༄༅།།གཞིས་ཀ་རྩེ་རིན་སྤུངས་རྒྱལ་མཁར་ལྷ་མོའི་ཟློས་གར།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2020-06-05 10:02:55
ཀློག་གྲངས།:

རྒྱལ་མཁར་ལྷ་མོའི་ཟློས་གར་ཚོགས་པ་ནི་ཏཱ་ལའི་བླ་མ་སྐུ་ཕྲེང་བརྒྱད་པའི་སྐབས་སུ་གསར་འཛུཊ་བྱས་པ་ཞིག་ཡིན་ཞིང་། དེ་ནི་གཙང་ཁུལ་གྱི་གྲགས་ཅན་ལྷ་མོ་ཆེན་པོ་གསུམ་གྱི་ཡ་གྱལ་ཞིག་ཡིན། དེའི་མིང་ཆ་ཚང་ལ«དཔལ་ལྡན་རྒྱལ་མཁར་ཆོས་འཛོམས»ཞེས་འབོད། ཏཱ་ལའི་བླ་མ་སྐུ་ཕྲེང་བརྒྱད་པ་རྣམ་གླིང་གི་རྡོ་རྗེ་ཁྲང་ཞེས་པའི་ས་ཆར་འཁྲུངས་ནས་ངོས་འཛིན་བྱས་རྗེས་ལྷ་སར་ཕེབས་སྐྱེལ་དུ་འགྲོ་བའི་ལམ་བར་རྒྱལ་མཁར་ཆོས་འཛོམས་དགོན་པ་བརྒྱུད་དགོས་པས། ས་དེ་གའི་མི་དམངས་ཀྱིས་ལྷ་སའི་ནུབ་ཕྱོགས་དགའ་ལྡན་ཀླུ་སྡིངས་ཞེས་པར་ཆེད་མངགས་ཕེབས་སྐྱེལ་གནང་། སྐབས་དེར་རྒྱལ་མཁར་ལྷ་མོ་ཚོགས་པ་སྒྲིག་འཛུགས་གནང་བ་ཞིག་ཡིན། དེ་རྗེས་ལོ་ལྟར་ལྷ་སར་ཞོ་སྟོན་དུས་ཆེན་ལ་འཁྲབ་སྟོན་བྱེད་པར་འོང་དགོས་པ་དང་། བོད་ཟླ་དྲུག་པའི་ཚེས་ཉི་ཤུ་ལྔ་ཉིན་ནི་ཏཱ་ལའི་བླ་མ་སྐུ་ཕྲེང་བརྒྱད་པའི་འཁྲུངས་སྐར་ཉིན་མོ་ཡིན་པར་བརྟེན། དེའི་ཉིན་ཚང་མ་དགའ་ལྡན་ཀླུ་སྡིངས་སུ་ལྷ་མོ་འཁྲབ་སྟོན་བྱེད་དགོས་པ་ཡིན་ནོ། གཞན་ཡང་པད་མ་བསྟན་སྒྲོན་དང་། ཀརྨ་ཆོས་རྒྱལ། རྣམ་རྒྱལ། དམ་ཆོས་བཅས་རྣམས་ནི་ཅུང་སྔ་བའི་ལྷ་མོའི་དགེ་རྒན་ཡིན་ཞིང་། དེའི་ཁྲོད་ལས་རྣམ་རྒྱལ་ནི་གྲེ་བ་བདེ་ལ། འགྱུར་ཁུག་ཡངས་པ་བཅས་ཀྱི་གཏོང་ལེན་བྱེད་ཙ་ན། སྐད་གསང་མཐོ་ལ་སྙན་འཇེབས་ཡིད་དབང་འཕྲོག་པས། སྐྱོར་མོ་ལུང་གི་རྒན་མིག་དམར་རྒྱལ་མཚན་ལྟར་དུ་གྲགས་སྙན་ཡོད།
རྒྱལ་མཁར་ལྷ་མོ་ཚོགས་པས་ལོ་ལྟར་ལྷ་སར་འཁྲབ་སྟོན་བྱས་རྗེས་གཞིས་ཀ་རྩེར་ལོག་ནས་བཀྲ་ཤིས་ལྷུན་པོར་འཁྲབ་སྟོན་བྱེད་དགོས་པ་དང་། བོད་ཟླ་བརྒྱད་པའི་ཚེས་པ་གཉིས་ཉིན་རིན་སྤུངས་སུ་ཕྱིར་ལོག་ཐུབ་པ་བྱས་ཏེ་བྱམས་ཆེན་དགོན་དུ་འཁྲབ་སྟོན་བྱེད་དགོས་པའང་ཡིན། ཡང་དབྱར་ཟླར་བཀའ་ཤག་ཐུགས་རྩེད་དང་། དྲུང་འཁོར་དབྱར་སྐྱིད། རྩིས་དྲུང་དབྱར་སྐྱིད་བཅས་སུ་ལྷ་མོ་ཉིན་གཉིས་གསུམ་ཙམ་འཁྲབ་སྟོན་བྱེད་དགོས་པ་ཡིན། རྒྱལ་མཁར་ལྷ་མོའི་འཁྲབ་གཞུང་དུ «ཆོས་རྒྱལ་ནོར་བཟང»དང «སྣང་ས་འོད་འབུམ» «འུན་ཤིང་ཀོང་ཇོ» དང་། སྐབས་འགར་«རས་ཆུང་པ»ཡང་འཁྲབ་སྟོན་བྱེད་པ་ཡིན། འཁྲབ་སྟོན་བྱས་པ་ལས་ཤུགས་རྐྱེན་ཆེ་ཤོས་ནི«ཆོས་རྒྱལ་ནོར་བཟང»ཡིན་ཞིང་། ཤོད་རྒྱུན་དུ། ལྷ་མོའི་དགེ་རྒན་རྣམ་རྒྱལ་གྱིས་སྟེང་ཆེན་ཡོན་པ་ཚེ་རིང་དབང་འདུས་ཀྱིས་བྲིས་པའི«ནོར་བཟང་གི་རྣམ་ཐར»དང་། པཎ་ཆེན་སྐུ་ཕྲེང་བརྒྱད་པ་དང་རྡོ་རིང་པཎྡི་ཏ་གཉིས་ནས་བྲིས་གནང་བའི་ཉིང་བཅུད་གཞིར་བཅས། སྐབས་དེའི་ལྷ་མོའི་འཁྲབ་གཞུང«ཆོས་རྒྱལ་ནོར་བཟང»ལ་བཟོ་བཅོས་ཀྱིས་འཁྲབ་སྟོན་བྱས་པར་བརྟེན་མིང་གྲགས་ཆེན་པོ་བྱུང་། རྒྱལ་མཁར་ལྷ་མོ་ནི་དེ་སྔོན་འབྲས་ལྗོངས་དང་། རྒྱ་གར་སོགས་ཀྱི་རྒྱལ་ཁབ་དང་ས་ཆ་མང་པོར་འཁྲབ་སྟོན་དུ་འགྲོ་མྱོང་ཡོད་ལ། གཞིས་ཀ་རྩེ་དང་། རྒྱལ་རྩེ། རིན་སྤུངས། པ་སྣམ་སོགས་ཀྱི་ས་ཆར་དར་ཁྱབ་ཅུང་ཆེ། ལས་རིགས་རང་བཞིན་གྱི་ལྷ་མོ་དེ་སྤེལ་བ་ཕུད། ད་དུང་ཚོགས་པ་འདིར་གཏོགས་པའི་ལས་ཞོར་གྱི་ལྷ་མོའི་བྱེད་སྒོ་སྤེལ་མཁན་ཡང་མང་པོ་ཡོད།
ད་ལྟའི་རྒྱལ་མཁར་ལྷ་མོ་ཚོགས་པར་ལྷ་མོའི་སྒྱུ་རྩལ་པ་འགའ་འཚོ་བཞུགས་ཡོད་པ། དཔེར་ན་བཅིངས་འགྲོལ་མ་བཏང་གོང་གི་ལྷ་མོའི་དགེ་རྒན་དམ་ཆོས་ཀྱི་ཚ་བོ་ལྷག་རྒོད་དང་། དགུང་ལོ་བདུན་ཅུར་སོན་པའི་སྒྱུ་རྩལ་པ་བྱམས་པ་ལགས། དེ་བཞིན་ལོ་སུམ་ཅུ་ལྷག་ཙམ་ཟིན་ཞིང་ལང་ཚོ་དར་ལ་བབས་པའི་ལྷ་མོའི་དགེ་རྒན་རྣམ་རྒྱལ།ན་གཞོན་སྒྱུ་རྩལ་པ་བསྟན་འཛིན་ལ་སོགས་ཀྱིས་སྒྱུ་རྩལ་འདི་ལ་ལང་ཚོའི་གཟི་འབྱིན་བསྣན་ཞིང་། རྒྱལ་མཁར་ལྷ་མོའི་སྲོལ་རྒྱུན་གྱི་སྒྱུ་རྩལ་ལྡུམ་རར་ནུས་རྩལ་ཆེན་པོ་འདོན་བཞིན་མཆིས།
རྒྱལ་མཁར་ལྷ་མོའི་འཁྲབ་སྟོན་ཕལ་མོ་ཆེར་འབག་གྱོན་པ་དང་། ཆོས་དུང་། སྦུག་ཆལ། རྒྱུ་སྐུད་གསུམ་འགྲིལ་གྱི་སྒྲ་སྙན་ལ་སོགས་པའི་རོལ་ཆའི་འགྱུར་ཁུག་དང་བསྟུན་ཏེ། འཁྲབ་སྟོན་བྱེད་པའི་བརྒྱུད་རིམ་ནང་གཞས་གཏོང་ལེན་དང་། ཞབས་བྲོ་འཁྲབ་པ། གཞུང་དྲངས་བ་བཅས་གཞི་གཅིག་ཏུ་ངེས་སོ། དེའི་འཁྲབ་སྟོན་གྱི་ཁྱད་གཤིས་ལ་རྣམ་ཐར་གཏོང་སྐབས་གདངས་མཐོ་ཞིང་བརྗིད་པ་དང་། གྱོང་ཞིང་གནའ་ཉམས་ལྡན་པ། བྲོ་གར་གྱི་སྟངས་སྟབས་མཛེས་པ། འགྱུར་ཁུག་ལྷོད་པ་བཅས་ཀྱིས་ས་སྟེང་སྐྱེས་འགྲོ་ཀུན་གྱི་ཡིད་ཀྱི་དབང་པོ་འགུག་ཅིང་བསྔགས་བརྗོད་ཀྱི་མེ་ཏོག་གཏོར་བཞིན་མཆིས། «ཆོས་རྒྱལ་ནོར་བཟང»དང «སྣང་ས་འོད་འབུམ» «རྒྱ་བཟའ་བལ་བཟའ»བཅས་ཀྱི་འཁྲབ་ཚན་དག་རྒྱལ་མཁར་ལྷ་མོའི་འཁྲབ་གཞུང་གཙོ་བོར་བྱེད་ཅིང་། དེའི་ནང་ནས་ཀྱང«ཆོས་རྒྱལ་ནོར་བཟང» གི་འཁྲབ་ཚན་ནི་ཤུགས་རྐྱེན་ཆེ་ཤོས་ཡིན།
ཁྱད་ཆོས་དུ་མས་ཕྱུག་པའི་རིན་སྤུངས་རྫོང་རྒྱལ་མཁར་ལྷ་མོས་བོད་ལྗོངས་ཀྱི་ལྷ་མོའི་ཟློས་གར་ཁྲོད་གལ་ཆེའི་གནས་བབ་བཟུང་ཡོད་པས། བོད་ཀྱི་ལྷ་མོའི་ཟློས་གར་གྱི་བསྡུས་གཟུགས་ཤིག་ཡིན། དེ་ནི་གཞིས་ཀ་རྩེ་ས་གནས་ཀྱི་ཕུལ་བྱུང་ལྷ་མོའི་ཟློས་གར་གྱི་རིག་གནས་དང་། གནའ་བོའི་གཞིས་ཀ་རྩེའི་ཤུལ་བཞག་གླུ་གར་ཞིག་ཀྱང་ཡིན། རིན་སྤུངས་རྫོང་རྒྱལ་མཁར་ལྷ་མོར་ངེས་པ་རྙེད་ཅིང་། མྱུར་སྐྱོབ་དང་སྲུང་སྐྱོབ་ཀྱི་ལས་དོན་སྤེལ་བར་གལ་ཆེའི་རིན་ཐང་ལྡན་པ་གཤམ་གསལ།
༡ རིག་གཞུང་གི་རིན་ཐང་། ལྷ་མོའི་ཟློས་གར་གྱི་བསྡུས་གཟུགས་ལྟ་བུའི་རིན་སྤུངས་རྫོང་རྒྱལ་མཁར་ལྷ་མོ་མྱུར་སྐྱོབ་དང་སྲུང་སྐྱོབ་བཅས་བྱེད་པའི་ངོས་ནས་བཤད་ན། དེས་བོད་ཀྱི་ལྷ་མོའི་ཟློས་གར་ཧྲིལ་པོ་དར་སྤེལ་གཏོང་བར་སྣེ་ཁྲིད་དང་སྐུལ་འདེད་བྱེད་ཐུབ་ཅིང་། དེའི་ཕུན་སུམ་ཚོགས་པའི་ནང་དོན་དང་། རྩ་བའི་ཁྱད་ཆོས། རྒྱུད་འཛིན་གྱི་ལོ་རྒྱུས་བཅས་ཀྲུང་གོའི་ཟློས་གར་གཞན་གྱི་ཁྲོད་དུ་མཐོང་རྒྱུ་དཀོན་པ་དང་། ཀྲུང་གོའི་ཟློས་གར་ལོ་རྒྱུས་འཐུས་ཚང་དང་གྲ་རྒྱས་སུ་གཏོང་བ་མ་ཟད། དེ་བཞིན་འཛམ་གླིང་ཟློས་གར་ལོ་རྒྱུས་ཀྱང་འཐུས་ཚང་གྲ་རྒྱས་སུ་གཏོང་བར་ཡར་སྐུལ་གྱི་ནུས་པ་ངེས་ཅན་ཞིག་ཐོན་ཡོད་དོ། །
༢ བེད་སྤྱོད་ཀྱི་རིན་ཐང་། རིན་སྤུངས་རྫོང་རྒྱལ་མཁར་ལྷ་མོར་མྱུར་སྐྱོབ་དང་སྲུང་སྐྱོབ་བཅས་བྱས་པས། བོད་ལྗོངས་ཀྱི་ས་ཁུལ་ཁག་ལ་བསམ་པའི་དཔལ་ཡོན་འཛུགས་སྐྱོང་བྱེད་པ་དང་། མི་དམངས་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་ཚོགས་དང་བྱང་ཚད་མཐོར་འདེགས་བྱེད་པ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་བཏང་སྟེ། སྤྱི་ཚོགས་རིང་ལུགས་ཀྱི་ཞི་མཐུན་སྤྱི་ཚོགས་འཛུགས་སྐྱོང་བྱེད་པར་ནུས་པ་ཆེན་པོ་ཐོན་ཐུབ།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།