བྲག་དཀར་རྫོང་ཁོངས་ཀྱི་བཙུན་མོ་དམར་ཡག་མ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2018-05-31 09:30:00 ཀློག་གྲངས།:
      བཙུན་མོ་དམར་ཡག་མ་ཞེས་པ་འདི་ནི་བྲག་དམར་བོ་ཁེར་སྐྱེས་ཤིག་གི་མིང་ཡིན་ཏེ། འདིའི་ངོས་གཅིག་དམར་ཤས་ཆེ་ཞིང་ངོས་གཅིག་ལ་རྩི་ཤིང་གིས་ཁྱབ་ཡོད་ཅིང་། རྩི་གོར་ཐང་གྲོང་རྡལ་སྲིད་གཞུང་གི་ནུབ་ཕྱོགས་སུ་སྤྱི་ལེ20ཙམ་གྱི་མཚམས་ཏེ། སྤྲེལ་རྫོང་དགོན་པའི་རྒྱབ་རིའི་ཉེ་ཕྱོགས་སམ་བཙུན་མོ་ལུང་བའི་སྟོད་རྒྱུད་དུ་ཡོད། ངག་རྒྱུན་ལ། བྲག་དཀར་སྤྲེལ་རྫོང་གི་གནས་བདག་ཞིང་སྐྱོང་གཉན་སྤྲེལ་ཟླ་བ་ཆེན་མོར་བཙུན་མོ་ཡག་མ་ཞིག་ཡོད་པ་ནི། དཔལ་ཁའི་ཨ་མྱེས་བ་ཡན་གྱིས་ཁྲིད་སོང་བ་ལ་གནས་བདག་ར་མདར་རྒྱུགས་ནས། ད་ལྟའི་བཙུན་མོ་ལུང་བའི་ནང་རྗེས་བཅད་ཅིང་། བཙུན་མོའི་མགོའི་གཞོགས་གཅིག་གི་ཅོ་ཏོ་བཞར་བ་རེད། དེང་སང་བྲག་དེའི་ངོས་གཅིག་གཟར་ཞིང་དམར་བ་ནི། སྐབས་དེར་གནས་བདག་གིས་གྲིས་བཞར་བའི་ཤུལ་ཡིན་པར་གྲགས་ཤིང་། ངོས་གཅིག་ཤིང་ནགས་ཡིན་པ་ནི། བཙུན་མོའི་མགོ་ཕྱེད་ཀྱི་ཅོ་ཏོའི་མཚོན་བྱེད་ཡིན་པར་བཤད།  དེ་ནས་བཟུང་། ཁོ་མོ་ལུང་བ་དེ་རུ་ལུས་སོང་བས་ན་ལུང་བ་དེའི་མིང་ལའང་བཙུན་མོ་ལུང་བ་ཞེས་ཐོགས་པར་གྲགས་སོ། །
      གཞན་ཡང་། བྲག་དཀར་སྤྲེལ་རྫོང་ཉེ་ལོགས་ཀྱི་རི་དམིགས་བརྩེ་མས་མཚོན་པའི་བར་དེའི་རི་ཚོགས་རྣམས་ནི། གནས་བདག་ཞིང་སྐྱོང་གཉན་སྤྲེལ་ཟླ་བ་ཆེན་མོའི་དམག་ཡིན་པར་བཤད་པ་དང་། དཔལ་ཁའི་རྫ་བརྒྱུད་ཀྱི་རི་ཚོགས་ནི། དཔལ་ཁའི་ཨ་མྱེས་བ་ཡན་གྱི་དམག་ཡིན་པར་གྲགས་ཤིང་། ཕྱོགས་གཉིས་ཀྱི་དམག་གིས་ལག་བསྲེས་ལ་ཉེ་བའི་དུས་སུ། ཧང་ངའི་ཨ་མྱེས་རི་རྒན་གྱིས་བར་འདུམ་བྱས་ནས་འཁྲུག་འཛིང་མེད་པ་བྱས་པར་གྲགས་སོ། །


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།