རེབ་གོང་ས་ཆའི་བཞི་བའི་བསྙུང་གནས་དང་ལྔ་བའི་མ་ཎིའི་བྱུང་བ།

རྩོམ་པ་པོ།:བཀྲ་ཤིས་རྒྱ་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2008-01-17 09:24:15 ཀློག་གྲངས།:

  

   བོད་ཀྱི་ལོ་རྒྱུས་དེབ་ཐེར་རྣམས་སུ།  འཕགས་པ་སྤྱན་རས་གཟིགས་ནི་བོད་གངས་ཅན་གྱི་མེ་ཏོག་ཕོག་པའི་ལྷ་སྐལ་ཡིན་པ་དང་།  གཟུངས་མཆོག་མ་ཎི་ཡི་གེ་དྲུག་མ་གངས་ཅན་བོད་ཀྱི་ཆོས་སྐལ་ལྡན་ཡིན་པར་འདོད་ལ།  དེ་བར་ཤར་སྐལ་ལྡན་རྒྱ་མཚོའི་གསུང་མགུར་དུ་ཡངལྷ་སྤྱན་རས་གཟིགས་ལས་མྱུར་བ་མེད།།  ཆོས་ཡི་གེ་དྲུག་མས་ཟབ་པ་མེད།།  སྡིག་སྦྱོར་ཐབས་བསྙུང་གནས་ལས་ལྷག་མེད།།  འགག་ཉག་ག་མ་ནོར་རི་ཁྲིད་པ།།ཞེས་འཕགས་མཆོག་སྤྱན་རས་གཟིགས་ལྷག་པའི་ལྷར་བསྟེན་ན་བྱིན་རླབས་ཀྱི་འཇུག་པ་མྱུར་བ་དང་།  གཟུངས་མཆོག་ཡི་གེ་དྲུག་མ་བཟླས་བརྗོད་བྱས་ན་འདི་ལས་ལྷག་པའི་ཟབ་མོའི་ཆོས་མེད་པ་དང་།  བསྙུང་གནས་སམ་བསྙེན་གནས་ཀྱི་སྡོམ་པ་བླངས་ཏེ་བསྲུངས་ན་འདི་ལས་ལྷག་པའི་སྡིག་པའི་སྡིག་པ་སྦྱོང་བའི་ཐབས་མེད་ཚུལ་གསུངས་ཡོད་པ་ལྟར་དུ།  ཤར་སྐལ་ལྡན་རྒྱ་མཚོ་ཁོང་འཚོ་བཞེས་སྐབས་སུ་དབེན་གནས་རི་ཁྲོད་འགྲིམས་དུས་ཡུལ་དང་གནས་གང་ཞིག་ལ་ཕེབས་ན་ས་དེ་གའི་སྐྱེ་འགྲོ་རྣམས་ལ་འཕགས་པ་སྤྱན་རས་གཟིགས་ལྷག་ལྷར་བསྟེན་ཏེ་གཟུངས་མཆོག་ཡི་གེ་དྲུག་མའི་བཟླས་བརྗོད་ཀྱི་ལས་ལ་བསྐུལ་བར་མཛད་པའི་རྣམ་པར་དཀར་བའི་འཕྲིན་ལས་ལ་བརྟེན་ནས།  ཕྱུས་སུའང་མདོ་སྨད་ལྷོ་རྒྱུད་ཕྱོགས་དང་ཁྱད་པར་དུ་རེབ་གོང་གསེར་མོ་ལྗོངས་སུ་མ་ཎི་ཡི་གེ་དྲུག་མ་བསླས་བརྗོད་བྱེད་པའི་ལུགས་སྲོལ་ཆེས་ཆེར་དར་བར་གྱུར་བ་ཡིན།

   དེ་ཡང་སྤྱི་ལོ་དུས་རབས་བཅུ་བདུན་པའི་ནང་དུ་ཤར་སྐལ་ལྡན་རྒྱ་མཚོའི་ཐུགས་སྲས་མཁས་གྲུབ་ཆེན་པོ་རྗེ་མ་ཎི་པ་ཤེས་རབ་བཀྲ་ཤིས་བྱོན་ཏེ།   མི་ལོ་བཅུ་ཕྲག་དུ་མའི་རིང་ལ་ཧོར་སྟོད་སྨད།   བོན་རྒྱ།  མགར་རྩེ་གོང་འོག   ལྕང་སྐྱ།  ལྕང་ལུང་།  ཀོའུ་སྡེ།  བསེ་རི་ཆུ་བར་གསུམ།  རྒྱལ་པོ་གླིང་ཚང་།  ཚོ་བཞི།  སྨད་པ་སྡེ་བདུན།  གླིང་རྒྱལ།  བིས་མདོ།  ཨ་བར་ཉིན་སྲིབ།  ཁ་གྱ།  རྒན་གྱ་སོགས་ས་བཞི་བའི་ཚེས་གཅིག་ནས་དྲུག་པའི་ཚེས་དྲུག་གི་བར་དུ་མ་ཎི་བཙུགས་ཏེ་ལོ་རེར་བསྙུང་གནས་སྟོང་ཕྲག་འགའ་བསྲུང་བ་དང་མ་ཎི་དྲུང་ཕྱུར་ལྔ་བཅུ་ལྷག་འདོན།  སྡེ་བ་འདི་དག་གིས་མ་ཎི་འདོན་ཚུལ་ནི་སྡེ་བ་མཉམ་དུ་ཚོགས་ཏེ་རང་རང་གིས་མ་ཎིའི་གྲངས་གསོག་བྱས་ཏེ་མ་ཎི་འདོན་པ་དང་།  ཡང་ན་རྗེ་མ་ཎི་བ་ཤེབ་རབ་བཀྲ་ཤིས་ཚང་དང་ཁོང་གི་སློབ་མ་གང་རུང་ཞིག་ཕེབས་ཏེ་སྐལ་ལྡན་མགུར་མ་དབྱངས་སུ་གྱེར་ཏེ་མ་ཎི་འདོན་པར་བསྐུལ་ན།  སྡེ་མི་མཉམ་དུ་ཚོགས་ཡོད་པ་རྣམས་ཀྱིས་ཀྱང་གདངས་དབྱངས་དེ་དང་མཐུན་པར་མ་ཎི་འདོན་པ་ཡིན།  སྐབས་ལ་ལར་མདོ་མཛངས་བླུན་གྱི་ལས་འབྲས་ཀྱི་རྣམ་གཞག་སྐོར་གྱི་ཆོས་བཤད་བྱེད་པ་དང་།  ཡང་ན་སྐལ་ལྡན་མགུར་མའི་ཚན་ལས་སྡེ་མི་དེ་དང་དེར་མི་འཚམ་པའི་ཆོས་བཤད་བྱེད་པའི་སྲོལ་ནི་གྲོང་སྡེ་དེ་དག་ཏུ་མ་ཉམས་པར་ད་ལྟའི་བར་དུ་གནས་ཡོད།

   སྤྱི་ལོ༡༦༥༡ལོར་གྲུབ་ཆེན་ཆོས་པ་བློ་བཟང་བསྟན་པའི་རྒྱལ་མཚན་གྱི་སྤྲུལ་བའི་རྣམ་རོལ་གཡེར་གཤོང་སྔགས་རམས་པ་འཇམ་དབྱངས་བློ་གྲོས་འཁྲུངས་ཤིང་།  ཁོང་རིམ་གྱིས་ནར་སོན་རྗེས་རྒྱལ་བའི་བསྟན་པ་ལ་རབ་ཏུ་བྱུང་སྟེ་མཚན་ཉིད་ལྡན་པའི་ཐེག་པ་ཆེན་པོའི་དགེ་བའི་བཤེས་གཉེན་བསམ་སྦྱོར་དག་པས་བསྟེན་ཏེ་མདོ་སྔགས་གཉིས་ལ་མཁས་པའི་བསྟན་འཛིན་ཆེན་པོར་གྱུར།  ཁོང་གིས་གཡེར་གཤོང་སྒྲུབ་སྡེ་དགོན་ཕྱག་བཏབ་གནང་སྟེ་དགོན་པའི་ཉེ་འཁོར་གྱི་གྲོང་སྡེ་སྟེ་ཤ་སྦྲང་དང་ཆུ་མ།  བློན་ཆོས་དང་ཧོར་ནག་བྲག་དཀར་སོགས་ལ་མ་ཎི་བུམ་སྒྲུབ་ཀྱི་སྲོལ་བཙུགས་ནས་ཟླ་བ་ཕྱེད་དང་གཉིས་རེར་མ་ཎི་འུར་སྐུལ་གྱི་ཆོས་རྒྱུན་བཙུགས་པ་སོགས་ལ་བརྟེན་ནས། རྟོགས་བརྗོད་གསེར་གྱི་མེ་ཏོགལསརིང་ནས་འདི་ན་ནོར་བུ་པདྨ་ཅན།།  སྙིང་གི་གྲུ་འཛིན་གཞལ་མེད་ཁང་བཟང་དུ།།  བསྟེན་ཏེ་ཡིག་དྲུག་རྡོ་རྗེའི་བཟླས་པ་ཡིས།།  འཁོར་བ་དོང་ནས་སྤྲུགས་པ་ཟད་དུ་མེད།།ཅེས་སྤྱན་རས་གཟིགས་ཀྱི་གཟུངས་སྔགས་པའི་མེ་ཏོག་ཕུལ་འདི་བྱུང་བ་དང་།  འདི་དག་ཀྱང་ཤར་སྐལ་ལྡན་རྒྱ་མཚོ་མཆོག་དང་།  ཁོང་གི་འགྲན་ཟླ་བྲལ་བའི་གསུང་གི་འཕྲིན་ལས་ལ་བརྟེན་ནས་བྱུང་བ་ཤ་སྟག་ཡིན།

མང་ཚོགས་སྒྱུ་རྩལལས་བཏུས།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།