་ཆ་འཕེལ་རྒྱས་སུ་བྱུང་བ་ལས་གར་དང༌། ངག་གི་གྲུབ་ཆ་དེ་འཕེལ་རྒྱས་སུ་སོང་བ་ལས་སྐད་ཆ་བྱུང་བ་རེད། སྐད་ཆ་དང་ཐོག་འགྲོས་རིམ་དང་དོན་ཅི་ཡང་མེད་པའི་རོ་ཙམ་ཡིན་ལ་ཕྱིས་སུ་འཕེལ་རྒྱས་སུ་སོང་བ་ལས་སྤྱིར་བཏང་གི་སྐད་ཆའམ་གླུ་བྱུང་བ་རེད། ཅེས་གསུངས་པ་ལྟར། དམངས་གླུ་བྱུང་བར་ཡང་གོ་རིམ་ངེས་ཅན་ཞིག་ཡོད་དེ་གདོད་མའི་མི་རྣམས་ཀྱིས་ཐུན་མོང་གི་ངལ་རྩོལ་ཁྲོད་ཐོན་སྐྱེད་ངལ་རྩོལ་བྱེད་པའི་གོ་རིམ་ཁྲོད་དང་རང་བྱུང་ཁམས་ལ་འཐབ་རྩོད་བྱེད་པའི་གོ་རིམ་ཁྲོད་རིམ་གྱིས་བྱུང་ཞིང༌། ངག་ཐོག་བརྒྱུད་ནས་དེ་ལ་དག་ཐེར་དང༌། མཐོར་འདེགས། གཏན་འཁེལ། གསར་རྩོམ་བཅས་བྱས་པ་ལ་བརྟེན་གཞི་ནས་ནར་སོན་ཏེ་འཚོ་བའི་ཁྲོད་དུ༌རྐང་ཚུགས་པའི་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཐུན་མོང་བའི་རིག་པའི་ཉིང་བཅུད་དུ་གྱུར་པ་རེད།
《ཏུན་ཧོང་ཡིག་ཚང》གཙོ་བྱས་པའི་བོད་བཙན་པོའི་དུས་སྐབས་ཀྱི་ལོ་རྒྱུས་ཡིག་ཚང་དག་ཏུ། གླུ་དང་གོ་དོན་ཡོངས་སུ་མཚུངས་པའི་མགུར་དང་མཆིད་ཅེས་པའི་ཐ་སྙད་འདི་དག་སྔ་ཕྱིར་ཐེངས་མང་བོར་ང་ཚོའི་མཐོང་ལམ་དུ་ཉེ་བར་བརྒྱུད་པ་སྟེ།
དཔེར་ན། བཙན་པོ་གནམ་རིའི་དགྱེས་སྐྱེམས་སྟོན་མོའི་ཐོག་བློན་པོ་ཁྱུང་བོ་སྤུང་ཟད་ཞུ་ཙིའི་ང་རྒྱལ་གཞོམ་པའི་ཆེད་དུ། བློན་ཞང་སྣང་གིས་གླུ་བླངས་པར། ན་ནིང་ནི་གཞེན་ནིང་སྔ། ། ཕོ་མོའི་ནི་འབྲོང་བཀུམ་པ། ། ལྟོ་ཤིང་ནི་སྨུག་ནོ་རྒྱལ། ། ལྕགས་ཀྱིས་ནི་མ་དྲལ་ན། ། སྨྱུག་གིས་ནི་རེ་མྱི་ཕུགས། ། རྒོད་ཀྱིས་ནི་མ་བསྒྲོན་ན། ། འབྲོང་ལ་ནི་རེ་མྱིའི་འཇེན། ། ལྟ་བུ་དང༌། ཡང་བཙན་པོ་གྲི་གུམ་བཙན་པོའི་སྐབས་སུ་ཤ་ཁྱིས་ལོ་ངམ་ཚར་བཅད་རྗེས། མགུར་འདི་ལྟར་གསུང
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com