རབ་བྱུང་སྒྲུབ་ཚུལ།
བོད་དུ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བའི་སྲོལ་འདི་ནི་ཆོས་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་རིང་ལ་དར་བ་ཡིན་ཞིང་། དེ་ཡང་མཁན་ཆེན་བོ་དྷི་ས་ཏྭས་བོད་མིས་རབ་བྱུང་གི་སྡོམ་པ་འདི་སྲུང་ཐུབ་བམ་མི་ཐུབ་སྙམ་སྟེ་སད་མི་མི་བདུན་ཏེ། སྦ་གསལ་སྣང་དང་། མཆིམས་ཤྰཀྱ་བྲ་བྷ། པ་གོར་བེེ་རོ་ཙྰ་ན། ངན་ལམ་རྒྱལ་བ་མཆོག་དབྱངས། རྨ་རིན་ཆེན་མཆོག འཁོན་ཀླུའི་དབང་བོ། གཙང་ལེགས་གྲུབ་བཅས་བདུན་ལ་ཐམས་ཅད་ཡོད་སྨྲའི་ལུགས་ལྟར་རབ་བྱུང་གི་སྡོམ་པ་གནང་ནས་ཚོད་བགམ་བྱས་པ་ན་ཁོང་རྣམ་པས་ཚུལ་བཞིན་བསྲུངས་སྐབས་རབ་བྱུང་གི་སྡོམ་རྒྱུན་དེ་བླ་ཆེན་དགོངས་པ་རབ་གསལ་ནས་དར་བར་ངེས་སོ།།
དེ་ཡང་རབ་ཏུ་བྱུང་བའི་གང་ཟག་ལ་ཐོག་མར་ངེས་འབྱུང་གི་བསམ་པ་རྣམ་དག་ཅིག་དགོས་པས་རང་ཉིད་སྲིད་པའི་སྡུག་བསྔལ་ལས་ཡིད་ཕྱུངས་ཤིང་དེ་ལས་ཐར་འདོད་ཀྱི་བསམ་པ་བཅོས་མིན་གྱིས་ཀུན་ནས་བསླངས་ཏེ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ན། དེ་ལ་རབ་ཏུ་བྱུང་བའམ་རབ་བྱུང་སྒྲུབ་པ་ཞེས་ཟེར། དེ་ཡང་གང་ཟག་གང་ཞིག་རབ་ཏུ་བྱུང་ཡང་ངེས་པར་དུ་ཚང་དགོས་པའི་ཆ་རྐྱེན་ནི་མཁན་པོ་དང་། སློབ་དཔོན། གསང་སྟོན། དུས་གོ་བ་བཅས་ཡིན། སྐབས་རེར་མཁན་སློབ་སྦྲགས་མ་སྟེ་མཁན་པོ་དང་སློབ་དཔོན་གང་ཟག་གཅིག་གིས་བྱེད་པ་ཡང་ཡོད། མཁན་པོ་ནི་སྤྱིར་བརྟན་མཁས་ཀྱི་ཡོན་ཏན་ཕུན་སུམ་ཚོགས་ཤིང་ཁྱད་པར་བསྒྲུབ་བྱའི་ངོས་ནས་མཐོང་ཐོས་དོགས་གསུམ་གྱི་སྐྱོན་མེད་པའི་དགེ་སློང་རང་གིས་ཁས་བླངས་པ་ཞིག་གིས་སྡོམ་པ་འབོགས་པ་དེ་ལ་མཁན་པོ་ཟེར་ཞིང་། སློབ་དཔོན་ལ་དྲུག་སྟེ། དམ་ཚིག་དང་སྡོམ་པ་སྦྱིན་པའི་སློབ་དཔོན། བཟླས་ལུང་སྦྱིན་པའི་སློབ་དཔོན། ལས་བྱེད་པའི་སློབ་དཔོན་བཅས་ཡོད། གསང་སྟོན་པའི་སློབ་དཔོན་ཞེས་པ་ནི་ཁ་སྐོང་གི་ཆོས་དང་ལྡན་ཞིང་། འདུན་པས་འགྲོ་བ་དང་། ཞེས་སྡང་གིས་འགྲོ་བ་དང་། གཏི་མུག་གིས་འགྲོ་བ་དང་། འཇིགས་པས་འགྲོ་བ་སྟེ་འགྲོ་བ་བཞི་དང་བྲལ་བ་ལྐོག་ཏུ་བར་ཆད་དྲི་བ་ལ་མཁས་པ་དགེ་འདུན་གྱིས་གསོལ་བ་འབའ་ཞིག་པའི་ལས་ཀྱིས་གསང་སྟོན་དུ་བསྐོས་ནས་བསྒྲུབ་བྱ་ལ་ལྐོག་ཏུ་བར་ཆད་དྲིས་ཏེ་དགེ་འདུན་ལ་གོ་བར་བྱེད་པ་དེ་ཡིན། དུས་གོ་བ་ནི་དུས་གོ་བརྗོད་པའི་དགེ་སློང་སྟེ། རབ་བྱུང་གི་སྡོམ་པ་ཕོག་པའི་རྗེས་ཀྱི་ཆོ་ག་སྒྲུབ་མཁན་དེའི་མིང་ཡིན། བསྙེན་བཀུར་གྱི་གནས་མ་ཡིན་པ་ཤེས་པའི་ཆེད་དུ། སྡོམ་པ་ཐོབ་མ་ཐག་པའི་གང་ཟག་ལ་དུས་གོ་བརྗོད་པའི་དགེ་སློང་གིས་སྡོམ་པ་ཐོབ་མ་ཐོག་ཏུ་གྲིབ་ཚོད་རིག་པར་བྱས་ནས་ལོ་དང་དུས་ཚིགས་ཟླ་བའི་ངོས་ཀྱི་བྱེ་བྲག་དང་། ཚེས་གྲངས་དང་ཉིན་མཚམས་ཀྱི་ཆ་ཤས་རྣམས་སྐྱེས་བུ་དང་རྐང་བའི་ཐ་སྙད་ཀྱིས་བཀྲ་ཤིས་གནས་འདི་ཞེས་བྱ་བར། མཁན་པོ་དང་སློབ་དཔོན་མཚན་འདི་ཞེས་བྱ་བའི་དྲུང་དུ་བསྙེན་རྫོགས་ཀྱི་སྡོམ་པ་ཡིན་ནོ་ཞེས་རྫོགས་མཁན་དེ་ཡིན།
དེ་ཡང་ཆ་རྐྱེན་དེ་དག་ཚང་བའི་ཚེ་ན། དང་པོ་རྟེན་གྱི་མདུན་ནམ་དགེ་འདུན་གྲངས་ཚང་བའི་དབུས་སུ་གཙུག་ཕུད་དེ་སྐྲ་འབྲེག ཁ་སྤུ་བཞར། རབ་བྱུང་གི་གྱོན་ཆས་གཟན་ཤམ་བགོ རབ་བྱུང་བསྙེན་རྫོགས་པ་མང་པོ་དང་མཉམ་དུ་སྡོམ་པ་མནོས་ཀྱང་རུང་། སྤྱིར་བཏང་རབ་བྱུང་གི་ཚད་གསུམ་ནས་རྒས་པའི་བར་དུ་ཡང་རུང་། དེ་ནས་མཁན་པོ་དང་སློབ་དཔོན་གཉིས་ཀྱིས་རབ་བྱུང་གི་ཆོ་ག་བསྒྲུབས་ཚར་རྗེས་ད་གཟོད་མཁན་པོའི་མཚནལས་དྲས་པའི་ཆོས་མིང་ཞིག་འདོགས་དགོས་ཤིང་། དེ་ནས་བུཟང་བཅས་པའི་སྡོམ་ཁྲིམས་སྲོག་ལ་བབས་ཀྱང་མི་གཏོང་བར་སྲུང་བར་མཛད་དགོས་པ་དང་། འཁོར་བའི་ཕུན་ཚོགས་ནི་མེ་ཡི་འོབས། སྲིན་པོའི་གླིང་། དུག་སྦྲུལ་མགོ་ཡི་ནོར་བུ། སྤུ་གྲི་ཁ་ཡི་སྦྲང་རྩི་ལྟ་བུར་གཟིགས་ན་ད་གཟོད་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ངོ་ཞེས་བརྗོད་པ་ཡིན་ནོ།།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com