༄༅།།མཚོ་སྟོད་ལྷ་མོ་ཚོགས་པ།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2020-07-01 09:36:09
ཀློག་གྲངས།:
མཚོ་སྟོད་ལྷ་མོ་ཚོགས་པ་ནི་སྤྱི་ལོ༡༩༥༩ལོའི་གོང་ནས་ཡོད་པའི་ལྷ་མོ་ཚོགས་པ་ཞིག་ཡིན་ཞིང༡༩༥༩ལོར་སླེབས་སྐབས་ལྷ་མོའི་དགེ་རྒན་མི་ཐོག་གསུམ་ཙམ་བརྒྱུད་པའི་ལྷ་མོ་ཚོགས་པ་རྙིང་གྲས་ཤིག་ཡིན། ལྷ་མོ་ཚོགས་པ་འདིའི་ཐོག་མའི་ལྷ་མོའི་གཞུང་སློབ་སྦྱོང་ཞུ་ས་ནི་རྒྱང་མཁར་ལྷ་མོ་ཚོགས་པའི་དགེ་རྒན་ཕོ་རོག་ལགས་ཞུ་བ་དེ་ཡིན་ཞིང་། ཁོང་གི་སྐུ་མདུན་ནས་མཚོ་སྟོད་གྲིབ་གྲོང་ཚོའི་པཱ་མགོན་པོ་ལགས་ཀྱིས་ཆོས་རྒྱལ་ནོར་བཟང་གི་གཞུང་ཆ་ཚང་ཞིག་སློབ་སྦྱོང་གིས་རང་ཡུལ་ལ་ཕེབས་ནས་ལྷ་མོ་ཚོགས་པ་སྒྲིག་འཛུགས་ཀྱིས་ལྷ་མོ་འཁྲབ་སྟོན་གནང་རྒྱུ་འགོ་བཙུགས་པ་དང་། དེ་རྗེས་ཡུལ་དེའི་རྒད་པོ་ལྷ་རྒྱལ་ལགས་ནས་ལྷ་མོ་ཚོགས་པ་དེའི་དགེ་རྒན་གནང་སྐབས་བདེ་མོ་རིན་པོ་ཆེའི་སྐུ་མདུན་ནས་གཟུགས་ཀྱི་ཉི་མ་དང་། སྣང་ས་འོད་འབུམ། འགྲོ་བ་བཟང་མོ་བཅས་ཀྱི་གཞུང་རྣམས་སློབ་སྦྱོང་གིས་ལྷ་མོའི་གཞུང་གྲ་རྒྱས་སུ་བཏང་ཞིང་། རྒད་པོ་ལྷ་རྒྱལ་གྱི་རྗེས་སུ་མཚོ་སྟོད་ནང་པ་ཁང་གསར་གྱི་པཱ་ཨ་མཆོག་ལགས་ནས་ལྷ་མོའི་དགེ་རྒན་གནང་སྟེ་གོང་གི་གཞུང་དེ་དག་མུ་མཐུད་འཁྲབ་རྒྱུ་རྒྱུན་འཁྱོངས་ཀྱིས་སྤྱི་ལོ༡༩༥༩ལོའི་གོང་བར་ལོ་ལྟར་བོད་ཀྱི་ལོ་གསར་དང་། དམིགས་བསལ་གྱི་དུས་ཆེན་སྐབས་སུ་རང་ཡུལ་ཙམ་མ་ཟད་རྭ་སྒྲེང་སོགས་ཡུལ་ལུང་གཞན་དུ་ཡང་འཁྲབ་སྟོན་ཐེངས་མང་བྱས་ཡོད། དེ་རྗེས་ཟིང་འཁྲུག་ལྷིང་འཇགས་དང་། དམངས་གཙོ་བཅོས་སྒྱུར་གྱི་ལས་འགུལ་འགོ་ཚུགས་ནས་ལོ་ཤས་རིང་ལྷ་མོ་འཁྲབ་མཚམས་ཆོད་ན་ཡང་སྤྱི་ལོ༡༩༦༢ལོར་སྐབས་དེའི་གུ་ཡངས་སྲིད་ཇུས་ལ་བརྟེན་ནས་སླར་ཡང་ལྷ་མོ་ཚོགས་པ་སྒྲིག་འཛུགས་ཀྱིས་རྒད་པོ་ཨ་མཆོག་ལགས་ཀྱིས་སློབ་སྟོན་འོག་མཚོ་སྟོད་ལྷན་སྐྱིད་པའི་པཱ་བཀྲ་ཤིས་ལྷ་མཆོག་གིས་ལྷ་མོའི་དགེ་རྒན་གནང་ནས་ལོ་གཉིས་གསུམ་ཙམ་གྱི་རིང་ལྷ་མོ་འཁྲབ་སྟོན་གྱི་གོ་སྐབས་ཤིག་ཐོབ་ན་ཡང་སྤྱི་ལོ༡༩༦༥ལོར་རིག་གསར་འགོ་ཚུགས་ཏེ་རྙིང་བཞི་རྩ་གཏོར་གཏོང་བའི་ལས་འགུལ་ནང་མཚོ་སྟོད་ལྷ་མོ་ཚོགས་པ་དེ་ཡང་མིང་གི་ལྷག་མ་ཙམ་དུ་གྱུར། རིག་གསར་མཇུག་སྒྲིལ་རྗེས་ལྷུག་གཏོང་སྲིད་ཇུས་ལ་བརྟེན་ནས་མཚོ་སྟོད་ལྷན་སྐྱིད་པའི་པཱ་བཀྲ་ཤིས་ལྷ་མཆོག་སོགས་སྔར་གྱི་ལྷ་མོ་འཁྲབ་སྟོན་པ་ཉུང་ཤས་ཡོད་པ་དེ་དག་གིས་མཚོ་སྟོད་ལྷ་མོ་ཚོགས་པ་དེ་སླར་གསོ་ཞུ་རྒྱུའི་འདུན་པ་ཤུགས་ཆེ་ཡོད་ན་ཡང་། ལྷ་མོ་བ་རྒན་རབས་མང་ཆེ་བ་ཚེ་ལས་འདས་ཤིང་ལྷ་མོའི་གཞུང་ལ་དགའ་བའི་གཞོན་སྐྱེས་ཀྱང་ཅུང་ཟད་ཉུང་དུ་སོང་བས་མཚོ་སྟོད་གྲོང་ཚོ་གཅིག་པུར་ལྷ་མོའི་ཚོགས་པ་ཞིག་བསྐྱར་འཛུགས་ཞུ་མི་ཐུབ་པས། སྤྱི་ལོ༡༩༨༣ལོར་མཚོ་སྟོད་གྲོང་ཚོ་དང་ལྷ་ཁང་གྲོང་ཚོ་གཉིས་མཉམ་བསྡུས་ཀྱིས་ལྷ་མོ་ཚོགས་པ་ཞིག་གསར་འཛུགས་ཞུས་ནས་མཚོ་སྟོད་ལྷན་སྐྱིད་པའི་པཱ་བཀྲ་ཤིས་ལྷ་མཆོག་གིས་ལྷ་མོའི་དགེ་རྒན་མུ་མཐུད་གནང་ཐོག་ཆོས་རྒྱལ་ནོར་བཟང་དང་། གཟུགས་ཀྱི་ཉི་མ། སྣང་ས་འོད་འབུམ་སོགས་སྔར་གྱི་གཞུང་རྣམས་མི་ཉམས་བརྒྱུད་འཛིན་གྱིས་འཁྲབ་སྟོན་གནང་མུས་ཐོག་སྤྱི་ལོ༡༩༩༦ལོར་པཱ་བཀྲ་ཤིས་ལྷ་མཆོག་སྐུ་གཤེགས་ན་ཡང་ཁོང་གི་ཚ་བོ་གཡུང་དྲུང་ནས་མུ་མཐུད་ལྷ་མོའི་དགེ་རྒན་གནང་སྟེ་ད་ལྟ་ལྷ་མོ་འཁྲབ་སྟོན་པ་མི་གྲངས༢༦ཙམ་ཡོད་པ་དེ་དག་གིས་ཕྱར་གྲུ་མཉམ་འདེགས་ཀྱིས་ལྷ་མོའི་གཞུང་དེ་དག་མུ་མཐུད་འཁྲབ་སྟོན་ཞུས་ནས་མི་ཉམས་བརྒྱུད་འཛིན་གནང་མུས་སུ་མཆིས་སོ།།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།