ཁྲི་ཀ་དང་། སྟོང་སྐོར། ཧོང་ཀྲུང་བཅས་རྫོང་ཁག་གསུམ་གྱི་མཚམས་ན་ཡོད་པའི་དགོ་མང་ལ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2018-05-29 09:39:00 ཀློག་གྲངས།:

     ལ་འདི་ནི་ཀ་རིང་ཡུལ་ཚོའི་བྱང་མཐའ་ན་ཡོད་པ་སྟེ། ཁྲི་ཀ་དང་། སྟོང་སྐོར། ཧོང་ཀྲུང་བཅས་རྫོང་ཁག་གསུམ་གྱི་ས་མཚམས་སུ་ཡོད་ལ། རྨ་ཆུ་དང་ཙོང་ཆུ་གཉི་གའི་དབྱེ་མཚམས་འབྱེད་བྱེད་ཀྱི་ལ་མཐོན་པོ་ཞིག་ཀྱང་ཡིན།  འདིའི་མཐོ་ཚད་ལ་མཚོ་ངོས་ལས་སྨི4524ཡོད། གནའ་ནས་བཟུང་ལ་འདི་ནི་འགྲུལ་ལམ་གཙོ་བོ་ཞིག་ཡིན་པར་གྲགས་ཤིང་། ལ་འདིའི་ལ་རྐེད་དུ་ཟི་ལིང་ནས་མགོ་ལོག་གཅིག་སྒྲིལ་རྫོང་བར་གྱི་གཞུང་ལམ་བརྒྱུད་སའི་ཕུག་ལམ་སྟེ་དགོ་མང་ལ་ཕུག་ལམ་ཞེས་པ་ཡོད།
     ཡུལ་འདི་གའི་རྒན་པོ་རྣམས་ཀྱི་ངག་སྒྲོས་སུ། ལ་འདི་ལ་དགོ་མང་ལ་དང་། ལ་ལྗིད་ཉག་ཁ། ལ་དགྱེ་ཉག་ཁ་བཅས་མིང་གི་འབོད་ཚུལ་གསུམ་ཡོད་པར་གྲགས་ཏེ། ཕལ་ཆེ་བས་དགོ་མང་ལ་ཞེས་འབོད་པ་ཡིན་ནོ་ཟེར། སྔོན་དུས་ལ་འདིའི་ལ་ངོས་ནི་ནམ་རྒྱུན་རི་དྭགས་དགོ་བ་མང་པོ་འཁོར་ས་ཞིག་ཡིན་པས་མིང་ཡང་དགོ་མང་ལ་རུ་ཐོགས་པར་བཤད། ཡང་ཁ་ཅིག་གིས། འདི་ལ་ལ་ལྗིད་ཉག་ཁའམ་ལ་དགྱེ་ཉག་ཁའང་ཟེར་རོ་ཞེས་ཀྱང་བཤད་དེ། དེ་ཡང་འདིར་ལ་ལྕིའམ་ལ་ལྗིད་ཉག་ཁ་རུ་ཐོགས་དོན་ནི། ལ་འདིའི་བྱང་ངོས་ཀྱི་ལ་རྟིང་ནས་ལ་མགོའི་ཉག་ཁའི་བར་གྱི་ལ་ངོས་ནི་ཧ་ཅང་ལྕི་བའམ་ལྗིད་པ་སྟེ། ལ་ཐག་ཤིན་ཏུ་རིང་བས་ན་ལ་འདིའི་ཉག་ཁའི་མིང་ལའང་དེ་སྐད་དུ་ཐོགས་པ་ཡིན། ཡང་ལ་འདིའི་ལྷོ་ངོས་ནས་ལ་མགོའི་བར་དུ་བལྟས་ན་མི་བོ་ཆེ་ཞིག་ལྷག་པར་དགྱེ་ཡོད་པའི་དབྱིབས་དང་མཚུངས་པས་ན། ལ་འདིའི་ཉག་ཁ་དང་བཅས་པར་ལ་དགྱེ་ཉག་ཁ་ཟེར་བའང་ཡོད་ཅེས་ཀྱང་གྲགས་སོ།། དེ་བས་དེང་སང་རྒྱ་སྐད་དུ་ལ་གྱེ་ཧྲན(拉鸡山)དུ་འབོད་པའི་ལ་གྱེ་ཞེས་པ་དེ་ནི། དོན་དུ་བོད་རང་སྐད་ཀྱི་གཉུག་མའི་ས་མིང་ལ་ལྕི་བའམ་ལྗིད་དམ་ལ་དགྱེ་ཞེས་པའི་སྒྲ་དེ་དག་གང་རུང་གི་སྒྲ་ཙམ་བསྒྱུར་བའམ་སྒྲ་ཚབ་ཏུ་འབོད་པ་ཙམ་ལས་མ་འདས་སོ།།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།