གླིང་སྒྲུང་རིག་གནས་རྒྱུན་འཛིན་པའི་རིགས་ལ་གསར་དུ་དཔྱད་པ།

རྩོམ་པ་པོ།:ཆབ་འགག་ཇོ་རུ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2024-03-29 10:35:35 ཀློག་གྲངས།:
༄༅། །མངོན་མིན་རིག་གནས་ཤུལ་བཞག་གི་མཐོང་སྣེ་ནས་གླིང་སྒྲུང་རིག་གནས་རྒྱུན་འཛིན་པའི་རིགས་ལ་གསར་དུ་དཔྱད་པ།
དབང་ཆེན་ཚེ་རིང་།

[ནང་དོན་གནད་བསྡུས།] བོད་ཀྱི་དཔའ་བོའི་ལོ་རྒྱུས་བྱུང་བརྗོད་སྙན་རྩོམ་རིང་མོ«གླིང་སྒྲུང»ནི་སྤྱི་ལོ༢༠༠༦ལོའི་ཟླ༥པའི་ཚེས༢༠ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས“རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང”ནང་དུ་བདམས་པ་དང་། སྤྱི་ལོ༢༠༠༩ལོའི་ཟླ༩པའི་ཚེས༣༠ཉིན་རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རྩ་འཛུགས་ཀྱིས“མིའི་རིགས་ཀྱི་ངག་ཐོག་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་”ནང་གཏན་འཁེལ་བྱས་པ་རེད། དུས་ཡུན་རིང་པོའི་ནང་གླིང་སྒྲུང་རིག་གནས་སྔོག་འདོན་དང་མྱུར་སྐྱོབ། ཟིན་བྲིས་དང་དག་སྒྲིག ཡིག་སྒྱུར་དང་ཞིབ་འཇུག རྒྱུན་འཛིན་དང་སྲུང་སྐྱོབ། ཁྱབ་སྤེལ་སོགས་ཀྱི་ལས་དོན་སྤེལ་བ་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ་དང་བསྟུན་ནས་དེའི་རྒྱུན་འཛིན་པའི་རིགས་ཀྱི་ཁོངས་གཏོགས་སུ་སྲོལ་རྒྱུན་གྱི་གེ་སར་སྒྲུང་པ་ཁོ་ན་མ་ཡིན་པར། ད་དུང་གླིང་སྒྲུང་དང་འབྲེལ་བའི་ཟློས་གར་དང་། སྒྲུང་ཐང་། འབུར་སྐུ། ལྡེབས་རིས། རྡོ་བརྐོས། བར་བཅུག་རི་མོ། གོས་གཙག་དྲུབ། ཤིང་དཔར་སོགས་རིག་གནས་སྒྱུ་རྩལ་སྣ་མང་གི་རྒྱུན་འཛིན་པ་མང་པོ་ཞིག་སྔ་རྗེས་སུ་བྱུང་ཡོད་པ་མ་ཟད། ཁོང་ཚོས་ཀྱང་གླིང་སྒྲུང་རིག་གནས་ཀྱི་འཛིན་སྐྱོང་སྤེལ་གསུམ་གྱི་བྱ་བར་བྱས་རྗེས་མི་དམན་པ་བཞག་དང་འཇོག་བཞིན་ཡོད། དཔྱད་རྩོམ་འདིར་མངོན་མིན་རིག་གནས་ཤུལ་བཞག་གི་མཐོང་སྣེ་ནས་འབྲེལ་ཡོད་ཀྱི་ཡིག་ཆར་གཞི་བཅོལ་བ་དང་ཡུལ་དངོས་རྟོག་ཞིབ་གཉིས་ཟུང་འབྲེལ་གྱིས་གླིང་སྒྲུང་རིག་གནས་རྒྱུན་འཛིན་པའི་ཞིབ་འཇུག་གི་གནས་བབས་དང་། རིགས་དབྱེ། གོ་དོན་སོགས་ཀྱི་སྐོར་གླེང་བརྗོད་བྱས་ཡོད།
[གནད་ཚིག] མངོན་མིན་རིག་གནས་ཤུལ་བཞག གླིང་སྒྲུང་རིག་གནས། རྒྱུན་འཛིན་པ། གསར་རྙེད།

གླེང་གཞི།
       ཀུན་གྱིས་མཁྱེན་གསལ་ལྟར། “མངོན་མིན་རིག་གནས་ཤུལ་བཞག་ནི་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཡིན་པ་དང་། ཀྲུང་ཧྭའི་ཤེས་དཔལ་རྒྱུན་འཛིན་ཆད་མེད་བྱས་པའི་གསོན་ཉམས་དོད་པའི་དཔང་རྟགས་ཤིག་དང་། མི་རིགས་ཀྱི་བརྩེ་སེམས་འབྲེལ་མཐུད་དང་རྒྱལ་ཁབ་གཅིག་གྱུར་ཡོང་བར་བྱེད་པའི་རྨང་གཞི་གལ་ཆེན་ཞིག་ཡིན་”[1]པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཆོག་གིས་ནང་སོག་ཏུ་རྟོག་ཞིབ་མཛད་སྐབས། “གྲངས་ཉུང་མི་རིགས་ཀྱི་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་ལ་མཐོང་ཆེན་དང་། གེ་སར་སྒྲུང་ལ་སོགས་པའི་མངོན་མིན་རིག་གནས་ཤུལ་བཞག་ལ་རྒྱབ་སྐྱོར་རོགས་རམ་དང་། རྒྱུན་འཛིན་པ་གསོ་སྐྱོང་ཡག་པོ་བཅས་བྱས་ཏེ། མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་དགོས།”[2]ཞེས་བཀའ་སློབ་གནང་སྟེ། མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པའི་གནས་བབས་མཐོ་པོར་བཞག་གནང་ཡོད།
       བོད་ཀྱི་གླིང་སྒྲུང་ནི་བོད་ཀྱི་ལོ་རྒྱུས་དང་། ཆོས་ལུགས། དཔལ་འབྱོར། དམག་དོན། དམངས་སྲོལ། སྒྱུ་རྩལ། ལུས་རྩལ་སོགས་ནང་དོན་མང་པོ་འདུས་པའི་སྣ་འཛོམས་ཅན་གྱི་གླེགས་བམ་ཆེན་མོ་ཞིག་ཡིན་ཞིང་། «གླིང་སྒྲུང»གི་ནང་དོན་ཁག་ཀྱང་སྒྲུང་ཐང་དང་། ཟློས་གར། འབུར་སྐུ། ལྡེབས་རིས། རྡོ་བརྐོས། བར་བཅུག་རི་མོ། གོས་གཙག་དྲུབ། ཤིང་དཔར་སོགས་རིག་གནས་རྒྱུན་འཛིན་གྱི་རྣམ་པ་འདྲ་མིན་ལ་བརྟེན་ནས་གང་ལེགས་མངོན་པར་བྱས་ཡོད་ལ། གླིང་སྒྲུང་རིག་གནས་ཀྱི་གསར་གཏོད་པ་དང་། རྒྱུན་འཛིན་པ། དེ་བཞིན་དར་སྤེལ་དང་སྲུང་སྐྱོབ་བྱེད་མཁན་སོགས་རིན་ཐང་བྲལ་བའི་གླིང་སྒྲུང་རིག་གནས་དང་འབྲེལ་བའི་རྒྱུན་འཛིན་པའང་མང་པོ་ཞིག་བྱུང་ཡོད། དེ་ལྟར་ནའང་། མིག་སྔའི་གེ་སར་རིག་པའི་སྡེ་ན་གེ་སར་སྒྲུང་པ་ཕུད། རྒྱུན་འཛིན་པ་གཞན་གྱི་སྐོར་ལ་དོ་སྣང་དང་ཞིབ་འཇུག་བྱེད་མཁན་ཉུང་བ་དང་། དེའི་འབྲེལ་གྱི་ཞིབ་འཇུག་གྲུབ་འབྲས་ཉུང་ཞིང་ཕལ་ཆེར་སྟོང་ཆའི་གནས་སུ་ལྷུངས་ཡོད། གཤམ་ལ་དེའི་སྐོར་ནས་དཔྱད་བརྗོད་ལམ་ཙམ་བྱ་རྒྱུ་ཡིན།
དང་པོ། རྒྱུན་འཛིན་པའི་ཞིབ་འཇུག་གི་གནས་བབ།
       ད་བར་རྒྱལ་ཁབ་ཕྱི་ནང་དུ་གླིང་སྒྲུང་རྒྱུན་འཛིན་པའི་སྐོར་ལ་ཞིབ་འཇུག་བྱས་པའི་གནས་ཚུལ་ལ་ཕྱོགས་བསྡོམས་ཤིག་བྱས་ན། ཕྱི་རྒྱལ་དུ་ཧྥ་རན་སུའི་ཞིབ་འཇུག་པ་ཧྲི་ཐན་ཨན་གྱིས་སྤྱི་ལོ༡༩༥༩ལོར་མཛད་ཅིང་ཧྥ་རན་སུའི་རྒྱལ་ས་པ་ལིར་དཔེ་སྐྲུན་བྱས་པའི«བོད་ཀྱི་ལོ་རྒྱུས་སྙན་རྩོམ་དང་གེ་སར་སྒྲུང་པ»[3]ཞེས་པ་ནི་འཛམ་གླིང་ན་ཤུགས་རྐྱེན་ཆེ་བའི་དཔྱད་དེབ་ཅིག་ཡིན་ཞིང་། དེའི་ནང་གླིང་སྒྲུང«ལྷ་གླིང»དང་། «འཁྲུངས་གླིང»«རྟ་རྒྱུག» «བདུད་འདུལ» «ཧོར་གླིང» «འཇང་གླིང» «མོན་གླིང» «སྟག་གཟིག»སོགས་སྒྲུང་དཔེ་ཁག་བཅུ་ལྷག་ཙམ་དང་། འབབ་སྒྲུང་པ་སོགས་ཀྱི་སྒྲུང་པ་ཁག་གཅིག་ལ་ཤེས་རྟོགས་དང་རྒྱུས་ལོན་གནང་སྟེ། གླིང་སྒྲུང་དང་གེ་སར་སྒྲུང་པའི་སྐོར་ལ་ཞིབ་འཇུག་མཛད་ཡོད་པ་དེས་ང་ཚོར་ཞིབ་འཇུག་གི་ཁ་ཕྱོགས་དང་ཞིབ་འཇུག་གི་བྱ་ཐབས་རིན་ཐང་བྲལ་བ་ཞིག་མཁོ་འདོན་བྱས་ཡོད། རྒྱལ་ནང་དུ་དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་ཅུ་པའི་སྐབས་ནས་བཟུང་གླིང་སྒྲུང་དང་གེ་སར་སྒྲུང་པའི་སྐོར་ལ་མྱུར་སྐྱོབ་དང་ཞིབ་འཇུག་བྱེད་པའི་ཚ་རླབས་ཤིག་འཕྱུར་ཡོད་ཅིང་། ཞིབ་འཇུག་པ་མང་པོ་ཞིག་གིས་དུས་ཡུན་རིང་པོའི་ནང་གེ་སར་སྒྲུང་པར་བཅར་འདྲི་དང་གླིང་སྒྲུང་སྒྲ་ཕབ་བསྡུ་ལེན་སོགས་ཀྱི་ལས་དོན་རྒྱ་ཆེ་གཏིང་ཟབ་ངང་སྤེལ་གནང་བས། གྲུབ་འབྲས་ཀྱང་གཡུར་དུ་ཟ་བ་ཐོབ་ཡོད། དེ་ཡང་དབྱང་ཨིན་ཧུང་གི་དཔྱད་དེབ«དམངས་ཁྲོད་ཀྱི་སྙན་ངག་མཁན་པོ། གེ་སར་སྒྲུང་བའི་སྐོར་གྱི་ཞིབ་འཇུག»[4]ཅེས་པའི་ནང་དུ། མཚོ་སྔོན་དང་། བོད་ལྗོངས། སི་ཁྲོན། ཀན་སུའུ། ཡུན་ནན་བཅས་ཁུལ་གྱི་གེ་སར་སྒྲུང་པ༤༠ལྷག་ཙམ་ལ་ལོ་མང་པོར་བཅར་འདྲི་དང་ཞིབ་འཇུག་མཛད་ནས་གེ་སར་སྒྲུང་པའི་རྒྱུན་འཛིན་གྱི་སྐོར་དང་། ལྷག་པར་དུ་མི་རབས་གསུམ་གྱི་སྒྲུང་པས་གླིང་སྒྲུང་རིག་གནས་རྒྱུན་འཛིན་དང་། བརྒྱུད་བསྒྲགས། དར་སྤེལ་བཅས་བྱེད་པའི་བརྒྱུད་རིམ་ཁྲོད་ཀྱི་ནུས་པར་དབྱེ་ཞིབ་དང་། དུས་རབས་ཉེར་གཅིག་པར་གསར་དུ་ཐོན་པའི་སྒྲུང་པའི་ཐུན་མིན་གྱི་ཁྱད་ཆོས་དང་། གླིང་སྒྲུང་རྒྱུན་འཛིན། དར་སྤེལ་སོགས་ཀྱི་གནས་བབས་ལ་དཔྱད་ཞིབ་མཛད་ཡོད་པ། གཅོད་པ་དོན་གྲུབ་ཀྱི་དཔྱད་དེབ་«བོད་ཡུལ་གྱི་གེ་སར་སྒྲུང་པའི་རྟོག་དཔྱོད་དང་ཞིབ་འཇུག»[5]ཅེས་པའི་ནང་། བོད་ལྗོངས་དང་། སི་ཁྲོན། ཀན་སུའུ། ཡུན་ནན། མཚོ་སྔོན་སོགས་ཁུལ་གྱི་གེ་སར་སྒྲུང་པར་བརྟག་དཔྱད་མཛད་དེ། གེ་སར་སྒྲུང་པ༤༥ལྷག་གི་སྐྱེ་ཁོངས་ངོ་སྤྲོད་དང་སྒྲུང་གི་ཁྱད་ཆོས་ལ་དབྱེ་ཞིབ། སྒྲུང་པ་ཁག་གི་སྤྱི་ཚོགས་ཀྱི་གནས་བབས་དང་། དེ་མིན་བབས་སྒྲུང་དང་། གཏེར་སྒྲུང་། པྲ་སྒྲུང་། བསླབ་སྒྲུང་། ཐོས་སྒྲུང་། བརྒྱུད་སྒྲུང་། ཞྭ་སྒྲུང་དང་ཐང་སྒྲུང་བཅས་ཀྱི་སྒྲུང་པའི་སྐོར་དང་། སྒྲུང་པས་འཆད་གྱེར་ཐུབ་པའི་སྒྲུང་ཁག་གི་དཀར་ཆག  སྒྲུང་གི་བརྗོད་བྱ་གཙོ་བོ། སྒྲུང་གི་རྗོད་བྱེད་ཚིག་གི་སྒྱུ་རྩལ་ཁྱད་ཆོས། སྒྲུང་ཁག་ལས་མངོན་པའི་མི་སྣའི་གཟུགས་བརྙན་སྐྲུན་སྟངས་སོགས་ལ་ཞིབ་འཇུག་གནང་ཡོད་པ། དེ་བཞིན་«དུང་དཀར་བློ་བཟང་འཕྲིན་ལས་ཀྱི་གསུང་འབུམ»[6]ནང་དུ་མཁས་དབང་ཁོང་གིས་གེ་སར་སྒྲུང་པའི་ངོ་མཚར་གྱི་གནས་བབས་ལ་དབྱེ་ཞིབ་ཀྱིས་སྒྲུང་པའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་སོགས་ལ་དཔྱད་པ་གནང་པའི་དཔྱད་རྩོམ་ཞིག་འཁོད་ཡོད་པ། ཞུས་ཀོ་ཆུང་གི་«གླིང་སྒྲུང་གི་བརྟག་དཔྱད་ཟིན་བྲིས་»[7]ཞེས་པའི་ནང་དུ་ཡུལ་དངོས་བརྟག་དཔྱད་བརྒྱུད་དེ། སྒྲུང་པ་བསྟན་པ་རྒྱལ་མཚན་དང་བསྟན་འཛིན་གྲགས་པ་སོགས་ལ་བཅར་འདྲི་བགྱིས་ནས་དམངས་ཁྲོད་ཀྱི་གེ་སར་སྒྲུང་པའི་སྐོར་གླེང་བརྗོད་མཛད་ཡོད་པ། འཇམ་དཔལ་རྒྱ་མཚོའི་«གླིང་སྒྲུང་ལ་ཐོག་མར་དཔྱད་པ་»[8]རུ། སྔར་གེ་སར་སྒྲུང་པས་ཡུལ་གྱར་ནས་འཚོ་བར་ཇི་ལྟར་རོལ་ཚུལ་དང་། ཉེ་བའི་ལོ་དུས་ནང་སྒྲུང་པའི་འཚོ་བའི་གནས་སྟངས་དང་སྒྲུང་བཤད་ཀྱི་རྣམ་པ། གཞན་ཡང་དམངས་ཁྲོད་ཀྱི་ཕུལ་བྱུང་སྒྲུང་པ་གྲགས་པ་དང་། གཡུ་སྨན། བསམ་གྲུབ། ཚེ་བརྟན་རྡོ་རྗེ་སོགས་ཀྱི་སྐོར་ལ་དཔྱད་བརྗོད་གནང་ཡོད་པ། བསོད་ཆུང་གི་«གླིང་སྒྲུང་དང་སྒྲུང་པ་»[9]རུ། སྒྲུང་པ་གྲགས་པ་དང་། གཡུ་སྨན་དང་ཁོ་མོའི་ཕ་ལོ། ཨ་བརྟན། བསམ་གྲུབ། ཁ་ཚ་གྲགས་པ། ཚེ་རིང་དབང་འདུས། བུ་ཐུབ་དགའ་སོགས་སྒྲུང་པ་ཁག་གཅིག་དང་དཔེ་མཚོན་རང་བཞིན་གྱི་སྒྲུང་ཞྭའི་སྐོར་ལ་དབྱེ་ཞིབ་དཔྱད་གླེང་མཛད་ཡོད་པ། དབང་ཕྱུག་བྱམས་ཀྱི་«གེ་སར་རིག་གནས་ཀྱི་དཔྱད་རྩོམ་ཕྱོགས་བསྒྲིགས་»[10]སུ། གེ་སར་སྒྲུང་པ་ནི་སྤྱིར་བཏང་གི་སྒྱུ་རྩལ་པ་ཞིག་མིན་པར་རླབས་ཆེན་གྱི་རྩོམ་རིག་པ་དང་མི་དམངས་ཀྱི་སྒྱུ་རྩལ་པ་ཡིན་པའི་སྐོར་སོགས་དཔྱད་བརྗོད་གནང་ཡོད་པ། བསོད་ཚེའི་«བོད་ཀྱི་འཆད་གྱེར་སྒྱུ་རྩལ་»[11]ཞེས་པར། གཙོ་བོ་སྒྲུང་པ་གྲགས་པ་དང་། གཡུ་སྨན། བསམ་གྲུབ། ཆོས་གྲགས་སོགས་དང་། ད་དུང་ནག་ཆུ་ཁུལ་གྱི་སྒྲུང་པ་༢༩ངོ་སྤྲོད་གནང་ཡོད་པ། ནོར་བུ་དབང་ལྡན་གྱི་«སྙན་ངག་རང་བཞིན་གྱི་བློ་གྲོས་དང་བློ་གྲོས་ཅན་གྱི་དོན་བརྗོད་སྲོལ་རྒྱུན། གསར་དུ་བཙལ་རྙེད་བྱུང་བའི་གླིང་སྒྲུང་རྒྱུན་འཛིན་པའི་རིགས་»[12]ཞེས་པར། མགོ་ལོག་གཅིག་སྒྲིལ་རྫོང་གི་སྒྲུང་པ་བསྟན་འཛིན་གྲགས་པའི་མི་ཚེ་མྱོང་ཚོར་དང་། གསར་རྩོམ་གྱི་བརྒྱུད་རིམ། རྩོམ་འབྲིའི་ཁྱད་ཆོས་སོགས་ལ་དབྱེ་ཞིབ་མཛད་དེ། སྒྲུང་པ་ཁོང་གིས་འཆད་གྱེར་བྱས་པའི་གླིང་སྒྲུང་གི་སྐོར་ལ་ཞིབ་འཇུག་གནང་ཡོད་པ། རྒྱང་འཁོར་ཚེ་ཕུན་གྱི་«སྒྲུང་མཁན་བསམ་གྲུབ་ཀྱིས་ཕབ་པའི་གླིང་སྒྲུང་དཔེ་ཚོགས་སྐོར་གྱི་ཞིབ་འཇུག་»[13]ཏུ། «སྒྲུང་པ་བསམ་གྲུབ་ཀྱི་དཔེ་ཚོགས་»བསྒྲིགས་པའི་དམིགས་ཡུལ་དང་དོན་སྙིང་། ལས་གཞི་ལག་བསྟར་བྱེད་པའི་བརྒྱུད་རིམ། སྒྲུང་པ་ཁོང་གི་ལོ་རྒྱུས་དང་ལེགས་སྒྲིག་པའི་གནས་ཚུལ་གསུངས་པ་མ་ཟད། སྒྲུང་པ་བསམ་གྲུབ་ཀྱིས་འཆད་གྱེར་བྱས་པའི་གླིང་སྒྲུང་གི་ནང་དོན་དང་། སྒྱུ་རྩལ་གྱི་ཁྱད་ཆོས། ལོ་རྒྱུས་ཀྱི་དོན་སྙིང་སོགས་ལ་དཔྱད་ཞིབ་མཛད་ཡོད་པ། རྟ་མགྲིན་འཚོའི་«གེ་སར་སྒྲུང་གི་དེང་རབས་རྒྱུན་འཛིན་ལག་ལེན་དང་གླིང་སྒྲུང་རིག་གནས་ཀྱི་མཚོན་སྟངས་སྐོར་»[14]ཞེས་པར། ལོ་རྒྱུས་སྙན་རྩོམ་རིང་མོ་དེ་ཉིད་ཀྱི་ནང་དོན་ཁག་རྩོམ་པ་པོའི་རྩོམ་རིག་བརྩམས་ཆོས་དང་། ཐང་ག རོལ་དབྱངས། རྡོ་བརྐོས། ཟློས་གར་སོགས་ཀྱི་ཁྱབ་ཁོངས་སུ་ཁྱབ་གདལ་ཇི་ལྟར་བྱུང་ཚུལ་སྐོར་ལ་དབྱེ་ཞིབ་དང་། འབྲེལ་ཡོད་རྒྱུན་འཛིན་པའི་ལོ་རྒྱུས་དང་། རྩལ་ནུས། ཁྱད་ཆོས་སོགས་ཀྱི་སྐོར་ལ་བཅར་འདྲི་དང་སྦྲགས། ལོ་རྒྱུས་སྙན་རྩོམ་རིང་མོ་དེ་ཉིད་ཀྱི་རྒྱུན་འཛིན་བྱེད་ཐབས་འདྲ་མིན་སྣ་ཚོགས་ལ་དཔྱད་བརྗོད་གནང་ཡོད་པ། བརྩོན་འགྲུས་རྒྱ་མཚོའི་«གེ་སར་རིག་པ་རགས་གླེང་»[15]དུ། བོད་རང་སྐྱོང་ལྗོངས་ཀྱི་སྒྲུང་པ་གྲགས་པ་དང་། གཡུ་སྨན། ཁ་ཚ་གྲགས་པ། དཔལ་ལྡན། བསམ་གྲུབ། ཆོས་གྲགས། ཚེ་རིང་དགྲ་འདུལ། དཔལ་དགའ། སྲི་ཐར་རྡོ་རྗེ། ཆོས་ཉིད་རང་གྲོལ། མར་དེའུ། བཀྲ་ཤིས་རྡོ་རྗེ་སོགས་སྒྲུང་པ་༣༡ཙམ་ངོ་སྤྲོད་མཚམས་སྦྱོར་གནང་ཡོད་པ། འཇམ་དབྱངས་ཆོས་སྒྲོན་གྱི་«སྡེ་དགེའི་གེ་སར་རིག་གནས་ཞིབ་འཇུག་»[16]ཏུ། སྡེ་དགེའི་སྒྲུང་པ་དེའུ་ཆུང་དཔལ་ཆེན་དང་། པདྨ་ཡེ་ཤེས། བསོད་ནམས་རྒྱལ་མཚན། པདྨ་བཀྲ་ཤིས་སོགས་སྒྲུང་པ་ཁག་གཅིག་ངོ་སྤྲོད་གནང་ཡོད་པ། གཡང་སྐྱིད་སྒྲོལ་མའི་«གེ་སར་སྒྲུང་པའི་འཆད་གྱེར་སྐོར་གྱི་ཞིབ་འཇུག་སྟེ། མཚོ་སྔོན་ཡུལ་ཤུལ་ཁུལ་གྱི་སྒྲུང་པར་བརྟག་དཔྱད་བྱས་པ་»[17]ཞེས་པར། ཡུལ་ཤུལ་ཁུལ་གྱི་གེ་སར་སྒྲུང་པ་སོ་སོའི་སྒྲུང་འཆད་གྱེར་གྱི་རྣམ་པ་དང་། ནུས་པ། སྒྲུང་པའི་དཀའ་ངལ་སོགས་ཀྱི་གནད་དོན་སྐོར་ལ་ཞིབ་འཇུག་གནང་ཡོད་པ། «ནག་ཆུའི་རྒྱལ་ཁབ་རིམ་པ་དང་ལྗོངས་རིམ་པའི་གེ་སར་སྒྲུང་པའི་ངག་བརྗོད་ལོ་རྒྱུས་»[18]སུ། ནག་ཆུ་ཁུལ་གྱི་རྒྱལ་ཁབ་རིམ་པ་དང་རང་སྐྱོང་ལྗོངས་རིམ་པའི་གེ་སར་སྒྲུང་པ་༡༥ཙམ་ལ་བཅར་འདྲི་མཛད་དེ། སྒྲུང་པའི་ངག་བརྗོད་ལོ་རྒྱུས་དང་། སྒྲུང་པ་དེ་དག་སྒྲུང་པར་འགྱུར་བའི་བརྒྱུད་རིམ། ཁྱད་ཆོས། སྒྲུང་གི་གྲངས་འབོར་སོགས་ཀྱི་སྐོར་ལ་དབྱེ་ཞིབ་དཔྱད་གླེང་གནང་ཡོད་པ། ཚའོ་ཡ་ལི་ཡི་«མིའི་རིགས་རིག་པའི་ཞིབ་འཇུག་ཐབས་ལམ་ལས་གླིང་སྒྲུང་ཤུལ་བཞག་ཟློས་གར་གྱི་སྐོར་ལ་དཔྱད་པ་»[19]རུ། ཟློས་གར་གྱི་སྒྱུ་རྩལ་པ་བློ་བཟང་ཆོས་རྒྱས་དང་། ཕུར་རྡོ། པདྨ་གཏུམ་པོ་སོགས་དང་། མི་རིགས་གླུ་གར་ཚོགས་པའི་འགན་འཁུར་པ་རྡོ་རྗེ་ཐར་དང་། དཔའ་ལྡན། ཁྲིན་ལིན་སོགས་དང་འབྲེལ་ནས་གླིང་སྒྲུང་ཤུལ་བཞག་ཟློས་གར་གྱི་སྐོར་གླེང་གནང་ཡོད་པ། «གེ་སར་རིག་གནས་དཀར་མཛེས་ན་ཡོད་པའི་ངག་རྒྱུན་མེས་པོའི་ཞལ་ལུང་»[20]དུ། གེ་སར་སྒྲུང་པ་བསྟན་པ་རྒྱལ་མཚན་དང། པདྨ། ཉི་མ་རང་ཤར། ཨ་ཉིད། ལྭ་བ་བྱམས་རྒྱལ་ནོར་བུ་སོགས་ཀྱི་སྐོར་ངོ་སྤྲོད་གནང་ཡོད་པ། ཚེ་རིང་སྒྲོལ་མའི་«པདྨ་ས་ཆའི་གེ་སར་རིག་གནས་རགས་བཤད་»[21]དུ། མགོ་ལོག་པདྨའི་ཡུལ་གྱི་ཐར་ལོ་དང་། འཇིགས་མེད་རྡོ་རྗེ། ཐུབ་བསྟན་འོད་ཟེར། གུ་རུ་ལ་སོགས་པའི་གླིང་སྒྲུང་རིག་གནས་ཀྱི་རྒྱུན་འཛིན་པ་ཁག་གཅིག་ངོ་སྤྲོད་གནང་ཡོད་པ་སོགས། གོང་གསལ་དེ་དག་ནི་གླིང་སྒྲུང་དང་འབྲེལ་བའི་དཔྱད་དེབ་ཁག་ནང་འཁོད་པའི་གེ་སར་སྒྲུང་པ་གཙོ་བོ་བྱས་པའི་གླིང་སྒྲུང་རྒྱུན་འཛིན་པའི་སྐོར་ཡིན་ཞིང་། དེ་མིན་འབྲེལ་ཡོད་ཀྱི་དཔྱད་རྩོམ་ལས་ཀྱང་གླིང་སྒྲུང་རྒྱུན་འཛིན་པའི་སྐོར་གླེང་བ་ཡོད་ཀྱང་། འདིར་རེ་རེ་བཞིན་བཀོད་མེད། གཞན་ཡང་རྒྱལ་ཡོངས་ཀྱི་འབྲེལ་ཡོད་ཞིབ་འཇུག་ལས་ཁུངས་ཁག་གིས་གེ་སར་སྒྲུང་པ་མྱུར་སྐྱོབ་དང་། རྩད་འཚོལ། སྲུང་སྐྱོང་། ཞིབ་འཇུག་སོགས་ཀྱི་ལས་དོན་སྤེལ་ཡོད་པ་མ་ཟད། སྒྲུང་པ་གསོ་སྐྱོང་འཛིན་གྲྭ་ཆེད་དུ་གཉེར་བ་དང་བགྲོ་གླེང་ཚོགས་འདུ་སོགས་སྐོང་འཚོགས་བྱས་པར་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། ཡིན་ན་ཡང་། “གེ་སར་སྒྲུང་དང་འབྲེལ་བ་ཡོད་པའི……ཆོ་ག་དང་། རོལ་རྩེད། ཟློས་གར། གཞས་མ་གཏམ། མཛེས་རྩལ་སོགས……ཀྱི་སྐོར་ལ་ངོ་སྤྲོད་རང་བཞིན་གྱི་རྩོམ་ཡིག་ཁག་གཅིག་སྤེལ་ཡོད་པ་དེ་དག་གི་ནང་དོན་ནི་རགས་བསྡུས་དང་སྣ་གཅིག་ཅན་ཡིན་པས། གླིང་སྒྲུང་གི་སྒྱུ་རྩལ་ཤུལ་བཞག་ཁག་སོ་སོར་ཞིབ་འཇུག་གཏིང་ཟབ་ཅིང་ཞིབ་ཚགས་པོ་ཞིག་བྱུང་མེད”[22]ལ། ལྷག་པར་དུ་གླིང་སྒྲུང་དང་འབྲེལ་བའི་ཐང་ག་དང་། རྡོ་བརྐོས། ཟློས་གར་སོགས་ཀྱི་རྒྱུན་འཛིན་པའི་གོ་དོན་དང་རིགས་དབྱེ་སོགས་ཀྱི་སྐོར་ལ་དཔྱད་བརྗོད་བྱས་པ་དེ་སྔ་མ་མཐོང་བས། གླིང་སྒྲུང་ཞིབ་འཇུག་གི་སྤྱིའི་གནས་བབས་ནས་བལྟས་ན། ཕལ་ཆེར་སྟོང་ཆའི་གནས་སུ་ལྷུངས་ཡོད། དེའི་ཕྱིར། གཤམ་དུ་དེའི་སྐོར་ལ་དཔྱད་པ་ཅུང་ཟད་བྱ་བར་འདོད།
གཉིས་པ། རྒྱུན་འཛིན་པའི་རིགས་དབྱེ།
       «མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་ཀྱི་སྤྱི་ཆིངས»ལས། “མངོན་མིན་རིག་གནས་ཤུལ་བཞག་ཅེས་པ་ནི་སྡེ་ཁུལ་དང་ཚོགས་སྤྱི་ཁག་དང་། སྐབས་འགར་མི་སྒེར་གྱིས་རིག་གནས་ཤུལ་བཞག་གང་དེའི་གྲུབ་ཆར་བརྩིས་པའི་སྤྱི་ཚོགས་ཀྱི་ལག་ལེན་དང་། འདུ་ཤེས་གླེང་སྟངས། རྣམ་པ་མཚོན་སྟངས། ཤེས་བྱ། རྩལ་ནུས་བཅས་སྣ་ཚོགས་དང་། འབྲེལ་ཡོད་ཀྱི་ཡོ་བྱད་དང་། དངོས་རྫས། ལག་ཤེས་ཐོན་རྫས། རིག་གནས་བྱེད་སྒོ་སྤེལ་ཡུལ་བཅས་ལ་ཟེར་”[23]ཞེས་གསུངས་པ་ལྟར། མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་ནི་སྤྱིའི་ཆ་ནས་སྡེ་ཁུལ་དང་། ཚོགས་སྤྱི། མི་སྒེར་བཅས་ཡིན་པས། གླིང་སྒྲུང་རིག་གནས་ཀྱི་རྒྱུན་འཛིན་པ་ཡང་ཚུལ་དེ་ལས་མ་འདས། གླིང་སྒྲུང་རིག་གནས་ཀྱི་མི་སྒེར་རྒྱུན་འཛིན་པའི་ངོས་ནས་བཤད་ན། དེར་དཔེ་མཚོན་རང་བཞིན་གྱི་རྒྱུན་འཛིན་པ་དང་སྤྱིར་བཏང་གི་རྒྱུན་འཛིན་པ་ཞེས་རིགས་གཉིས་སུ་དབྱེ་ཆོག་པར་སྙམ་ཞིང་། དཔེ་མཚོན་རང་བཞིན་གྱི་རྒྱུན་འཛིན་པ་ཞེས་པ་ནི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་གཏན་འཁེལ་དང་དོ་དམ་བྱེད་ཐབས་སྐོར་གྱི་སྲིད་ཇུས་ལྟར་གཏན་འཁེལ་བྱས་པའི་རྒྱུན་འཛིན་པར་གོ་ཞིང་། མིག་སྔར་དེ་ལ་རིམ་པ་ལྟར་ན། རྒྱལ་ཁབ་རིམ་པ་དང་། ཞིང་ཆེན་དང་ལྗོངས་རིམ་པ། ཁུལ་རིམ་པ། རྫོང་རིམ་པ་བཅས་ཀྱི་དབྱེ་སྲོལ་ཡོད་པ་དང་། སྤྱིར་བཏང་གི་རྒྱུན་འཛིན་པ་ཞེས་པ་ནི་དཔེ་མཚོན་རང་བཞིན་གྱི་རྒྱུན་འཛིན་པ་ཕུད་པའི་དེ་མིན་གྱི་དམངས་ཁྲོད་རྒྱུན་འཛིན་པ་ཁག་ལ་གོ་བ་ཡིན།
       “རིག་གནས་ཀྱི་སྣ་མང་རང་བཞིན་ནི་མིའི་རིགས་ཀྱི་གཞི་རྩའི་ཁྱད་ཆོས་ཤིག་ཡིན་”[24]ཞེས་པ་ལྟར། གླིང་སྒྲུང་རིག་གནས་ཀྱི་རྒྱུན་འཛིན་ལས་རིག་གནས་སྣ་མང་རང་བཞིན་མངོན་པར་གསལ་བ་སྟེ། “ངག་ཐོག་ནས་ཡིག་ཐོག་ཏུ་ཕབ་ལེན་དང་། དེ་ནས་རྒྱུན་འཛིན་གྱི་རྣམ་པ་སྣ་མང་ཅན་དུ་གྱུར་ཡོད།”[25]ཅེས་དང་། “གླིང་སྒྲུང་རིག་གནས་ནི་ནང་དོན་ཕུན་སུམ་ཚོགས་ལ་མཚོན་སྟངས་ཀྱི་རྣམ་པ་སྣ་ཚོགས་ཅན་ཞིག་ཡིན”[26]ཞེས་གསུངས་པ་སོགས་ལས་རྟོགས་ཐུབ། འདིར་ཁོ་བོས་གླིང་སྒྲུང་རིག་གནས་ཀྱི་རྒྱུན་འཛིན་གྱི་རྣམ་པ་འདྲ་མིན་སྣ་ཚོགས་ཡིན་པའི་དོན་དངོས་ལ་གཞིགས་ཏེ། གླིང་སྒྲུང་རིག་གནས་ཀྱི་རྒྱུན་འཛིན་པར་རིགས་དབྱེ་བྱས་ན། གླིང་སྒྲུང་གསར་གཏོད་དང་། བརྒྱུད་བསྒྲགས། དར་སྤེལ་བཅས་བྱེད་མཁན་གྱི་སྒྲུང་པའི་རིགས་ཏེ། བབས་སྒྲུང་དང། གཏེར་སྒྲུང་། པྲ་སྒྲུང་། བསླབ་སྒྲུང་། ཐོས་སྒྲུང་། བརྒྱུད་སྒྲུང་། སྒྲུང་ཞྭ་དང་ཐང་སྒྲུང་སོགས་དེ་སྔ་ཞིབ་འཇུག་པ་རྣམ་པས་བསྟན་ཟིན་པའི་སྲོལ་རྒྱུན་གྱི་སྒྲུང་པའི་རིགས་དང་། དེ་བཞིན་གླིང་སྒྲུང་རིག་གནས་དང་འབྲེལ་བའི་སྒྲུང་ཐང་དང་། ཟློས་གར། འབུར་སྐུ། ལྡེབས་རིས། རྡོ་བརྐོས། བར་བཅུག་རི་མོ། གོས་གཙག་དྲུབ། ཤིང་དཔར་སོགས་ཀྱི་ཕྱག་ལས་གནང་མཁན་གྱི་རིགས་བཅས་སུ་དབྱེ་ཆོག་པར་འདོད་ལ། གླིང་སྒྲུང་རིག་གནས་ཀྱི་སྒྱུ་རྩལ་མཚོན་ཐབས་སྣ་མང་ཡིན་པ་དང་སྦྲགས་ནས་དེ་དག་གི་རྒྱུན་འཛིན་པའང་གསར་པ་འབྱུང་ངེས་པས། «ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་མངོན་མིན་རིག་གནས་ཤུལ་བཞག་གི་བཅའ་ཁྲིམས་»ཀྱི་དོན་ཚན་ལྔ་པར། “མངོན་མིན་རིག་གནས་ཤུལ་བཞག་བཀོལ་སྤྱོད་བྱེད་ན། དེའི་རྣམ་པ་དང་གོ་དོན་ལ་བརྩི་འཇོག་བྱ་དགོས་”[27]ཞེས་བསྟན་པ་ལྟར། གླིང་སྒྲུང་རིག་གནས་ཀྱི་རྣམ་པ་དང་དེའི་རྒྱུན་འཛིན་པར་མཐོང་ཆེན་བྱ་རྒྱུ་ནི་གལ་ཆེ་བར་སྙམ།
གསུམ་པ། རྒྱུན་འཛིན་པའི་གོ་དོན།
       མངོན་མིན་རིག་གནས་ཤུལ་བཞག་གང་དེ་རང་འགུལ་གྱི་སྒོ་ནས་རྒྱུན་འཛིན་བྱེད་པ་གཙོ་བོ་རྒྱུན་འཛིན་པ་སོ་སོར་ཐུག་ཅིང་། མིའི་རིགས་ཀྱི་ལོ་རྒྱུས་ཐོག་མངོན་མིན་རིག་གནས་ཤུལ་བཞག་ཅེས་པའི་ཐ་སྙད་དང་གོ་དོན་མ་བྱུང་པའི་ཡར་སྔོན་ནས་མི་རབས་ནས་མི་རབས་བར་རིག་གནས་ཤུལ་བཞག་འཛིན་སྐྱོང་སྤེལ་གསུམ་བྱེད་མཁན་ནི་དམངས་ཁྲོད་ཀྱི་རིག་གནས་རྒྱུན་འཛིན་པ་དེ་དག་ཡིན། གང་ལྟར། རྒྱུན་འཛིན་པ་ནི་མངོན་མིན་རིག་གནས་ཤུལ་བཞག་གསར་གཏོད་དང་། རྒྱུན་འཛིན། སྒྲོག་སྤེལ། སྲུང་སྐྱོབ་བཅས་བྱེད་མཁན་ཡིན་སྟབས། རྒྱུན་འཛིན་པར་ངོས་འཛིན་ཡང་དག་དང་སྲུང་སྐྱོབ་ཡག་པོ་བྱེད་པ་ནི་མངོན་མིན་རིག་གནས་ཤུལ་བཞག་གང་དེ་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་རྨང་གཞི་དང་སྲོག་རྩ་ལྟ་བུར་གྱུར་ཡོད། དེས་ན་རང་རྒྱལ་གྱི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་གཏན་འཁེལ་དང་དོ་དམ་བྱེད་ཕྱོགས་སྐོར་གྱི་ཡིག་ཆ་ལས། “རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་དཔེ་མཚོན་རང་བཞིན་གྱི་རྒྱུན་འཛིན་པ་ཞེས་པ་ནི། རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་དཔེ་མཚོན་རང་བཞིན་ལྡན་པའི་རྣམ་གྲངས་རྒྱུན་འཛིན་གྱི་འགན་འཁུར་བ་དང་། དམིགས་བསལ་ཁྱབ་ཁོངས་ནང་མཚོན་བྱེད་རང་བཞིན་ལྡན་ཁར། ས་ཁོངས་ངེས་ཅན་ཞིག་གི་ནང་ཤུགས་རྐྱེན་ཆེ་ཙམ་ཡོད་པ། རིག་གནས་དང་ཡུལ་སྐོར་པུའུ་ཡིས་གཏན་འཁེལ་བྱས་པའི་རྒྱུན་འཛིན་པ་ལ་ཟེར་”[28]ཞེས་དང་། “ཞིང་ཆེན་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་དཔེ་མཚོན་རང་བཞིན་གྱི་རྒྱུན་འཛིན་པ་ཞེས་པ་ནི། ཞིང་ཆེན་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་དཔེ་མཚོན་རང་བཞིན་ལྡན་པའི་རྣམ་གྲངས་རྒྱུན་འཛིན་གྱི་འགན་འཁུར་བ་དང་། དམིགས་བསལ་གྱི་ཁྱབ་ཁོངས་ནང་མཚོན་བྱེད་རང་བཞིན་ལྡན་ཁར། ས་ཁོངས་ངེས་ཅན་ཞིག་གི་ནང་ཤུགས་རྐྱེན་ཆེ་ཙམ་ལྡན་པ། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གིས་གཏན་འཁེལ་བྱས་པའི་རྒྱུན་འཛིན་པ་ལ་ཟེར་”[29]ཞེས་བྱུང་བ་དང་། གཞན་ཡང་། ཞིབ་འཇུག་པ་ཧྥུང་ཅི་ཚའེ་ཡིས། “རྒྱུན་འཛིན་པ་ནི་དམངས་ཁྲོད་རིག་གནས་ཀྱི་གྲུབ་ཆ་གཙོ་བོ་ཞིག་ཡིན། གལ་ཏེ་དམངས་ཁྲོད་རིག་གནས་གང་ཞིག་རྒྱུན་འཛིན་བྱེད་མཁན་མེད་ན། དམངས་ཁྲོད་ཀྱི་རིག་གནས་དེ་ཉིད་མེད་པར་འགྱུར་ངེས་”[30]ཞེས་དང་། ཞིབ་འཇུག་པ་ལེའུ་ཁུའེ་ལི་ཡིས། “མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་ཀྱི་ལྟེ་བ་ནི་མི་དང་། ལྷག་པར་དུ་རྒྱུན་འཛིན་པའི་ཚོགས་སྤྱི་ཡིན། མངོན་མིན་རིག་གནས་ཤུལ་བཞག་མུ་མཐུད་ནས་རྒྱུན་འཛིན་དང་འབྱུང་འགྱུར་ལ་ཁ་ཕྱོགས་རྒྱུ་དེའང་གཙོ་བོ་ནི་ང་ཚོས་རྒྱུན་འཛིན་པའི་མི་ཚོགས་ལ་གཅེས་སྐྱོང་དང་། སྲུང་སྐྱོབ། མི་རབས་ནས་མི་རབས་བར་རྒྱུན་འཛིན་བཅས་བྱ་རྒྱུར་བརྟེན་དགོས་”[31]ཞེས་དང་། ཡང་ཞིབ་འཇུག་པ་ཧོང་ཞའོ་ཅོན་གྱིས། “རིན་ཐང་གལ་ཆེན་ལྡན་པའི་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་བྱེད་པའི་བརྒྱུད་རིམ་གྱི་ཁྲོད། (རྒྱུན་འཛིན་པ་ནི་)ཤུལ་བཞག་གང་དེས་མི་རིགས་ཀྱི་དམངས་ཁྲོད་རིག་གནས་སྲོལ་རྒྱུན་མཚོན་པར་བྱེད་པ་དང་། ཕུལ་བྱུང་གི་ལག་རྩལ་དང་རྩལ་ནུས་སོགས་ཁོང་དུ་ཆུད་པ། སྡེ་ཁུལ་དང་། ཚོགས་སྤྱི། རིགས་རྒྱུད་བཅས་ཀུན་གྱིས་ཁས་ལེན་པའི་ཤུགས་རྐྱེན་ལྡན་པའི་མི་སྣ་ཞིག་ཡིན་”[32]ཞེས་དང་། ཞིབ་འཇུག་པ་འཇམ་དཔལ་རྒྱ་མཚོས་“(གེ་སར་སྒྲུང་པ་)ཁོང་ཚོ་ནི་ལོ་རྒྱུས་སྙན་རྩོམ་རིང་པོ་འདི་ཉིད་ཐད་ཀར་གསར་གཏོད་དང་། རྒྱུན་འཛིན། ཁྱབ་སྤེལ་བཅས་བྱེད་མཁན་ཡིན་ལ། མི་དམངས་ཀྱི་སྒྱུ་རྩལ་མཁས་ཅན་ངོ་མ་དང་། ཆེས་ཕུལ་དུ་བྱུང་བ་དང་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ་པའི་མི་དམངས་ཀྱི་སྙན་ངག་པ་ཞིག་རེད། ཁོང་ཚོའི་ལུས་སྟེང་ནས་མི་དམངས་མང་ཚོགས་ཀྱི་སྤྱང་གྲུང་དང་བློ་གྲོས། གསར་གཏོད་རླབས་པོ་ཆེའི་སྙིང་སྟོབས་མཚོན་གྱི་ཡོད་”[33]ཅེས་དང་། ཞིབ་འཇུག་པ་དབྱང་ཨེན་ཧུང་གིས། “བོད་ཀྱི་གེ་སར་སྒྲུང་པར་སྤྱིར་བཏང་དུ་སྒྲུང་མཁན་དང་སྒྲུང་པ་ཞེས་འབོད་ཅིང་། དེ་དག་ནི་གཏམ་རྒྱུད་ལ་མཁས་པ་དང་བྱང་ཆ་ལྡན་པ་ཞིག་ཡིན་”[34]ཞེས་དང་། ཞིབ་འཇུག་པ་གཅོད་པ་དོན་གྲུབ་ཀྱིས། “དམངས་ཁྲོད་ཀྱི་སྒྲུང་པ་ནི་ལོ་རྒྱུས་སྙན་རྩོམ་རིང་མོ་འདི་གསར་རྩོམ་མཁན་དང་། སྒྲོག་སྤེལ་མཁན། རྒྱུན་འཛིན་མཁན་ཡིན་ཞིང་། ཁོང་ཚོས་མི་རབས་ནས་མི་རབས་བར་ངག་ཐོག་གི་གསར་རྩོམ་དང་རྒྱུན་ཆད་མེད་པའི་བརྒྱུད་སྒྲོག་མེད་ཚེ། དེ་རིང་གི་སྒྲུང་དཔེ་རྩ་ཆེན་འདི་དག་ཀྱང་ཡོད་མི་སྲིད”[35]ཅེས་པ་སོགས་རྒྱུན་འཛིན་པའི་བྱེད་ལས་དང་ནུས་པ་སོགས་དང་འབྲེལ་ནས་དེའི་གོ་དོན་ཇི་ལྟར་ཡིན་ཚུལ་གླེང་བརྗོད་མཛད་ཡོད། འདིར་ཁོ་བོས་གོང་གསལ་མངོན་མིན་རིག་གནས་ཤུལ་བཞག་ཞིབ་འཇུག་པ་དང་གླིང་སྒྲུང་ཞིབ་འཇུག་པ་རྣམས་ཀྱི་འདོད་ཚུལ་ལ་གཞི་བཅོལ་ཏེ། གླིང་སྒྲུང་རིག་གནས་ཀྱི་རྒྱུན་འཛིན་པ་ནི་གེ་སར་སྒྲུང་པ་ཙམ་མ་ཟད། གླིང་སྒྲུང་དང་འབྲེལ་བའི་སྒྲུང་ཐང་དང་། ཟློས་གར། འབུར་སྐུ། ལྡེབས་རིས། རྡོ་བརྐོས། བར་བཅུག་རི་མོ། གོས་གཙག་དྲུབ། ཤིང་དཔར་སོགས་རིག་གནས་སྒྱུ་རྩལ་སོ་སོའི་གསར་གཏོད་པ་དང་། རྒྱུན་འཛིན་པ། སྲུང་སྐྱོབ་པ། སྒྲོག་སྤེལ་བྱེད་མཁན་བཅས་ལའང་གོ་དགོས་པར་འདོད་པས། གཤམ་དུ་རྒྱུན་འཛིན་པ་རིགས་སོ་སོའི་གོ་དོན་སྐོར་ཅུང་ཙམ་བརྗོད་པར་བྱའོ། །
       གཅིག གླིང་སྒྲུང་འཆད་གྱེར་གྱི་རྒྱུན་འཛིན་པ། དེར་རྒྱུན་དུ་གེ་སར་སྒྲུང་པའམ་སྒྲུང་མཁན་ཞེས་འབོད། དེ་ནི་འཆད་གྱེར་གྱི་རྣམ་པ་ལ་བརྟེན་ནས་གླིང་སྒྲུང་གསར་གཏོད་དང་། བརྒྱུད་བསྒྲགས སྲུང་སྐྱོབ། དར་སྤེལ་བཅས་བྱེད་མཁན་ལ་ཟེར། དེ་ལ་དབྱེ་ན་བབས་སྒྲུང་དང། གཏེར་སྒྲུང་། པྲ་སྒྲུང་། བསླབ་སྒྲུང་། ཐོས་སྒྲུང་། བརྒྱུད་སྒྲུང་། ཞྭ་སྒྲུང་། ཐང་སྒྲུང་སོགས་སྒྲུང་པའི་རིགས་འགའ་ཞིག་ཡོད་མོད། དེའི་སྐོར་ལ་ཞིབ་འཇུག་གི་དཔྱད་འབྲས་མང་པོ་ཡོད་པས། འདིར་ཞིབ་ཏུ་གླེང་བར་མི་བྱ།
       གཉིས། གེ་སར་སྒྲུང་ཐང་གི་རྒྱུན་འཛིན་པ། སྒྲུང་ཐང་ནི་བྲིས་སྐུའི་སྒྱུ་རྩལ་ཁྲོད་ཀྱི་ཡིད་དབང་འཕྲོག་པའི་སྒྱུ་རྩལ་མཚོན་ཐབས་ཤིག་ཡིན་ཞིང་། དེ་ཡང་གླིང་སྒྲུང་གི་ནང་དོན་མཚོན་པའི་ཆེད་གཉེར་གྱི་ཐང་ག་བྱུང་བ་དང་བསྟུན་ནས་དེར་སྒྲུང་ཐང་ཞེས་ཐོགས་པ་དང་། དེའི་རྒྱུན་འཛིན་པ་ནི་གླིང་སྒྲུང་གི་ནང་དོན་ཁག་ཐང་གའི་རི་མོའི་སྒྱུ་རྩལ་གྱི་ལམ་ནས་བྲིས་བཞེངས་བྱེད་མཁན་ལ་ཟེར། དཔེར་ན། བོད་ལྗོངས་ཀྱི་བསྟན་པ་རབ་བརྟན་དང་། སི་ཁྲོན་གྱི་ལེགས་སྨོན། མཚོ་སྔོན་མགོ་ལོག་གི་ཨ་བུ་དཀར་ལོ་དང་། མཚོ་སྔོན་པདྨའི་ཐུབ་བསྟན་འོད་ཟེར་དང་། བསྟན་ཚུལ། མཁར་རེ་ཚེ་རིང་། མཚོ་ཤར་བ་ཡན་གྱི་གསེར་བྲག་དོན་གྲུབ་ཚེ་བརྟན། མཚོ་སྔོན་གཅན་ཚའི་རིན་ཆེན་རྒྱ་མཚོ། སི་ཁྲོན་སྡེ་དགེའི་བུ་ཁེ། མཚོ་སྔོན་དར་ལག་གི་འཇུ་མཁས་དབང་། མཚོ་སྔོན་ནང་ཆེན་གྱི་ཕན་བདེ་དང་འབྲུ་ཚ་བཀྲ་ཤིས་རྡོ་རྗེ། མཚོ་སྔོན་རེབ་གོང་གི་བསམ་འགྲུབ་རྒྱལ་སོགས་ལྟ་བུའོ། །
       གསུམ། གེ་སར་ཟློས་གར་གྱི་རྒྱུན་འཛིན་པ། གེ་སར་ཟློས་གར་ཞེས་པ་ནི་“གེ་སར་སྒྲུང་དང་འབྲེལ་བའི་འཁྲབ་གཞུང་དང་། ཞལ་འབོག རོལ་དབྱངས། བྲོ་གར་སོགས་ལས་གྲུབ་པའི་སྣ་འཛོམས་ཀྱི་ཟློས་གར་སྒྱུ་རྩལ་ཞིག་ཡིན་”[36]ཞིང་། དེ་ནི་གླིང་སྒྲུང་རིག་གནས་ལས་ཆོས་ལུགས་དང་འབྲེལ་བའི་གྲུབ་ཆ་གལ་ཆེན་ཞིག་ཏུ་བརྩི། དེའི་རྒྱུན་འཛིན་པས་ཟློས་གར་འཁྲབ་སྟོན་གྱི་སྒྱུ་རྩལ་ལ་བརྟེན་ནས་གླིང་སྒྲུང་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་གི་ཡོད། དེ་ལ་རྣམ་པའི་ཆ་ནས་དབྱེ་ན་གེ་སར་རྣམ་ཐར་དང་། གེ་སར་འཆམ། གེ་སར་རྟ་འཆམ། གེ་སར་གླུ་གར་སོགས་ཡོད་པ་དང་། འཁྲབ་ཡུལ་གྱི་ཆ་ནས་དབྱེ་ན། དགོན་སྡེའི་གེ་སར་ཟློས་གར་དང་། རྩྭ་ཐང་གི་དམངས་ཁྲོད་ཀྱི་གེ་སར་ཟློས་གར། གར་སྟེགས་ཀྱི་གེ་སར་ཟློས་གར་བཅས་ཡོད། དེའི་རྒྱུན་འཛིན་པ་ནི་གླུ་དང་། གར། འཁབ་གཞུང་བཅས་འདུས་པའི་སྣ་འཛོམས་ཀྱི་སྒྱུ་རྩལ་ཕུང་བོ་འཛིན་སྐྱོང་སྤེལ་གསུམ་བྱེད་མཁན་ལ་ཟེར། དཔེར་ན། མཚོ་སྔོན་གཅིག་སྒྲིལ་གྱི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་དཔེ་མཚོན་རང་བཞིན་གྱི་རྒྱུན་འཛིན་པ་ཚེ་རིང་དཔལ་ལྡན་དང་། སི་ཁྲོན་གསེར་རྟའི་སྤྲུལ་སྐུ་ཐེག་ལོ་དང། བློ་ཐུབ་སྟོབས། བསོད་ནམས་དབང་ཕྱུག པད་འཕྲིན། ཆོས་སྐྱིད། ཨ་དགའ། མཚོ་སྔོན་དགའ་བདེའི་ཕུར་རྡོ། མཚོ་སྔོན་པདྨའི་རྒྱུད་སྡེ་སོགས་ལྟ་བུའོ། །
       བཞི། གེ་སར་འབུར་སྐུའི་རྒྱུན་འཛིན་པ། གེ་སར་འབུར་སྐུ་ཞེས་པ་ནི་གླིང་སྒྲུང་གི་ནང་དོན་གཙོ་བོར་བཟུང་སྟེ། འབུར་གཟུགས་སྒྱུ་རྩལ་གྱི་ལམ་ནས་བཞེངས་པའི་སྐུ་ལ་བྱ། དེའི་རྒྱུན་འཛིན་པ་ནི་གླིང་སྒྲུང་དང་འབྲེལ་བའི་མི་སྣའི་སྣང་བརྙན་འབུར་བརྐོས་སྒྱུ་རྩལ་ལ་བརྟེན་ནས་བཞེངས་མཁན་ལ་ཟེར། སྔོན་གྱི་གེ་སར་འབུར་སྐུ་དང་འབྲེལ་ཡོད་དཔྱད་གཞིའི་ཡིག་ཆར་གཞིགས་ན། གེ་སར་འབུར་སྐུ་ལ་“གསེར་སྐུ་དང་། ཟངས་སྐུ། འཇིམ་སྐུ། རྡོ་སྐུ། ཤིང་སྐུ། ཤིང་ཚིའི(树脂)[37]སྐུ་སོགས་”[38]རིགས་མི་འདྲ་བ་ཡོད། ད་ཡོད་ཀྱི་གེ་སར་འབུར་སྐུའི་རྒྱུན་འཛིན་པར་མཚོན་ན། སི་ཁྲོན་གསེར་རྟའི་པདྨ་སྐྱབས་དང་། མཚོ་སྔོན་པདྨའི་ཤེར་དཀར་ཐར་དང་དང་གུ་རུ། མཚོ་སྔོན་གཅིག་སྒྲིལ་གྱི་རྟ་མགྲིན་སྐྱབས་སོགས་ལྟ་བུའོ། །
       ལྔ། གེ་སར་ལྡེབས་རིས་ཀྱི་རྒྱུན་འཛིན་པ། གེ་སར་ལྡེབས་རིས་ནི་གླིང་སྒྲུང་གི་བྲིས་སྐུ་ལས་བྱུང་བ་ཞིག་ཡིན་ཞིང་། ལྡེབས་རིས་སྒྱུ་རྩལ་གྱི་ལམ་ནས་གླིང་སྒྲུང་གི་ནང་དོན་མངོན་པར་བྱེད་པ་ལ་བྱ། དེའི་རྒྱུན་འཛིན་པ་ནི་ལྡེབས་རིས་ཀྱི་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་ལ་བརྟེན་ནས་གླིང་སྒྲུང་གི་ནང་དོན་མཚོན་པར་བྱེད་མཁན་ལ་ཟེར། གེ་སར་ལྡེབས་རིས་ཀྱི་རྒྱུན་འཛིན་པ་ནི་གེ་སར་སྒྲུང་ཐང་གི་རྒྱུན་འཛིན་པའང་ཡིན་པས། ལྡེབས་རིས་ཁོ་ན་འབྲི་བཞེངས་གནང་མཁན་འདིའོ་ཞེས་མིག་སྔར་མཛུབ་མོ་བཙུགས་ནས་བསྟན་རྒྱུ་མེད་དེ། དཔེར་ན། སི་ཁྲོན་སྡེ་དགེའི་བཀྲ་ཤིས་རྡོ་རྗེ་དང་སྐལ་བཟང་དབང་འདུས། མཚོ་སྔོན་དགའ་བདེའི་བཀྲ་ཤིས་ཟླ་བ་སོགས་ཀྱིས་གེ་སར་སྒྲུང་ཐང་བཞེངས་པ་ཕུད། ད་དུང་དགོན་སྡེའི་ལྡེབས་རིས་དང་ཐང་ག་འབྲི་བཞེངས་བྱེད་པ་ལྟ་བུ་ལས་རྟོགས་ཐུབ་པ་ཡིན།
       དྲུག གེ་སར་རྡོ་བརྐོས་ཀྱི་རྒྱུན་འཛིན་པ། གེ་སར་རྡོ་བརྐོས་ནི་གླིང་སྒྲུང་ཁྲོད་ཀྱི་གེ་སར་རྒྱལ་པོས་གཙོ་བོ་བྱས་པའི་གླིང་གི་དཔའ་རྟུལ་དང་སྒྲུང་གི་ནང་དོན་རྡོ་བརྐོས་སྒྱུ་རྩལ་གྱི་ལམ་ནས་མཚོན་པར་བྱེད་པ་ལ་བྱ་ཞིང་། དེའི་རྒྱུན་འཛིན་པ་ནི་རྡོ་བརྐོས་སྒྱུ་རྩལ་ལ་བརྟེན་ནས་གླིང་སྒྲུང་གི་མི་སྣ་དང་ནང་དོན་རྐོ་མཁན་ཞིག་ལ་ཟེར། “རྐོ་འབྲི་བཟོ་རྩལ་གྱི་ལས་རིམ་ལ་རྒྱུ་ཆ་འདེམ་གསེས་དང་། གྲུབ་རིས་འབྲི་བ། རྡོ་བརྐོ་བ། ཚོན་གཏོང་བ། སྲུང་སྐྱོབ་བྱེད་པ་”[39]སོགས་ཡོད་ཅིང་། གེ་སར་རྡོ་བརྐོས་ཀྱི་བརྐོ་རྒྱུན་ནི་དགེ་སློབ་ཀྱི་རྒྱུན་དང་ཁྱིམ་རྒྱུད་ཀྱི་རྒྱུན་བཅས་གཙོ་བོར་འཛིན་མོད། རྡོའི་སྟེང་དུ་རྐོ་མཁན་གྱི་མིང་རྐོ་སྲོལ་མེད། དེའི་རྒྱུན་འཛིན་པ་དཔེར་ན། སི་ཁྲོན་གསེར་རྟའི་འཇིགས་ཆོས་དང་། བློ་བཟང་། ཨརྱ་བླ་མ། འཆི་མེད་རྡོ་རྗེ། མཚོ་སྔོན་པདྨའི་རཏྣ་ཡར་འཕེལ་སོགས་ལྟ་བུའོ། །
       བདུན། གེ་སར་བར་བཅུག་རི་མོའི་རྒྱུན་འཛིན་པ། གེ་སར་བར་བཅུག་རི་མོ་ནི་གླིང་སྒྲུང་གི་སྒྲུང་དཔེའི་བར་མཚམས་སུ་བྲིས་པའི་རི་མོ་ལ་བྱ་ཞིང་། དེས་སྒྲུང་དཔེའི་ནང་དོན་ལ་གཟུགས་རིས་ཀྱི་སྒོ་ནས་གསལ་བཤད་བྱེད་ཐུབ་ལ། སྒྲུང་དཔེའི་ནང་དོན་ཁ་གསལ་དང་གསོན་ཉམས་དོད་དུ་འགྲོ་བར་རམ་འདེགས་ཀྱི་ནུས་པ་ཐོན་གྱི་ཡོད། དེའི་རྒྱུན་འཛིན་པ་ནི་སྒྲུང་དཔེ་གང་དེའི་ནང་འཁོད་གཏམ་རྒྱུད་ཀྱི་བྱུང་རིམ་གཙོ་བོ་དང་མི་སྣ་གཙོ་བོའི་སྣང་བརྙན་དག་རི་མོའི་སྒྱུ་རྩལ་གྱི་ལམ་ནས་མཚོན་པར་བྱེད་མཁན་ལ་ཟེར། གེ་སར་བར་བཅུག་རི་མོའི་རྒྱུན་འཛིན་པ་དཔེར་ན། བོད་ལྗོངས་ཀྱི་ལྷ་རིས་པ་བསྟན་པ་རབ་བརྟན་དང་། མཚོ་སྔོན་གྱི་ལྷ་རིས་པ་གསེར་བྲག་དོན་འགྲུབ་ཚེ་བརྟན་སོགས་ལྟ་བུའོ། །
       བརྒྱད། གེ་སར་གོས་གཙག་དྲུབ་ཀྱི་རྒྱུན་འཛིན་པ། གེ་སར་གོས་གཙག་དྲུབ་ནི་གླིང་སྒྲུང་གི་བརྗོད་བྱ་ཞིག་གོས་གཙག་དྲུབ་ཀྱི་ལག་རྩལ་ལ་བརྟེན་ནས་མངོན་པར་བྱེད་པ་ལ་བྱ་ཞིང་། དེའི་རྒྱུན་འཛིན་པས་ཀྱང་གླིང་སྒྲུང་དང་འབྲེལ་བའི་རི་མོའི་མ་དཔེ་ཞིག་གཞིར་བྱས། གོས་གཙག་དྲུབ་ཀྱི་ལག་རྩལ་ལ་བརྟེན་ནས་འབྲེལ་ཡོད་ནང་དོན་མཚོན་པར་བྱེད། དེའི་“ཉེར་སྤྱད་ལ་གོས་སྣ་དང་། ཤོག་བུ། བག་སྤྱིན། ཁེ་གྲི། དབུར་ཏི། ཁབ་སྐུད། པིར་སྨྱུག གཞན་ཐིག་ཤིང་སོགས་”[40]དགོས་པ་ཡིན། དེའི་རྒྱུན་འཛིན་པ་དཔེར་ན། ཀོས་ནན་རྫོང་རིན་ཆེན་བོད་ཀྱི་རིག་གནས་སྒྱུ་རྩལ་དར་སྤེལ་ཚད་ཡོད་འགན་འཁྲི་ཀུང་སིའི་ཐོན་རྫས«གླིང་གི་དཔའ་རྟུལ་སུམ་ཅུ»ཡི་གཙག་དྲུབ་གོས་ཐང་གསར་བཞེངས་བྱེད་མཁན་སོགས་ལྟ་བུའོ། །
       དགུ། གེ་སར་ཤིང་དཔར་གྱི་རྒྱུན་འཛིན་པ། གེ་སར་ཤིང་དཔར་ནི་གླིང་སྒྲུང་གི་ནང་དོན་དང་མི་སྣའི་སྣང་བརྙན་ཁག་རི་མོ་བརྐོ་བཟོའི་ལག་རྩལ་ལ་བརྟེན་ནས་ཤིང་གི་སྟེང་དུ་བརྐོ་བ་ལ་བྱ་ཞིང་། དེའི་རྒྱུན་འཛིན་པ་ནི་གླིང་སྒྲུང་དང་འབྲེལ་བའི་ནང་དོན་དང་རི་མོ་སོགས་ཤིང་དཔར་དུ་བརྐོ་བཟོ་བྱེད་མཁན་ལ་ཟེར། དེ་ཡང་“ཉེར་སྤྱད་ནི། གཟེག་གྲི་དང་། བརྐོ་གྲི། གསོར་འབིག……སོག་ལེ་བཅས་ནི་གཙོ་བོ་ཡིན། བརྐོ་རིམ་ནི། ཐོག་མར་གསོམ་ཤིང་ལན་གྱིས་འཇམ་པོར་བྱས་པ་ལ་ཞ་སྨྱུག་གིས་འབྲི་བའམ་ཚགས་དཔར་བཏབ་པའི་རི་མོ་ལྟར་གསོར་འབུག་དང་སོག་ལེས་དྲ། དེ་ནས་རྐོ་གྲི་བླངས་ཏེ་བརྐོ་བ་”[41]ཞེས་པ་ལྟར་དང་། སྔར་ཡོད་ཀྱི་ཤིང་དཔར་ལྟར་ན། གེ་སར་རྒྱལ་པོའི་ཤིང་དཔར་དང་གེ་སར་རླུང་རྟའི་ཤིང་དཔར་སོགས་ཡོད།
མཇུག་བསྡུའི་གཏམ།
       གླིང་སྒྲུང་རིག་གནས་རྒྱུན་འཛིན་པ་ནི་རིག་གནས་འདི་ཉིད་ཀྱི་གསར་གཏོད་དང་། རྒྱུན་འཛིན། དར་སྤེལ་བཅས་བྱེད་མཁན་ཡིན་ཞིང། གེ་སར་རིག་པའི་ཞིབ་འཇུག་པ་མང་པོས་བསྔགས་པ་བཞིན་«གླིང་སྒྲུང་»ནི་བཤད་ནས་ཚར་རྒྱུ་མེད་པ་དང་། བླངས་ནས་རྫོགས་རྒྱུ་མེད་པ། བྲིས་ནས་ཚར་རྒྱུ་མེད་པ། བརྐོས་ནས་ཚར་རྒྱུ་མེད་པ་ཞིག་ཡིན་པས། རིག་གནས་འདི་ཉིད་ཀྱི་རྒྱུན་འཛིན་པ་རིམ་བྱོན་རྣམས་ནས་རང་རང་སོ་སོའི་ཐུན་མོང་མ་ཡིན་པའི་ལག་རྩལ་བརྟེན་ནས་ཉམས་པ་སླར་གསོ་དང་མི་ཉམས་གོང་སྤེལ་གྱི་སླད་དུ་བྱས་རྗེས་བླ་ན་མེད་པ་བཞག་དང་འཇོག་བཞིན་ཡོད། དེ་ཡང་“ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་གསར་སྐྲུན་རང་བཞིན་གྱི་འཕོ་འགྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་གཏོང་བའང་”[42]ཡིན་པས། རྒྱུན་འཛིན་པ་དེ་རིགས་ལ་དོ་སྣང་དང་ཞིབ་འཇུག་བྱ་རྒྱུ་ནི་གལ་ཆེ་བར་བསམས། གོང་དུ་ཁོ་བོས་རྒྱུན་འཛིན་པ་དེ་རིགས་གླིང་སྒྲུང་རིག་གནས་རྒྱུན་འཛིན་པའི་གྲས་སུ་བཞག་སྟེ་ཐོག་མའི་ཞིབ་འཇུག་བྱ་ཁུལ་ཡིན་མོད། འདིའི་ཐད་མ་འདང་བ་དང་ནོར་འཁྲུལ་གྱི་ཆ་ངེས་པར་ཡོད་སྲིད་པས། ཞིབ་འཇུག་གི་འཇུག་པ་ཡངས་པའི་ཆེད་མཁས་པ་རྣམ་པས་མཛུབ་སྟོན་དང་ནོར་བཅོས་ཡོད་པར་ཞུའོ། །

མཆན་འགྲེལ་དང་ལུང་འདྲེན་དཔྱད་ཡིག
[1] 中共中央办公厅 国务院办公厅印发《关于进一步加强非物质文化遗产保护工作的意见》[DB/OL],中华人民共和国中央人民政府
[2] 《再赴内蒙古考察,这些话题习近平总书记十分关切》,人民网
[3][法]石泰安著,耿昇译,陈庆英校订:《西藏史诗和说唱艺人》,中国藏学出版社,2012年。
[4] 杨恩洪:《民间诗神——格萨尔艺人研究》(增订本),中国社会科学出版社,2017年。
[5]
 གཅོད་པ་དོན་གྲུབ། «བོད་ཡུལ་གྱི་གེ་སར་སྒྲུང་པའི་རྟོག་དཔྱོད་དང་ཞིབ་འཇུག་»བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༣ལོ།
[6] «མཁས་མཆོག་དུང་དཀར་བློ་བཟང་འཕྲིན་ལས་ཀྱི་གསུང་འབུམ་»མི་རིགས་དཔེ་སྐྲུན་ཁང་། ༢༠༠༤ལོ།
[7] 徐国琼:《〈格萨尔〉考察纪实》,云南人民出版社、云南大学出版社,2013年。
[8] 降边嘉措:《〈格萨尔〉初探》,青海人民出版社,1986年。
[9] 索穷:《〈格萨尔王传〉及其说唱艺人》,西藏人民出版社,2003年。
[10] 王兴先:《格萨尔研究论文集》,中国藏学出版社,2013年。
[11] 索次:《藏族说唱艺术》,西藏人民出版社,2006年。
[12] 诺布旺丹:《诗性智慧与智态化叙事传统:格萨尔传承类型的再发现》,青海民族出版社,2018年。
[13] 
རྒྱང་འཁོར་ཚེ་ཕུན། «སྒྲུང་མཁན་བསམ་གྲུབ་ཀྱིས་ཕབ་པའི་གླིང་སྒྲུང་དཔེ་ཚོགས་སྐོར་གྱི་ཞིབ་འཇུག་»བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༣ལོ།
[14] 丹珍草:《格萨尔史诗当代传承实践及其文化表征》,中国社会科学出版社,2019年。
[15] 李连荣:《格萨尔学刍论》,中国藏学出版社,2008年。
[16]
འཇམ་དབྱངས་ཆོས་སྒྲོན། «སྡེ་དགེའི་གེ་སར་རིག་གནས་ཞིབ་འཇུག་»མི་རིགས་དཔེ་སྐྲུན་ཁང་། ༢༠༡༩ལོ།
[17] 央吉卓玛:《格萨尔王传史诗歌手研究——基于青海玉树地区史诗歌手的田野调查》,中国社会科学出版社,2015年。
[18]
སྲིད་གྲོས་ནག་ཆུ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་ལོ་རྒྱུས་རིག་གནས་གཞུང་ལས་ཁང་གིས་བསྒྲིགས། «ནག་ཆུའི་རྒྱལ་ཁབ་རིམ་པ་དང་ལྗོངས་རིམ་པའི་གེ་སར་སྒྲུང་པའི་ངག་བརྗོད་ལོ་རྒྱུས།»སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༢༡ལོ།
[19] 曹娅丽:《〈格萨尔〉遗产的戏剧人类学研究——以青海果洛地区藏族格萨尔戏剧演述形态为例》,民族出版社,2013年。
[20] 甘孜县格萨尔文化精准扶贫百村产业基地建设项目办公室编:《格萨尔文化在甘孜》,敦煌文艺出版社,2019年。
[21] 才让卓玛:《班玛地区格萨尔文化概览》,甘肃民族出版社,2014年。
[22] 曹娅丽.《〈格萨尔〉遗产的戏剧人类学研究——以青海果洛地区藏族格萨尔戏剧演述形态为例》,民族出版社,2013年,第11-12页。
[23] 保护非物质文化遗产公约(2003)[DB/OL]。中国非物质文化遗产网•中国非物质文化遗产数字博物馆
[24] 保护和促进文化表现形式多样性公约(2005)[DB/OL]。中国非物质文化遗产网·中国非物质文化遗产数字博物馆
[25] 丹珍草:《格萨尔史诗当地传承实践及其文化表征》,中国社会科学出版社,2019:前言、第4页。
[26]
རྒྱང་འཁོར་ཚེ་ཕུན། «ལྷ་ས་ཁུལ་གྱི་གླིང་སྒྲུང་དང་འབྲེལ་བའི་གཟུགས་སུ་གྲུབ་པའི་རིག་གནས་ཤུལ་བཞག་གི་སྐོར་རགས་ཙམ་གླེང་བ་»ཞེས་པ་ནི་«བོད་ལྗོངས་ཞིབ་འཇུག་»༢༠༢༢ལོའི་བོད་ཡིག་དུས་དེབ་དང་པོའི་ཤ་༢༨ན་གསལ།
[27] 中华人民共和国非物质文化遗产法[DB/OL]。中华人民共和国文化和旅游部
[28] 国家级非物质文化遗产代表性传承人认定与管理办法[DB/OL]。中国非物质文化遗产网 · 中国非物质文化遗产数字博物馆
[29] 关于印发《青海省非物质文化遗产代表性传承人认定与管理办法》的通知[DB/OL]。青海省文化和旅游厅
[30] 天津大学冯骥才文学艺术研究院:“传承人‘释义’研讨会” [DB/OL]。
[31] 刘魁立:《非物质文化遗产保护的回望与思考》载于《中国非物质文化遗产》,2020年第1期,第37页。
[32] 黄小娟:《浅析非物质文化遗产传承人的概念》载于«学理论»,2012年第23期,第104-105页。
[33] 降边嘉措:《〈格萨尔〉初探》,青海人民出版社,1986年,第71页。
[34] 杨恩洪:《民间诗神——格萨尔艺人研究》(增订本),中国社会科学出版社,2017年,第55页。
[35]
གཅོད་པ་དོན་གྲུབ། «བོད་ཡུལ་གྱི་གེ་སར་སྒྲུང་པའི་རྟོག་དཔྱོད་དང་ཞིབ་འཇུག་»བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༣ལོ། ཤ་༡༤ན་གསལ།
[36] དབང་ཆེན་ཚེ་རིང་། «གེ་སར་ཟློས་གར་གྱི་ཁྱད་ཆོས་དང་རིན་ཐང་སྐོར་གླེང་བ་»ཞེས་པ་ནི་«བོད་ལྗོངས་སྒྱུ་རྩལ་ཞིབ་འཇུག»༢༠༡༨ལོའི་བོད་ཡིག་དུས་དེབ་གཉིས་པར་འཁོད། ཤ་༤༨ན་གསལ།
[37] ཤིང་ཚི་ནི་སྤོས་འགྱིག་གི་རྒྱུ་ཆ་ལས་གྲུབ་པའི་འདྲེས་སྦྱོར་དངོས་རྫས་འདུས་རྡུལ་དག་མའི་སྤྱི་མིང་ཡིན།
[38] དབང་ཆེན་ཚེ་རིང་། «གེ་སར་འབུར་སྐུའི་སྐོར་རགས་ཙམ་གླེང་བ།»ཞེས་པ་ནི་«བོད་ལྗོངས་ཞིབ་འཇུག»༢༠༡༦ལོའི་བོད་ཡིག་དུས་དེབ་བཞི་པར་འཁོད། ཤ་༡༡༥ན་གསལ།
[39] 丹珍草:《格萨尔史诗当代传承实践及其文化表征》,中国社会科学出版社,2019年,第4页。
[40][41]
བརྩོན་འགྲུས་རབ་རྒྱས། རྡོ་རྗེ་རིན་ཆེན། «བོད་ཀྱི་རི་མོ་སྤྱིའི་རྣམ་བཞག་བློ་གསལ་འཇུག་སྒོ་»མི་རིགས་དཔེ་སྐྲུན་ཁང་། ༢༠༠༡ལོ། ༤༣༤ ༤༢༥ནས་༤༢༦བཅས་ན་གསལ།
[42] 推动中华优秀传统文化创造性转化创新性发展[DB/OL]。中国非物质文化遗产网·中国非物质文化遗产数字博物馆

རྩོམ་པ་པོ་ངོ་སྤྲོད།
       དབང་ཆེན་ཚེ་རིང་། སྨྱུག་མིང་ལ་ཆབ་འགག་ཇོ་རུ། མདོ་སྨད་ཆབ་འགག་ཡུལ་དུ་སྐྱེས། ད་ལྟ་མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་གེ་སར་སྒྲུང་སྲུང་སྐྱོབ་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པ་ཆེ་མོ་གཞོན་པ་དང་། མཚོ་སྔོན་ཞིང་ཆེན་ན་གཞོན་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱུན་ལས་ཨུ་ཡོན་ནམ་སྤྱི་ཚོགས་ཚན་རིག་ཁག་གི་ཀྲུའུ་རིན་གཞོན་པ། ཀྲུང་གོ་དམངས་ཁྲོད་རིག་རྩལ་པའི་མཐུན་ཚོགས་དང། ཀྲུང་གོའི་གཞས་མ་གཏམ་སྒྱུ་རྩལ་པའི་མཐུན་ཚོགས། ཀྲུང་གོ་དམངས་སྲོལ་སློབ་ཚོགས། ཀྲུང་གོའི་གྲངས་ཉུང་མི་རིགས་རྩོམ་རིག་སློབ་ཚོགས་སོགས་རིག་གཞུང་ཚོགས་པ15ཡི་ཚོགས་མི་དང་མཚོ་སྔོན་ཞིང་ཆེན་དཔེ་སྐྲུན་གསལ་འབྱེད་ཆེད་མཁས་མཛོད་ཀྱི་ཆེད་མཁས་པ་སོགས་ཀྱི་འགན་ཁུར་ཡོད། ཀྲུང་གོའི་མི་རིགས་ཚགས་པར་སོགས་གསར་འགྱུར་སྨྱན་བྱད་ལས་ཁུངས3གསུམ་གྱི་གདན་ཞུ་གསར་འགོད་པ་ཡིན། ད་ལྟའི་བར་དུ་ལས་གཞི21ལ་མགོ་འཛིན་དང་རོགས་སྒྲུབ་ཞིབ་འཇུག་བྱས་ཤིང་། རྒྱབ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་ལས་གཞི4དང་། རྒྱལ་ཁབ་རིམ་པའི་གེ་སར་རིག་གནས(མགོ་ལོག)སྐྱེ་ཁམས་སྲུང་སྐྱོབ་ཁུལ་གྱི་ལས་གཞི2། རང་འདེམ་ལས་གཞི3བཅས་ལ་མགོ་འཛིན་བྱས། རྒྱབ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་ལས་གཞི་ཆེན་མོ་སོགས་རྒྱལ་ཁབ་རིམ་པའི་ལས་གཞི12ལ་རོགས་སྒྲུབ་ཞིབ་འཇུག་བྱས། བོད་རྒྱ་ཡིག་རིགས་གཉིས་ཀྱི་རིག་གཞུང་དཔྱད་རྩོམ57སྤེལ་བ་དང་། རིག་གཞུང་ཆེད་དེབ3དང་སྒྲུང་དཔེ་ལེགས་སྒྲིག11 སྒྲིག་སྒྱུར་དེབ2བཅས་པར་བསྐྲུན་བྱས། ཞིབ་འཇུག་གི་གྲུབ་འབྲས་སོགས་ལ་རིམ་པ་མི་འདྲ་བའི་བྱ་དགའ27ཐོབ་མྱོང་། སྔ་གཞུག་ཏུ་ཞིང་ཆེན་རིམ་པ་ཡན་གྱི་གསར་འགྱུར་སྨྱན་བྱད་སྟེང་གསར་འགྱུར་དང་རྩོམ་ཐུང110སྤེལ་པ་དང་། ཀྲུང་གོའི་གེ་སར་ཞིབ་འཇུག་དྲ་བ་དང་། གེ་སར་རིག་གནས་རྒྱུན་འཛིན་པའི་རིག་མཛོད། གེ་སར་གྲངས་འཛིན་འཕྲིན་སྟེགས་སོགས་གསར་གཏོད་བྱས། ཐེངས50ལྷག་ལ་ཡུལ་དངོས་བརྟག་དཔྱད་དུ་སོང་། ཐེངས45ལྷག་ལ་རིག་གཞུང་ཚོགས་འདུར་ཞུགས། ཐེངས20ལྷག་ལ་གསོ་སྦྱོང་འཛིན་གྲྭར་ཞུགས། སྔ་རྗེས་སུ་མཚོ་སྔོན་ཞིང་ཆེན་མཐོ་རྩེའི་གསར་གཏོད་འཇོན་མི་སྟོང་གི་འཆར་གཞིའི་རྩེར་སོན་མི་སྣ་དང་། མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ཆེད་མཁས་སྐོར་བཞིའི་ཕུལ་བྱུང་ཤེས་ལྡན་མི་སྣ། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཕུལ་བྱུང་ཆེད་ལས་ལག་རྩལ་ཤེས་ལྡན་པ། མཚོ་སྔོན་ཞིང་ཆེན་གྱི་ཁུ་ནུ་འཇོན་མི་མཐོ་རྩེའི་གསར་གཏོད་དང་ལས་གཏོད་འཇོན་མིའི་སྣེ་ཁྲིད་ཤེས་ལྡན་མི་སྣ། ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡི་བསམ་བློ་རིག་གནས་དྲིལ་བསྒྲགས་ཀྱི་ན་གཞོན་འཇོན་མི། མཚོ་སྔོན་ཞིང་ཆེན་གྱི་བསམ་བློ་རིག་གནས་དྲིལ་བསྒྲགས་ལས་དོན་གྱི་སྔོན་ཐོན་མི་སྒེར་སོགས་ལ་བདམས་ཡོད།
 
རྩོམ་ཁུངས། ༢༠༢༣ལོའི«བོད་ལྗོངས་ཞིབ་འཇུག»དེབ་བཞི་བ།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།