བོད་ཁུལ་དུ་སྟོང་འཇལ་བ།
སྟོང་འཇལ་བ་ནི་གནའ་བོའི་བོད་རིགས་ཀྱི་སྤྱི་ཚོགས་འཚོ་བའི་ཁྲོད་དུ་བྱུང་བའི་མི་བསད་རྟ་འཕྲོག་གི་གྱོད་གཞི་སོགས་འདུམ་འགྲིག་བྱེད་ཐབས་ཤིག་ཡིན། ལུགས་སྲོལ་འདི་ནི་གནའ་ནས་ད་ལྟའི་བར་བོད་ཁུལ་གྱི་དམངས་ཁྲོད་དང༌། ལྷག་པར་དུ་འབྲོག་ཁུལ་དུ་ལག་ལེན་བྱེད་པ་ཞིག་ཡིན། སྟོང་འཇལ་ཚུལ་ལ་ཏུང་ཧོང་བོད་ཀྱི་གཏེར་ཡིག་ལས་མི་བསད་སྟོང་ལ། རབ་འབྲིང་ཐ་གསུམ་བྱས་ནས་མི་རབ་ལ་དངུལ་རྡོ་ཚད་གཅིག་དང༌། སྡིག་རྟ་ཐོད་ནག་ སྡིག་བོའུ་ར་དམར། གཉག་གི་རྟ་བོའུ་ལྔ། མ་གཉག་གི་རྟ་བོའུ་སོགས་ཀྱི་འགོ་བཀུག དཔོན་གཤགས་ལ་རྡོ་ཚད་གཅིག་དང་ཐིག་རྟ་བོའུ་ལྔ(ཐིག་རྟ་ཞེས་པ་ནི་རྟ་ཡིན་ལ་རྟ་དེར་དངུལ་སྲང་ཉེར་ལྔ་དང༌། བོའུ་རེར་དངུལ་སྲང་བཅུ་གཉིས་དང་ཕྱེད་ཀ)། སྟོང་གཞུང་ལ་འབྲི་ནག་བརྒྱ། ཕུ་ནུའི་ཟུར་ཤ་རྡོ་ཚད་གཅིག་དང་རྟ་བོའུ་ལྔ། ཉེ་བའི་ཐོང་ཤ་དེའི་ཕྱེད་ཀ ཡུག་མོའི་མིག་ཕྱེས་གོས་བཟོ་འདང་གཅིག་ རོ་འགེབ་རས་བུབ། རོ་གཡག་སྒ་གདན་ཐག་གསུམ་འཛོམ་པ། སྟོང་རྔ་ཆོས་གཞུང་ལ་མ་ཎི་རྡོ་འབུམ་ལྟ་བུ་སོགས་རབ་འབྲིང་ཐ་གསུམ་བྱས་ནས་འཇལ་རྒྱུ་ཡིན་ཞེས་གསལ་བོར་བཀོད་པ་ལྟར། དེང་སྐབས་ཀྱང་འབྲོག་ཁུལ་གྱི་ས་ཆ་ལ་ལ་ན་གྱོད་དོན་སྣ་མང་གི་ཁྲོད་དུ་མི་རྨས་པའམ་བསད་ཚེ། དེ་ལ་གྱོད་བཟོ་མཁན་ཕྱོགས་གཉིས་ཀྱི་རྩ་བའི་བླ་མ་དང་ཚོ་ཁག་དབོན་པོ། ད་དུང་བཟི་བ་སོགས་གདན་དྲངས་ནས་འདུན་འགྲིག་བྱེད་པ་དང་ཉེས་སྐྱོན་བཟོ་མཁན་གྱི་ཁྱིམ་ཚང་གིས་དངོས་བོ་འབོར་ཆེན་ཞིག་ཕུད་དེ་གནོད་འཚེ་ཕོག་མཁན་ནམ་ཤི་བོའི་ཁྱིམ་ཚང་ལ་རང་སྐྱོན་ངེས་ལེན་བྱེད་དུ་འཇུག་པ་ཡིན། རྨས་སྐྱོན་བཟོས་པའི་མི་ལ་རྒྱུ་ནོར་གྱིས་སྐྱིན་ཚབ་འཇལ་པ་ལ་ཁྲག་སྟོང་དང༌། མི་བསད་པའི་ཁྱིམ་ཚང་ལ་རྒྱུ་ནོར་ལས་གཞན་ད་དུང་ཤི་བོར་ཆོས་ཀྱི་ལམ་བསྐྱེལ་ལ་<<རྗེ་གསུང་འབུམ>>དང༌། ཡང་ན་<<བཀའ་བསྟན>>སོགས་ཀྱིས་སྐྱིན་ཚབ་འཇལ་བ་ལ་སྲོག་སྟོང་འཇལ་བ་ཟེར།
བོད་ཀྱི་སྟོང་འཇལ་ལུགས་འདིས་དེང་རབས་སྤྱི་ཚོགས་སུ་རྒྱལ་ཁབ་ཀྱི་ཁྲིམས་འཛིན་ལས་ཁུངས་ཀྱི་རྒྱུན་ལྡན་གྱི་བྱ་བར་གཏོར་བརླགས་བཟོས་ཡོད་མོད། ཉེས་དོན་ལ་ལ་རྒྱལ་ཁབ་ཀྱི་ཉེས་ཁྲིམས་ལྟར་ཐག་གཅོད་པར་དཀའ་ཁག་ཆེ་བའི་ཉེས་དོན་དེའི་རིགས་ལ་བོད་རིགས་དམངས་ཁྲོད་དུབྱུང་བའི་མི་སྟོང་ངམ་ཁྲག་སྟོང་འཇལ་བའི་དམངས་སྲོལ་གྱི་འདུམ་འགྲིག་བྱེད་སྟངས་འདིས་ནུས་པ་འདོན་ཐུབ། དམངས་སྲོལ་འདིས་འདུམ་འགྲིག་བྱེད་སྐབས་འདུམ་འགྲིག་པས་ངེས་པར་དུ་ཤེས་དགོས་པ་ཞིག་ནི་མི་བསད་པ་དང་རྨས་སྐྱོན་བྱུང་བའི་གྱོད་གཞི་བཟོ་མཁན་ལ་ཉེས་ཆད་ཚད་ལྡན་དང་དཔལ་འབྱོར་ཕྱོགས་ནས་སྐྱིན་ཚབ་ལྗིད་མོ་འཇལ་དུ་བཅུག་ན་ཆོག་པ་ལས་གནས་ལུགས་དང་རྒྱུ་འབྲས་ལ་འགལ་མི་ཆོག འདུམ་འགྲིག་པས་འདུམ་འགྲིག་ཁྲོད་ལྐོག་ངན་ལེན་པ་དང་གྱོད་རིན་ལེན་པ་སོགས་གཏན་ནས་མི་ཆོག འདི་ལྟར་སྒྲུབ་པའི་དམིགས་ཡུལ་ནི་ཚོ་བ་དང་ཚོ་བའི་བར་དང༌། ཁྱིམ་རྒྱུད་དང་ཁྱིམ་རྒྱུད་བར་གྱི་རྩོད་གླེང་ཞི་འཇགས་ཡོང་པའི་ཆེད་དུ་ཡིན་ནོ།།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com