དབུས་གཙང་ཕྱོགས་ཀྱི་གནས་ཚུལ་སྤྱིར་བཤད་པ།
དེ་ཡང་ཕག་མོ་གྲུ་པས་སྤྱི་ལོ༡༣༥༧ལ་རང་གི་སྲིད་དབང་བཙུགས་རྗེས་ལོ་ངོ་ཉིས་བརྒྱར་ཉེ་བའི་རིང་དབུས་གཙང་གཙོས་པའི་ཆོལ་གསུམ་བོད་ཡོངས་ལ་སྲིད་ཀྱི་ཁ་ལོ་བསྒྱུར་བར་བྱས་ཤིང་། སྐབས་དེའི་བོད་ཀྱི་སྤྱི་ཚོགས་ནི་བཀས་བཀོད་རྒྱུད་འཛིན་གྱི་དུས་སྐབས་ཡིན་ལ། ཆབ་སྲིད་ནི་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་ཁོ་ན་སྤེལ་ཏེ་ཕག་གྲུའི་དབང་སྒྱུར་པ་རྣམས་ཀྱིས་བོད་ཀྱི་ཆོས་སྲིད་རིག་གནས་དང་དཔལ་འབྱོར་བཅས་ཀྱི་ཐད་ལ་འཕེལ་རྒྱས་ཡོང་ཐབས་ཀྱི་མཛད་འཕྲིན་མང་པོ་བསྐྱངས་པས། དེའི་སྐབས་ལ་བོད་ཀྱི་སྲིད་འབྱོར་རིག་གསུམ་འཕེལ་རྒྱས་ཆེན་པོ་ཕྱིན་པ་དང་སྒོས་སུ་ཆོས་ལུགས་ཐད་གྲུབ་མཐའ་རིས་མེད་གནང་བས་སྔར་ཡོད་ས་སྐྱ་པ་དང་བཀའ་བརྒྱུད་པ་ཕུད། མཉམ་མེད་ཙོང་ཁ་པ་ཆེན་པོར་རྒྱལ་སྐྱོར་མཐིལ་ཕྱིན་བསྒྲུབས་པར་བརྟེན་རི་བོ་དགེ་ལྡན་པའི་རིང་ལུགས་ཆེས་ཆེར་དར་ཏེ་དགེ་ལུགས་པའི་གྲུབ་མཐའ་གསར་དུ་སྲོལ་བཏོད་པ་བྱུང་། སྐབས་དེར་བོད་ཀྱི་ལོ་རྒྱུས་སྟེང་སྐད་གྲགས་ཅན་གྱི་བླ་མ་དང་མཁས་པ་མང་པོ་བྱུང་སྟེ། རང་རང་སོ་སོས་དགོན་སྡེ་འདེབས་པ་དང་ཆོས་རྒྱུན་སྤེལ་བ། བུ་སློབ་སྐྱོང་བ་དང་གསུང་རྩོམ་དང་སྐུ་གསུང་ཐུགས་རྟེན་བཞེངས་པ་སོགས་མཛད་ཅིང་། མ་ཟད་དེ་དག་གིས་ཏྰ་མིང་རྒྱལ་རབས་དང་ཆབ་སྲིད་ཐད་རྒྱབ་རྟེན་དང་ཆོས་ལུགས་ཐད་མཆོད་ཡོན་དུ་འབྲེལ་ཏེ་བོད་རྒྱ་མི་རིགས་གཉིས་དང་དབང་སྒྱུར་གྲལ་རིམ་བར་འབྲེལ་འདྲིས་འཛུགས་བྱེད་ཀྱི་མཐུན་རྐྱེན་དུ་གྲུབ་པས། ལམ་ལུགས་དེ་དེའི་ཕྱིས་བར་མུ་མཐུད་དུ་རྒྱུད་འཛིན་དང་དར་སྤེལ་བྱས་ཏེ་བོད་རྒྱ་དང་བོད་སོག་མི་རིགས་བར་ཆོས་དང་རིག་གནས་དར་རེས་བྱུང་བ་ལགས། བླ་དཔོན་དེ་དག་ལས་གོང་སྨྲས་ཕག་གྲུའི་སྡེ་སྲིད་རིམ་བྱོན་ལ་ཆོ་ལོ་དང་འཇའ་ས་གནང་བ་ཕུད། ད་དུང་བླ་མ་མང་པོར་ཡང་ཆོ་ལོ་དང་ཐམ་ག་སོགས་སྤྲད་དེ་བོད་མདོ་དབུས་ཁམས་གསུམ་ལ་ཆེ་རྒུར་འགྱིང་བའི་བླ་སྤྲུལ་གང་མང་བྱོན། བླ་དཔོན་དེ་དག་གིས་ཀྱང་བོད་ཀྱི་ཆོས་སྲིད་རིག་གནས་ལའང་མཛད་རྗེས་ཆེན་པོ་བཞག་ཡོད་པ་ལགས་པས་མཚོན་ཙམ་བརྗོད་ན། དེའང་སྔོན་དུ་གླེང་བ་བཞིན་དུ་བོད་ཀྱི་ཆོས་ལུགས་གྲུབ་མཐའ་ཁག་ལས་ས་སྐྱ་པ་ནི་ཡོན་གོང་མའི་རྒྱབ་སྐྱོར་དང་བཀུར་གཟོས་ཐོབ་པར་བརྟེན་སྟོབས་ཤུགས་ཇེ་ཆེར་སོང་སྟེ་མཐར་བོད་ཡོངས་ཀྱི་སྲིད་དབང་གི་བདག་པོར་གྱུར་ཅིང་། མིང་རྒྱལ་རབས་སྐབས་སུ་ཕག་མོ་གྲུ་པ་གཙོས་པའི་བཀའ་བརྒྱུད་པའི་གྲུབ་མཐའ་སྟོབས་ཤུགས་ཆེ་བས་བོད་ཀྱི་སྲིད་དབང་བཟུང་བར་གྱུར། ཡང་ཀུན་གྱིས་མཁྱེན་གསལ་ལྟར་བཀའ་བརྒྱུད་པ་ལའང་ནང་གསེས་སུ་ཆེ་བཞི་ཆུང་བརྒྱད་བྱ་བའི་ལུགས་མང་པོ་ཡོད་ལ།
དེའི་ནང་ནས་ཆོས་ཕྱོགས་སུ་སྟོབས་ཤུགས་ཆེ་ཤོས་ནི་ཀརྨ་བཀའ་བརྒྱུད་པ་ཡིན་ལ། ཀརྨ་བཀའ་བརྒྱུད་ཀྱི་བླ་རྒྱུད་ཆེ་བ་གྲགས་ཅན་ནི་ཞྭ་དམར་ནག་གཉིས་སུ་འབོད་པའི་རྒྱུད་པ་ཁག་གཉིས་ཡིན་ཏེ།
སྤྱིར་ཀརྨ་བཀའ་བརྒྱུད་ནི་མཉམ་མེད་དྭགས་པོ་ལྷ་རྗེ་བསོད་ནམས་རིན་ཆེན་གྱི་སློབ་མ་་ཀརྨ་པ་དུས་གསུམ་མཁྱེན་པའམ་ཁམས་པ་དབུས་སེ་ཞེས་གྲགས་པ་ལས་བྱུང་ཞིང་། ཁོང་དགུང་ལོ་ཆུང་དུས་ནས་བླ་མ་མང་པོ་བསྟེན་ནས་ཆོས་གསན་ཅིང་། དགུང་ལོ་བཅུ་དགུའི་སྟེང་དབུས་སུ་བྱོན་ནས་སྟོད་ལུང་རྒྱ་དམར་བ་དང་ཕྱྭ་བ་ཆོས་ཀྱི་སེང་གེ་སོགས་སློབ་དཔོན་མང་པོ་བསྟེན་ནས་མཁས་པ་གྱུར། ཕྱིས་སུ་ཁམས་ཀྱི་ཀརྨ་ལྷ་སྟེང་གི་དགོན་པ་བཏབ་ནས་གནས་གཞི་བཟུང་བས་དེའི་བརྒྱུད་པ་ལ་ཀརྨ་པ་ཞེས་ཐོགས་ཤིང་། དེ་ནས་དབུས་སྟོད་ལུང་གི་མཚུར་ཕུར་ཡང་དགོན་པ་བཏབ་སྟེ་གནས་གཞི་ཆགས། འདི་པའི་སྐྱེ་བར་ངོས་བཟུང་བ་ཀརྨ་པཀྵི་སྟེ་སློབ་དཔོན་གྱི་གོ་གནས་དང་ལས་ཀའི་དབུ་ཞྭ་མདོག་ནག་པོ་གསེར་མདོངས་ཅན་ཞིག་ཕུལ་བ་ནས་བཟུང་དེ་ཕྱིན་གྱི་སྐྱེ་བརྒྱུད་རྣམས་ལ་ཀརྨ་ཞྭ་ནག་པ་ཞེས་གྲགས་པ་ཡིན་ནོ།། ཞྭ་ནག་པའི་སྐུ་ཕྲེང་དང་པོ་དུས་གསུམ་མཁྱེན་པ་དང་གཉིས་པ་ཆོས་ཀྱི་བླ་མ། གསུམ་པ་རང་བྱུང་རྡོ་རྗེ། བཞི་བ་རོལ་བའི་རྡོ་རྗེ། ལྔ་བ་དེ་བཞིན་གཤེགས་པ། དྲུག་པ་མཐོང་བ་དོན་ལྡན། བདུན་པ་ཆོས་གྲགས་རྒྱ་མཚོ། བརྒྱད་པ་མི་བསྐྱོད་རྡོ་རྗེ། དགུ་བ་དབང་ཕྱུག་རྡོ་རྗེ། བཅུ་བ་ཆོས་དབྱིངས་རྡོ་རྗེ། བཅུ་གཅིག་པ་ཡེ་ཤེས་རྡོ་རྗེ། བཅུ་གཉིས་པ་བྱང་ཆུབ་རྡོ་རྗེ། བཅུ་གསུམ་པ་བདུད་འདུལ་གྲགས་པ་རྡོ་རྗེ། བཅུ་བཞི་བ་ཐེག་མཆོག་རྡོ་རྗེ། བཅོ་ལྔ་བ་མཁའ་ཁྱབ་རྡོ་རྗེ། བཅུ་དྲུག་པ་རང་བྱུང་རིག་པའི་རྡོ་རྗེ་དང་། དེའི་ཡང་སྲིད་རབ་གནས་ཆུ་སྤྲེལ་ལོར་གདན་སར་བཀོད་མ་ཐག་པ་རྒྱལ་བ་ཀརྨ་པ་སྐུ་ཕྲེང་བཅུ་བདུན་ལ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་འདི་པའི་བར་ཞྭ་ནག་སྐུ་སྐྱེ་ཟམ་ཆད་པར་བྱོན་པ་འདིའོ།། ལས་ཞྭ་དམར་བའི་བརྒྱུད་པ་ནི《ཐུའུ་བཀྭན་གྲུབ་མཐའ》སོགས་སུ་རྗེ་བཙུན་ཏི་ལླི་པའི་སློབ་མ་ཁོལ་པོ་དགའ་ཞེས་པ་ནས་རིམ་པར་ཚུལ་ཁྲིམས་དཔལ་བྱ་བའི་བར་བརྒྱུད་ཚུལ་བཅས་བཀོད་འདུག་ནའང་། ཡོངས་གྲགས་སུ་ཞྭ་དམར་བའི་སྐྱེ་ངོས་འཛིན་ནི་རྗེ་ཀརྨ་རང་བྱུང་རྡོ་རྗེའི
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com