ལོ་ཕུད་དང་ལུག་མགོ།

རྩོམ་པ་པོ།:ས་གོང་དབང་འདུས། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2007-12-19 09:47:41 ཀློག་གྲངས།:

      བོད་མིར་ལོ་གསར་གྱི་སྐབས་སུ་ལོ་ཕུད་དང་ལུག་མགོ་བསྒྲུགས་པའི་སྲོལ་ཞིག་ཡོད།  ཡུལ་སྲོལ་གོམས་གཤིས་ནི་འཚོ་བ་དངོས་ཀྱི་ནང་ནས་བྱུང་བ་ཞིག་ཡིན་པ་སྨོས་ཅི་དགོས།  སྐབས་དེའི་བོད་མིའི་འཚོ་བའི་རྟེན་ཁུངས་གཙོ་བོ་ནི་ཞིང་ལས་དང་འབྲོག་ལས་ཡིན་པས་ཞིང་འབྲོག་ལོ་ལེགས་ཡོང་བར་ཚང་བས་རེ་སྒུག་བྱེད་བཞིན་ཡོད།  ལོ་གསར་ལ་ལོ་ཕུད་དང་ལུག་མགོ་བསྒྲིགས་ནས་རྟེན་འབྲེལ་མཚོན་པར་བྱེད་པའི་གོམས་སྲོལ་དེའི་ཐོག་ནས་བོད་མིས་ཞིང་ལས་དང་འབྲོགས་ལས་ལ་ཧ་ཅང་མཐོང་ཆེན་བྱེད་པ་མངོན་ཐུབ།  ལོ་ཕུད་ནི་ལོ་མ་གསར་གོང་ནས་སྣོད་ཆུང་ནང་ལ་ནས་སམ་གྲོའི་སོན་ཆེད་དུ་བཏབ་སྟེ་ལོ་གསར་སྐབས་ལྗང་པ་སྔོ་མཐིང་ངེས་སྐྱེ་ཐུབ་པ་དགོས་ཀྱི་རེད།  དེ་ལོ་ཏོག་གསར་པའི་ཕུད་དུ་བརྩིས་ནས་སྒྲིག་བཤོམ་བྱེད་ཀྱི་ཡོད་ཅིང་།  དེའང་ལོ་གསར་པ་དེའི་ནང་ཞིང་ལས་ལོ་ལེགས་ཡོང་བའི་རེ་བ་དང་བཅས་པར་རྟེན་འབྲེལ་བྱེད་པའི་ཁར།  ལོ་དེའི་ནང་ལོ་ཏོག་ཇི་འདྲ་ཡོང་མིན་གྱི་ལོ་བརྟག་ཀྱང་བྱེད་ཀྱི་ཡོད།

       ལུག་མགོ་སྒྲིག་པའི་སྲོལ་དེ་ནི་བོད་སྐད་ནང“ལུག་མགོ”དང“ལོ་འགོ”གཉིས་སྒྲ་གདངས་ཤིན་ཏུ་མཐུན་པའི་དབང་གིས་གནམ་ལོ་གསར་ཚེས་ཀྱི་ལོ་འགོ་ཤར་བའི་རྟེན་འབྲེལ་གྱི་མཚོན་རྟགས་སུ་ལུག་མགོ་སྒྲུག་པའི་སྲོལ་དར་བ་མ་ཟད།  ལོ་གསར་ཚེས་པ་གཅིག་གི་ཉིན་ངེས་པར་དུ་ལུག་མགོ་བཙོས་ནས་ཟ་བའི་སྲོལ་ཡང་བྱུང་བ་རེད།  དེ་མིན་ཁ་རྒྱུན་གྱི་བཤད་སྲོལ་འགའ་ཤས་ཡོད་པ་སྟེ།  འགའ་ཤས་ཀྱིས་ལོ་གསར་ལ་ལུག་མགོ་བསྒྲིགས་པ་ནི་བོན་ཆོས་ཀྱི་ཤན་ཞུགས་པས་དམར་བཆོད་འབུལ་བའི་མཚོན་ཚུལ་ཞིག་ཡིན་ཟེར་བ་དང་།  ཡང་འགའ་ཞིག་གིས་བོད་བློན་དུ་གྲགས་པ་མི་བཞི་ཚོགས་རྟེན་ཟས་ཆང་ཤ་གཟུགས་བཅས་འཁྱེར་ནས་དབེན་པའི་གནས་འོ་ཐང་གི་སྡོང་བོ་ཡོད་པའི་འོག་འཛོམས་ནས་བཙུན་མོ་དང་མཉམ་དུ་རྒྱ་བལ་གྱི་རྗེ་བོའི་སྲས་མོ་ཁབ་ཏུ་བསུ་བའི་དོན་ལ་གྲོས་བྱེད་སྐབས་བློན་པོ་སོ་སོས་འཁྱེར་ཡོང་བའི་ཤ་གཟུགས་རྣམས་བསྒྲིགས་པས།  རྐང་ལག་གཡས་གཡོན་གོ་འཁྲུག་མེད་པའི་ལུག་ཤ་ཆ་ཚང་གཅིག་ཆགས་པ་རེད།  ཚང་མས་དེ་རྟེན་འབྲེལ་བཟང་བོར་བརྩིས་པ་རེད།  དེ་ནས་བཟུང་ལུག་གི་ཤ་ཁོག་བསྒྲིགས་ནས་རྟེན་འབྲེལ་མཚོན་པར་བྱེད་པའི་ལམ་སྲོལ་དར་བ་མ་ཟད།  རྗེས་སུ་དེ་སྟབས་བདེ་ཡོང་བའི་ཆེད་དུ་ལུག་མགོ་ཁོ་ན་བསྒྲིགས་པའི་སྲོལ་དར་སྐད་འདུག

 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།