རྐང་ཚ་ཆན་ཧི་དང་འབྲེལ་བའི་གཟིའི་སྐོར།

རྩོམ་པ་པོ།:ཚངས་དབང་དགེ་འདུན་བསྟན་པ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-02-26 11:21:00 ཀློག་གྲངས།:

          རྐང་ཚ་ཆན་ཧི་བྱ་བ་ནི།. མཱ་པོའུ་ཧང་གི་སྐབས་སུ་མཚོ་སྔོན་གྱི་བོད་ཀྱི་ནང་ནས་ཆན་ཧི་གཙོ་བོ་ཡིན་ལ། ཁོ་འདི་ལྟར་སྟོབས་ལྡན་གྱི་ཆན་ཧི་རུ་གྱུར་བ་ལ་དངོས་བདེན་གྱི་ལོ་རྒྱུས་ཤིག་ཡོད།.  རྐང་ཚ་ཆན་ཧི་འདི་དགུང་ལོ་ཆུང་དུས་དེ་འདྲའི་སྟོབས་འབྱོར་མངའ་ཐང་ཡོད་པའི་ཁྱིམ་རྒྱུད་ཆེན་པོ་ཞིག་མིན་ལ།.    སྐབས་ཤིག་ལ་ཁོས་ཨ་མཆོད་ཅིག་ལ་མཐུན་རྐྱེན་བསྒྲུབས་པས།.ཨ་མཆོད་དེས་ཁོ་ལ་གཟི་ཞིག་གནང་།.   ཉིན་ཞིག་ལ་ཁོས་སྟོང་སྐོར་རམ་མདོ་མཁར་དུ་བལ་འཚོང་རྒྱག་ཏུ་ཕྱིན། དགོང་མོ་ཚོང་རོགས་ཀྱི་ཁྱིམ་ལ་གནས་ཚང་གཡར་ནས་བསྡད་ཅིང་།.མཚན་མོ་སྐེ་ན་ཡོད་པའི་གཟི་དེའི་ཐོག་ནས་འོད་ཟེར་ཕྲན་བུ་ཞིག་འཕྲོ་བཞིན་པས།. ཕྱི་ཉིན་ཁོའི་ཚོང་རོགས་ལ་མདང་གི་རྒྱུ་མཚན་བཤད།.ཚོང་རོགས་ཀྱིས་གཟི་ལ་རྒྱུས་ཡོད་པས་ང་ལ་འཚོང་ཤིག་དང་ངའི་ཁྱོད་ལ་རིན་པ་ཡག་པོ་སྤྲོད་ཟེར་བས།.གཟི་དེ་ཁོ་ལ་བཙོང་། གཟི་དེའི་རིན་གོང་ལ་འབྲི་བརྒྱད་དང་།.   མེ་མདའ་གཅིག.  རྟ་གཅིག  དངུལ་སྒོར་བརྒྱད་ཅུ་སོགས་བྱིན་པས་ཁོས་གློ་བུར་དུ་ཚོང་བྲིན་བྱུང་བས།  ཕྱིར་ཕ་ཡུལ་དུ་ལོག་སྟེ་ཨ་མཆོད་ལ་རྔན་པ་ཞིག་སྤྲོད་དགོས་བསམ་སྟེ་ཨ་མཆོད་བཙལ་ནས་གཟི་དེ་གཉིས་ཀྱི་ལོ་རྒྱུས་དྲི་བ་ན། ཨ་མཆོད་ཅུང་ཟད་འཚེར་ཞིང་ཡ་ང་བའི་ཉམས་ཤིག་བསྟན་ཏེ།  འོ་ཡ།  ད་ང་ལོ་ཡང་འདི་འདྲ་ཞིག་ལ་སླེབས་སོང་བས་སྐད་ཆ་དྲང་མོར་བཤད་པའི་དུས་ལ་ཐོན་སོང་། ངོ་མ་བཤད་ན། ངའི་ཕ་ཡུལ་དངོས་ནི་ཨ་མདོ་རྔ་བའི་ཕྱོགས་ནས་ཡིན་ལ། སྔོན་ཆད་རྨེ་རྒྱལ་པོ་ཚང་གི་ཨ་མཆོད་ཡིན། ལོ་བཅུ་ཕྲག་ཅིག་ལ་རྨེ་རྒྱལ་པོ་ཚང་གི་བཅའ་པ་རིམ་གྲོ་དང་།.  སྐུ་རིམ་ཅི་ཡོད་ལྷག་བསམ་རྣམ་དག་གིས་བསྒྲུབས་པ་ཡིན།.ཡིན་ནའང། རྨེ་རྒྱལ་པོའི་སྐུ་ལྕམ་དེ་སེར་སྣ་ཆེ་བས་ང་ལ་ཟ་མ་ལས་དངུལ་རྡོག་གཅིག་ཀྱང་སྟེར་མ་མྱོང་།.དེའི་ཕྱིར་སྐབས་དེར་ང་ལོ་ན་ཕྲ་བས་ཚིག་པ་ཟོས་ནས་རྨེ་རྒྱལ་པོ་ཚང་གི་གཡང་མདའ་ཐོག་གི་གཟི་ཆུ་མིག་གསུམ་པ་གཅིག་དང་ཆུ་མིག་དགུ་བ་གཅིག་ཡོད་པ་བཅད་དེ་མཚོ་སྔོན་ཕྱོགས་ལ་བྲོས་འོངས། ཡིན་ནའང་རྨེ་རྒྱལ་པོ་མཚན་སྙན་ཆེ་བས་ལོ་འགའ་ལ་མཚོ་སྙིང་དུ་གཞོལ་སྡོད་པ་ཡིན།. སྐབས་དེར་ཁྱེད་ཚང་གིས་ང་ལ་ཟ་མ་སྦྱིན་པ་སོགས་བཀའ་དྲིན་ཤིན་ཏུ་ཆེ། སེམས་ལ་ང་གྲྭ་བ་གྲྭ་རྐྱང་ཞིག་ལ་གཟི་འདི་དགོས་མཁོ་ཆེ་མི་འདུག་སྙམ་ཞིང་།.ཁྱོད་ནི་ང་ལ་དྲིན་ཡང་ཆེ་བས་གཟི་ཁྱོད་ལ་སྤྲད་པའི་རྒྱུ་མཚན་དེ་ཡིན་ཟེར།.   རྐང་ཚ་ཆན་ཧིས་གཟི་ཆུ་མིག་དགུ་བ་དེ་ཕྱིས་སུ་མཚོ་སྔོན་པོ་ནང་དུ་མཚོ་གཏེར་ལ་ཕུལ་ཞིང་།   དེ་ནས་བཟུང་ལོ་རེ་ནས་ལོ་རེ་ལ་ཕྱུག་པོར་ཆགས་ཏེ་མཐར་མཚོ་སྔོན་བོད་ཀྱི་ནང་ནས་སྟོབས་འབྱོར་མངའ་ཐང་ཨང་དང་པོར་གྱུར། མཚོ་སྔོན་གྱི་རྟ་ཚོང་ཁྲོམ་ར་ལ་ཡོངས་སུ་ཚོད་འཛིན་བྱེད་ཐུབ་པ་བྱུང་།.    
          དེ་འདྲ་ཡིན་ཕྱིན། མཱ་པོའུ་ཧང་གི་རྟ་དམག་རྣམས་རྐང་ཚ་ཆན་ཧི་ལ་མི་བརྟེན་ཀ་མེད་བྱུང་བས།.   མཱ་པོའུ་ཧང་གིས་རྐང་ཚ་ཆན་ཧི་ལ་མཚོ་སྔོན་གྱི་ཆན་ཧི་བང་གཙོ་བོའི་གོ་ས་སྤྲད།.    རྐང་ཚ་ཆན་ཧི་ཡང་ལོ་གཅིག་ལ་མཚོ་གཏེར་འབུལ་སྐབས་མཱ་པོའུ་ཧང་མཚོ་ཁར་གདན་ཞུ་བྱས་ཏེ་མཚོ་གཏེར་འབུལ་བའི་མཛད་སྒོའི་སྟོན་མོ་བྱས། དུས་ཕྱིས་ཤིག་ལ་རྐང་ཚ་ཆན་ཧིས་སྐུ་ཞབས་ཆུ་བཟང་རིན་པོ་ཆེ་གདན་དྲངས་ཏེ་མཚོ་གཏེར་ཕུལ་བའི་རྗེས་སུ།.ཉིན་འདིར་མཚོ་གཏེར་འབུལ་བའི་རྒྱུ་མཚན་ནི་གོང་དུ་བཤད་པའི་རྨེ་རྒྱལ་པོའི་ཨ་མཆོད་བྱིན་པའི་གཟི་དང་འབྲེལ་བ་ཡོད་ཚུལ་གྱི་ལོ་རྒྱུས་ཆུ་བཟང་རིན་པོ་ཆེ་ལ་བཤད་པ་དང་། ཆུ་བཟང་རིན་པོ་ཆེས་ཀྱང་དུས་ཕྱིས་སུ་ཁོང་གི་སློབ་མ་རྣམས་ལ་གསུངས་པ་དངོས་སུ་ཐོས་ཞེས་ཨ་ཁུ་ལྷ་མོ་ཚེ་བརྟན་གྱིས་བཤད་པ་བཞིན། ངེད་ཀྱིས་ཁྱུང་ཆུ་རྫོང་དང་རྔ་བ་རྫོང་གི་ལོ་ལོན་བགྲེས་པོ་ཚོ་ལ་བཅར་འདྲི་བྱེད་སྐབས་ཨ་མཆོད་ཀྱི་མིང་མི་ཤེས་ཀྱང་།.  རྨེ་རྒྱལ་པོའི་གཡང་མདའི་ངོས་སུ་གཟི་ཆུ་མིག་དགུ་བ་གསུམ་ཡོད་པ། ཨ་མཆོད་ཅིག་གིས་བརྐུས་སོང་བ་རེད་ཅེས་ཟེར་སྲོལ་ཡོད།.རྗེས་མར་དེའི་ཚབ་ཏུ་མདོ་རིན་པོ་ཆེས་གཟི་ཞིག་གནང་ཡོད་པ་རེད་ཅེས་གྲགས་སོ།།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།