སྐྱེས་མའི་སྐྲའི་རིག་གནས་ལས་བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་བསམ་བློའི་འདུ་ཤེས་མཚོན་པ།
སྤྱིར་མི་རིགས་ཤིག་གི་གོན་པ་དང་རྒྱན་ཆས་སྤྲས་སྟངས་ནི་ཕྱི་ཚུལ་ནས་མི་རིགས་དེ་མི་རིགས་གཞན་དང་དབྱེ་བ་འབྱེད་བྱེད་ཀྱི་མཚོན་རྟགས་གཙོ་བོ་ཡིན་ལ། དེར་རིག་གནས་དང་ཆོས་ལུགས། ལོ་རྒྱུས། ཁོར་ཡུག་བཅས་ཀྱི་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པས། རྒྱན་ཆ་ཡིས་མི་རིགས་དེའི་བསམ་བློའི་འདུ་ཤེས་དང་མཛེས་དཔྱོད་ཀྱི་ལྟ་བ། ཀུན་སྤྱོད་ཀྱི་ཚད་གཞི་བཅས་མཚོན་ཐུབ། དེས་ན་རང་རེའི་བོད་མི་རིགས་འདི་ནི་དམ་པའི་ལྷ་ཆོས་ལ་དད་པའི་མི་རིགས་ཤིག་ཡིན་གཤིས། བོད་མི་རིགས་ནི་རྟེན་འབྲེལ་གྱི་བདག་པོ་ཡིན་ལ། ལས་ཅི་བྱས་ཐམས་ཅད་ཀྱི་ཐོག་མ་རྟེན་འབྲེལ་བརྟག་པ་ཡིན་པས། སྐྱེས་མའི་སྐྲའི་རིག་གནས་དང་ལས་ཀུན་གྱི་ཐོག་མ་རྟེན་འབྲེལ་གཉིས་ལ་འབྲེལ་བ་དམ་ཟབ་ཡོད་ཅིང༌། སྐྱེས་མའི་སྐྲའི་སླ་སྟངས་དང་སྐྲ་རྒྱན་འདོགས་ཚུལ་བཅས་ལ་གཞན་དང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་བདོག་པ་དང༌། དེར་འཛེམ་བྱ་ཡང་མང་པོ་ཞིག་ཡོད་ལ། དེ་ལས་བོད་མི་རིགས་ཀྱི་དམ་པའི་ལྷ་ཆོས་དང་འཇིག་རྟེན་མི་ཆོས་སྐོར་གྱི་བསམ་བློའི་འདུ་ཤེས་ཐུན་མོང་མ་ཡིན་པ་མཚོན་ནུས་ཏེ། དཔེར་ན། ཉིན་བཟང་དང་དུས་བཟང་སྟེ། ཟླ་རེའི་ཚེས་གཅིག་དང་ཚེས་བརྒྱད། ཚེས་བཅོ་ལྔ། ནམ་གང་བཅས་སུ་སྐྲ་མི་སླ་བ་དང༌། ཁྱིམ་མི་ཡུལ་ཐག་རིང་ལ་སོང་བའི་ཉིན་དེར་ཤུལ་དུ་་སྐྲ་མི་སླ་བ། ཐབ་ཚང་ནང་ན་སྐྲ་མི་སླ་བ། ཉི་མ་ནུབ་ཕྱོགས་སུ་སྐྲ་ཁུ་མི་འཕོ་བ། མཆོད་ཁང་དང་མགྲོན་པོའི་མདུན་དུ་སྐྲ་བཤིག་ནས་མི་འགྲོ་བ།
འབྲུ་རིགས་མ་བརྔས་གོང་ལ་སྐྲ་བཤིག་ནས་སྒོར་མི་འབུད་པ། ཁྱིམ་མི་འདས་རྗེས་ཉིན་བཞི་བཅུ་ཞེ་དགུའི་རིང་ལ་སྐྲ་མི་བཀྲུ་བ་དང་མི་སླ་བ་ལྟ་བུའོ།། གཞན་བུ་མོ་ལོ་དགུ་ནས་བཅུ་གཅིག བཅུ་གསུམ། བཅོ་ལྔ་བཅས་ཀྱི་སྟེང་དུ་བུ་མོ་སྐྲ་ཕབ་ཅེས་པའི་སྟོན་མོ་བྱེད་པ་དང༌། སྟོན་མོ་དེ་ནི་བུ་མོ་དེ་ཉིད་ནར་སོན་པའི་མཚོན་ཚུལ་ཡིན། བུ་མོ་ཞིག་ཡིན་ཕྱིན་སྐྲ་ཕབ་ཀྱི་སྟོན་མོ་མ་བྱས་གོང་དུ་གནས་ལ་སློང་མི་རུང་བ་དང་གནས་ལ་འགྲོ་ཡང་མི་ཆོག སྐྲ་མ་ཕབ་གོང་ལ་བུ་མོའི་སྐྲ་ནི་ལན་བུ་མང་པོ་ཐོད་པ་ནས་འཕྲེད་དུ་སླ་བ་ཡིན་ལ། སྐྲ་ཕབ་རྗེས་ལན་བུ་ཐུར་དུ་སླ་བ་སྟེ། “སྐྲ་འཕྲེད་དུ་ཡོད་པ་ཐུར་ལ་དཔྱངས”ཞེས་པའི་བཤད་སྲོལ་ཡོད། བུ་མོ་སྐྲ་ཕབ་པའི་ཉིན་དེའི་སྐྲ་སླ་དུས་ཀྱང་འཛེམ་བྱ་མང་པོ་ཞིག་ཡོད་དེ། དཔེར་ན། སྐྲ་སླ་མཁན་དེ་ཉིད་ཕ་འཛོམས་མ་འཛོམས་ཡིན་དགོས་པ་དང༌། བཟའ་ཚང་ཡོད་པ། བུ་བུ་མོ་ཡོད་པ། གནས་ནས་ཕྱིར་སློག་མིན་པ། སྐྲ་ཕབ་པའི་བུ་མོ་དེ་དང་ལོ་མཐུན་བཅས་ཡིན་དགོས་ལ། སྐྲ་སླ་བྱེད་ཀྱི་སྐྲ་ཤད་ཁ་ཚང་དགོས་པ་སོགས་ལྟ་བུ་སྟེ། དེ་དག་ཐམས་ཅད་ནི་རྟེན་འབྲེལ་ལ་བརྟག་པའི་ཆེད་དུ་ཡིན་ཞིང༌། མཐར་གཏུགས་ན་དམ་པའི་ཆོས་ཀྱི་དགོངས་དོན་ཆོས་ཐམས་ཅད་རྟེན་ཅིང་འབྲེལ་བ་ལས་བྱུངབ་དེར་ཐུག་ཡོད། རྗེ་རིན་པོ་ཆེའི་རྟེན་འབྲེལ་བསྟོད་པ་ལས། །“རྟེན་ཅིང་འབྲེལ་བར་འབྱུང་བའི་ལམ། ། ཁྱོད་ཀྱི་བསྟན་པའི་གནད་ཉིད་དུ། །ཇི་ལྟར་ཁོང་དུ་ཆུད་མི་འགྱུར། །”ཞེས་གསུངས་པ་ལྟར་ཏེ། བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་བསམ་བློའི་འདུ་ཤེས་ཏེ་རྟེན་འབྲེལ་གྱི་ལྟ་བ་དང་སྐྲའི་རིག་གནས་གཉིས་ཕན་ཚུན་དམ་པོར་འབྲེལ་ཡོད་དོ། ། བོད་མི་རིགས་ཀྱི་རིག་གནས་ཀྱི་བང་མཛོད་དང་འཚོ་བའི་མེ་ལོང་དུ་བརྗོད་པའི་གེ་སར་རྒྱལ་པོའི་སྒྲུང་གི་ཡ་གྱལ་《 (ཧོར་གླིང་གཡུལ་འགྱེད་)ཀྱི་ནང་དུའང་“ཤར་ཁྲ་བོ་གླིང་གི་ས་ཆ། འབྲུག་ལྷང་ལྷང་ནོར་བུའི་གདན་སྟེང༌། སྐད་ལྷང་ལྷང་ཁུ་བྱུག་གྲག་ས། ཞེ་ལྷང་ལྷང་ཅོ་ག་འགྱུར་ས། དཔལ་བདེ་མཆོག་ནོར་བུའི་ཕོ་བྲང༌། དབྱིབས་གྲུ་བཞི་ས་ཡི་གདན་ཐོག གཡུ་སྦྲ་མཐིང་ཤོག་གོང་དགུ་ན། སྐྱ་ལོའི་སེང་ལྕམ་འབྲུག་མོ་དེ་ཉིད་གནས་ཤིང་ཡོད་པ་དེས། རྒྱལ་པོ་གེ་སར་བྱང་ལ་བྱོན་ནས་ལོ་གསུམ་ལ་སྐྲ་མ་སླས། དེའི་ཉིན་གནམ་ལ་སྐར་མ། ས་ལ་དུས་ཚོད། བར་གྱི་ཉི་མ་བཟང་བ། གཟའ་སྐར་ཕུན་སུམ་ཚོགས་པའི་རྟེན་འབྲེལ་གྱིས། རྒྱ་ཁ་རྒོད་རེག་ཤེས་འཛུམ་མོ་དང༌། བེ་རེ་ཟའི་ཨ་མཚོ་གཉིས་བོས་ནས། སྐྲ་གསར་དུ་བཀྲུས་ཤིང་སླས་མ་རྒྱག་པའི་དུས་སུ། ”》ཞེས་པ་འདི་ལས་ཀྱང་སྐྱེས་མའི་སྐྲའི་རིག་གནས་དང་བོད་མི་རིགས་ཀྱི་བསམ་བློའི་འདུ་ཤེས་བར་ལ་འབྲེལ་བ་དམ་ཟབ་ཅིག་ཡོད་པ་གསལ་པོར་མཆོན་ནུས་སོ། །
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com