ལོ་གསར་གཏོང་བའི་དུས་ཚོད་མི་འདྲ་བ་བཞིའི་སྐོར་གླེང་བ།

རྩོམ་པ་པོ།:owmvd ཡོང་ཁུངས།:བོད་ཀྱི་དྲ་བ། དུས་ཚོད།:2008-01-13 10:27:12 ཀློག་གྲངས།:

  ལོ་གསར་ཞེས་པ་ནི་ལོ་གསར་པ་ཞིག་ཤར་བར་རྟེན་འབྲེལ་གྱི་མཛད་སྒོ་སྤེལ་བར་ཟེར་ཞིང་།  རང་རེའི་བོད་ཀྱི་ཡུལ་འདིར་ལོ་འགོ་འཛིན་ཚུལ་མི་འདྲ་བ་ཁག་བརྒྱད་ཙམ་བྱུང་ཡོད་ཀྱང་ལོ་གསར་དངོས་སུ་གཏོང་བའི་དུས་ཚོད་མི་འདྲ་བ་ཁག་བཞི་ཡོད་པ་སྟེ།  རྒྱལ་པོ་ལོ་གསར་དང་།  སོ་ནམ་ལོ་གསར།  ཟླ་བཅུ་གཅིག་པའི་ལོ་གསར།  ཟླ་བཅུ་བའི་ལོ་གསར་བཅས་ཡིན།

  གཅིག   རྒྱལ་པོ་ལོ་གསར།

  རྒྱལ་པོ་ལོ་གསར་ནི་བོད་ཟླ་དང་པོའི་ཚེས་གཅིག་ཉིན་ལོ་གསར་གཏོང་བ་དེ་ཡིན།  དེ་ནི་དུས་རབས་བཅུ་གསུམ་པའི་དུས་འགོར་ཧོར་ཇིང་གིར་རྒྱལ་པོས་བོད་དབང་དུ་བསྡུས་རྗེས་རྒྱ་ནག་གི་ཧོང་ལེ་དང་བོད་ཟླ་དང་པོ་དང་མཐུན་པར་བརྟེན་ཧོར་ལུགས་ལྟར་བོད་ཟླ་དང་པོར་ཧོར་ཟླ་དང་པོ་ཞེས་པའི་ཐ་སྙད་བཏགས་པ་དང་སྐབས་དེའི་བོད་ཁྲི་སྐོར་བཅུ་གསུམ་དུ་གཏོགས་པའི་བོད་རིགས་ས་ཆ་མང་ཆེ་བས་ས་སྐྱའི་ལོ་ཐོ་གཞིར་བཟུང་ནས་ལོ་གསར་དེ་གཏོང་སྲོལ་བྱུང་བ་ཡིན།  ལོ་གསར་དེ་ནི་རྒྱས་སྤྲོས་ཆེ་ཆུང་ཙམ་གཏོགས་མདོ་སྨད་སྟོད་དང་།  དབུས་གཙང་སོགས་བོད་རིགས་གནས་པའི་ས་ཁུལ་ཡོངས་རྫོགས་ཀྱིས་དགའ་གཏོང་བྱེད་པའི་ལོ་གསར་ཞིག་ཡིན།

  གཉིས།  སོ་ནམ་ལོ་གསར།

  དེ་ནི་བོད་ཟླ་བཅུ་གཉིས་པའི་ཚེས་གཅིག་ཉིན་ནས་ལོ་གསར་གཏོང་སྲོལ་ཡོད་པ་དེ་ཡིན།  དེ་ཡང་དུས་རབས་བརྒྱད་པའི་ནང་བོད་ཀྱི་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་བོད་ཆོས་ཉམས་པ་དང་གྱི་ཤིང་ཀོང་ཇོའི་དུས་སུ་བསྒྱུར་བའི་རྒྱ་ནག་གི་རྩིས་གཞུང་བར་འགྱུར་གསལ་སྒྲོན་སྦས་བཅས་ཅན་གྱི་ལུགས་ཞེས་པའི་དེ་ཆར་བོད་ཟླ་བཅུ་གཉིས་པའི་ཚེས་གཅིག་ལ་རྒྱ་ནག་གི་སོ་ནམ་ལོ་གསར་འཁེལ་བ་དང་ལྷན་དུ་བོད་ཀྱི་སོ་ནམ་ལོ་གསར་གཏོང་སྲོལ་དེ་ཆགས་པ་ཡིན།  ལོ་གསར་གཏོང་སྲོལ་དེར་ཀོང་ཇོ་ཕྱི་མའི་ལུགས་ཀྱང་ཟེར།  ལོ་གསར་དེ་ནི་གཙང་ཕྱོགས་ཀྱི་ཡུལ་གྲུ་མང་ཆེ་བ་དང་།  སྟོད་མངའ་རུས་ཀྱི་འབྲོག་པ་སོགས་ཀྱིས་ཤིན་ཏུ་གྲ་རྒྱས་པོ་གཏོང་བ་མ་ཟད།  དབུས་ཀྱི་སྙེ་མོ་དང་།  ལྷོ་ཁའི་ཤེ་གྲོང་སོགས་ཡུལ་གྲུ་འགའ་ཤས་དང་།  ཁམས་ཕྱོགས་ཀྱི་བྲག་གཡས་དང་སྨར་ཁམས་སོགས་ཀྱི་ས་ཆ་མང་པོས་ལོ་གསར་དེ་གྲ་རྒྱས་ཤོས་གཏོང་སྲོལ་ཡོད།

  གསུམ།  བོད་ཟླ་བཅུ་གཅིག་པའི་ལོ་གསར།

  དེ་ལ་དྭགས་རོང་བའི་ལོ་གསར་ཡང་ཟེར།  ལོ་གསར་དེ་ནི་ལ་དྭགས་དང་མངའ་རུས་ཀྱི་ལུང་པ་འགར་གཏོང་སྲོལ་ཡོད་པ་དང་།  དེ་མིན་གཙང་ཁུལ་གྱི་ས་ཆ་མང་པོས་ལོ་གསར་དེ་གཏོང་གི་ཡོད་ལ་དབུས་ཀྱི་ལུང་པ་འགར་ཡང་ལོ་གསར་དེ་གཏོང་སྲོལ་ཡོད།  དབུས་རྒྱུད་ཀྱི་སྙེ་མོའི་གྲོང་ཚོ་འགའ་ཞིག་གིས་ཟླ་བཅུ་གཅིག་པའི་ལོ་གསར་དང་།  ཟླ་བཅུ་གཉིས་པའི་སོ་ནམ་ལོ་གསར།  དང་པོའི་རྒྱལ་པོའི་ལོ་གསར་བཅས་ལོ་གསར་གསུམ་དགའ་གཏོང་བྱེད་ཀྱི་ཡོད་ཀྱང་གྲ་རྒྱས་ཤོས་ནི་བཅུ་གཅིག་པའི་ལོ་གསར་ཡིན།  བོད་ཟླ་བཅུ་གཅིག་པའི་ལོ་གསར་དེ་ལ་སྔོན་མ་ལྟོགས་བླའི་ལོ་གསར་ཡང་ཟེར་སྲོལ་ཡོད།

  བཞི།  བོད་ཟླ་བཅུ་བའི་ལོ་གསར།

  དེ་ནི་མངའ་རུས་ཀྱི་ཤར་པ་དང་ཀོང་པོའི་ཁུལ་གྱིས་གཏོང་སྲོལ་ཡོད།  དེ་ཡང་ཀོང་པོའི་ལོ་གསར་གཏོང་སྲོལ་བྱུང་བའི་ཤོད་སྲོལ་ནི་ཀོང་པོ་ཨ་རྒྱ་རྒྱལ་པོར་བདུད་ཀྱི་དམག་བྱུང་བུ་ལ་གནོད་ལེན་དུ་འགྲོ་དགོས་པས་ལོ་གསར་མ་བཏང་གོང་ནས་དམག་ལ་སོང་ན་དམག་ཤུགས་མི་ཡོང་སྙམ་ནས་བོད་ཟླ་བཅུ་པའི་ཚེས་གཅིག་ལ་ལོ་གསར་བཏང་ནས་དམག་ལ་ཆས་ཏེ་དམག་རྒྱལ་ཁ་ཐོབ་པས་ཀོང་པོའི་ཁུལ་གྱིས་ཨ་རྒྱ་རྒྱལ་པོར་དྲན་གསོ་བྱེད་ཆེད་ལོ་གསར་དེ་གཏོང་གི་ཡོད་ཅེས་ཤོད་སྲོལ་ཡོད་ཀྱང་བོད་དུ་དུས་རབས་བདུན་པའི་རྒྱ་བཟའ་ཀོང་ཇོས་བསྣམས་པའི་རྩིས་གཞུང《སྔ་འགྱུར་རྒྱ་རྩིས་སྔ་མའི་ལུགས》ཞེས་པ་སོགས་ནང་བོད་ཟླ་བཅུ་བར་ལོ་གསར་བ་ཤར་བའི་བཞེད་ཚུལ་བྱུང་ཡོད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།