བོད་རིགས་མི་གྲངས་དང་འཚོ་སྡོད་བྱེད་པའི་ཡུལ་ཁོངས།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-09-21 11:42:00 ཀློག་གྲངས།:

  

  བོད་རང་སྐྱོང་ལྗོངས།
  བོད་རང་སྐྱོང་ལྗོངས་ཀྱི་མངའ་ཁོངས་སུ་ལྷ་ས་གྲོང་ཁྱེར་དང་། གཞིས་ཀ་རྩེ་ས་ཁུལ། ཆབ་མདོ་ས་ཁུལ། ལྷོ་ཁ་ས་ཁུལ། ཉིང་ཁྲི་ས་ཁུལ། ནག་ཆུ་ས་ཁུལ། མངའ་རིས་ས་ཁུལ་བཅས་ས་ཁུལ་དྲུག་ཡོད་ལ། བོད་ལྗོངས་སུ་ཐེངས་དྲུག་པའི་རྒྱལ་ཡོངས་ཀྱི་མི་གྲངས་རྩིས་བཤེར་བྱས་པའི་གྲངས་ཀ་ལྟར་ན་བོད་ལྗོངས་ཀྱི་རྒྱུན་སྡོད་མི་གྲངས་ཁྲི300.22ཀྱི་ཁྲོད་བོད་རིགས་དང་གྲངས་ཉུང་མི་རིགས་གཞན་གྱི་མི་གྲངས་ཁྲི275.69ཡོད་པ་དེས་སྤྱིའི་མི་གྲངས་ཀྱི91.83%ཟིན་ཡོད་པ་རེད།
  1.ལྷ་ས་གྲོང་ཁྱེར།
  བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་སྡོད་གནས་ལྷ་ས་ན་ཡོད་པ་དང་། གྲོང་ཁྱེར་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི3ཡོད། དེའི་ཁྲོད་གྲོང་ཁྱེར་སྡོད་ཁུལ་གྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ59ཡོད། མངའ་ཁོངས་སུ་འདམ་གཞུང་དང་། སྟོད་ལུང་བདེ་ཆེན། ཆུ་ཤུར། མལ་གྲོ་གོང་དཀར། སྟག་རྩེ། སྙེ་མོ། ལྷུན་གྲུབ་བཅས་རྫོང་ཁག7ཡོད་པ་རེད།
  གྲོང་ཁྱེར་ཡོངས་ཀྱི་སྤྱིའི་མི་གྲངས་ཁྲི55ལ་ཉེ་བ་དང་། དེའི་ཁྲོད་གྲོང་ཁྱེར་སྡོད་ཁུལ་དུ་ཡོད་པའི་མི་གྲངས་ཁྲི27ལ་ཉེ། (གྲོང་ཁྱེར་སྡོད་ཁུལ་གྱི་བོད་རིགས་མི་གྲངས་ཀྱིས་སུམ་ཆའི་གཅིག་ཀྱང་ཟིན་མེད་པ་རེད།) ལྷ་ས་གྲོང་ཁྱེར་དུ་བོད་རིགས་དང་། རྒྱ་རིགས། ཁ་ཆེ་རིགས་སོགས་མི་རིགས31ཡོད་ཅིང་། བོད་རིགས་མི་གྲངས་ཀྱིས་ལྷ་ས་གྲོང་ཁྱེར་ཡོངས་ཀྱི་སྤྱིའི་མི་གྲངས་ཀྱི87%ཟིན་ཡོད་པ་རེད།
  2.ཆབ་མདོ་ས་ཁུལ།
  བོད་ལྗོངས་ཀྱི་ཤར་སྒོ་ལྟ་བུར་ཆགས་པའི་ཆབ་མདོའི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི11ཡོད་པ་དང་། ས་གནས་སྲིད་གཞུང་གི་སྡོད་གནས་ཆབ་མདོ་རྫོང་དུ་ཡོད། མངའ་ཁོངས་སུ་ཆབ་མདོ་དང་། འཇོ་མདའ། གོ་འཇོ། རི་བོ་ཆེ། སྟེང་ཆེན། བྲག་གཡབ། དཔའ་ཤོད། མཛོ་སྒང་། སྨར་ཁམས། ལྷོ་རོང་། དཔའ་འབར་བཅས་རྫོང་ཁག11ཡོད་པ་རེད།
  སྤྱིའི་མི་གྲངས་ཁྲི55ཡི་ཁྲོད་བོད་རིགས་མི་གྲངས་ཀྱིས་སྤྱིའི་མི་གྲངས་ཀྱི98.26%ཟིན་ཡོད་པ་དང་། དེར་བོད་རིགས་དང་། རྒྱ་རིགས། འཇང་རིགས། ལྷོ་པ། མོན་པ་སོགས་མི་རིགས21ཡོད།
  3.མངའ་རིས་ས་ཁུལ།
  བོད་ལྗོངས་ཀྱི་ནུབ་ཕྱོགས་སུ་ཡོད་པའི་མངའ་རིས་ས་ཁུལ་གྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི30ལྷག་ཡོད་པ་དང་། ས་གནས་སྲིད་གཞུང་གི་སྡོད་གནས་སྒར་རྫོང་སེང་གེ་ཁ་འབབ་གྲོང་རྡལ་དུ་ཡོད། མངའ་ཁོངས་སུ་སྒར་རྫོང་དང་། སྤུ་ཧྲིང་། རྩ་མདའ་། རུ་ཐོག དགེ་རྒྱས། སྒེར་རྩེ། མཚོ་ཆེན་བཅས་རྫོང7དང་། ཡུལ་ཚོ་དང་གྲོང་རྡལ36  སྡེ་བ144བཅས་ཡོད།           
  མངའ་རིས་ས་ཁུལ་ཡོངས་སུ་མི་གྲངས་ཁྲི8ཡོད་པའི་ཁྲོད་བོད་རིགས་མི་གྲངས་ཀྱིས་སྤྱིའི་མི་གྲངས་ཀྱི95%ཡན་ཟིན་ཡོད་པ་རེད།
  4.ནག་ཆུ་ས་ཁུལ།
  བོད་ལྗོངས་ཀྱི་བྱང་ཕྱོགས་སུ་ཡོད་པའི་ནག་ཆུ་ས་ཁུལ་གྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི42ཡོད་པ་དང་། ས་གནས་སྲིད་གཞུང་གི་སྡོད་གནས་ནག་ཆུ་རྫོང་དུ་ཡོད། མངའ་ཁོངས་སུ་ནག་ཆུ་དང་། ཨ་མདོ། ལྷ་རི།   ཉི་མ། སྙན་རོང་། འབྲི་རུ། ཤན་རྩ། སོག་རྫོང་། དཔལ་མགོན། སྦྱ་ཆེན་བཅས་རྫོང་ཁག10དང་། མཚོ་གཉིས་དམིགས་བསལ་སྲིད་འཛིན་ས་ཁུལ་གཅིག ཡུལ་ཚོ་དང་གྲོང་རྡལ114 གྲོང་མི་ཨུ་ཡོན་ལྷན་ཁང14 སྡེ་མི་ཨུ་ཡོན་ལྷན་ཁང 1283བཅས་ཡོད་པ་རེད།
  སྤྱིའི་མི་གྲངས་ཁྲི39ཡི་ཁྲོད་བོད་རིགས་མི་གྲངས་ཁྲི32.69ཡོད་པ་དང་། དེས་སྤྱིའི་མི་གྲངས་ཀྱི98.86%ཟིན་ཡོད་པ་རེད།
  5.ཉིང་ཁྲི་ས་ཁུལ།
  བོད་ལྗོངས་ཀྱི་ཤར་ལྷོ་ཕྱོགས་སུ་ཡོད་པའི་ཉིང་ཁྲི་ས་ཁུལ་གྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི11.7ཡོད་པ་དང་། ས་གནས་སྲིད་གཞུང་གི་སྡོད་གནས་བརྒྱད་གཅིག་གྲོང་རྡལ་དུ་ཡོད། མངའ་ཁོངས་སུ་ཉང་ཁྲི་དང་། སྨན་གླིང་། ཀོང་པོ་རྒྱ་མདའ་། མེ་ཏོག སྤོ་མེས། རྫ་ཡུལ། སྣང་རྫོང་བཅས་རྫོང་ཁག་བདུན་ཡོད།
  སྤྱིའི་མི་གྲངས་ཁྲི17.3གྱི་ཁྲོད་བོད་རིགས་མི་གྲངས་ཁྲི11ལྷག་ཡོད་པ་དང་། དེས་སྤྱིའི་མི་གྲངས་ཀྱི90%ཡན་ཟིན་ཡོད་པ་རེད། ཉིང་ཁྲི་ས་ཁུལ་དུ་བོད་རིགས་དང་། རྒྱ་རིགས། ལྷོ་པ། འཇང་རིགས། ཁ་ཆེ་རིགས་སོགས་མི་རིགས10ཡོད། མེ་ཏོག་རྫོང་མ་གཏོགས་གཞན་པའི་རྫོང་དྲུག་གི་སྡོད་དམངས་ཁྲོད་གཙོ་བོ་བོད་རིགས་ཡིན།
  6.ལྷོ་ཁ་ས་ཁུལ།
  གངས་ཏི་སེ་ནས་གཉན་ཆེན་ཐང་ལྷའི་ལྷོ་ཕྱོགས་སུ་ཡོད་པའི་ལྷོ་ཁ་ས་ཁུལ་གྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི7.97ཡོད་པ་དང་། ས་གནས་སྲིད་གཞུང་གི་སྡོད་གནས་སྣེ་གདོང་ན་ཡོད། མངའ་ཁོངས་སུ་སྣེ་གདོང་དང་། གྲ་ནང་། གོང་དཀར། ཟངས་རི། འཕྱོངས་རྒྱས། ཆུ་གསུམ། མཚོ་སྨད། ལྷོ་བྲག རྒྱ་ཚ། ལྷུན་རྩེ། མཚོ་སྣ། སྣ་དཀར་རྩེ་བཅས་རྫོང12ཡོད་པ་རེད། སྤྱིའི་མི་གྲངས་ཁྲི31.8ཀྱི་ཁྲོད་བོད་རིགས་ཀྱིས96%ཟིན་ཡོད་ལ། ལྷོ་ཁ་ས་ཁུལ་དུ་བོད་རིགས་དང་། རྒྱ་རིགས། མོན་པ། ལྷོ་པ་སོགས་མི་རིགས14ཡོད།
  7.གཞིས་ཀ་རྩེ་ས་ཁུལ།
  བོད་ལྗོངས་ཀྱི་ལྷོ་ནུབ་ཕྱོགས་སུ་ཡོད་པའི་གཞིས་ཀ་རྩེ་ས་ཁུལ་གྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི18.2ཡོད་པ་དང་། ས་གནས་སྲིད་གཞུང་གཞིས་ཀ་རྩེ་གྲོང་ཁྱེར་དུ་ཡོད། མངའ་ཁོངས་སུ་གཏིང་སྐྱེས་དང་། ས་སྐྱ། ལྷ་རྩེ། དིང་རི། གཉའ་ནང་ངམ་ལམ་རྫོང་། སྐྱིད་རོང་ངམ་གྲོང་རྫོང་། འབྲོང་པ། ས་དགའ། ངམ་རིང་། བཞད་མཐོང་སྨོན། རྣམ་གླིང་། རིན་སྤུངས། པ་སྣམ། རྒྱལ་རྩེ། ཁང་དམར། གམ་པ། གྲོ་མོ་བཅས་རྫོང17དང་། སྲང་ལམ2 གྲོང་རྡལ27 ཡུལ་ཚོ174བཅས་ཡོད་པ་རེད།
  སྤྱིའི་མི་གྲངས་ཁྲི63གྱི་ཁྲོད་བོད་རིགས་ཀྱིས་སྤྱིའི་མི་གྲངས་ཀྱི97%ཟིན་པ་དང་། དེ་ལས་གཞན་ཤར་པའི་མི་གྲངས1875ཡོད་པ་རེད། གཞིས་ཀ་རྩེ་ས་ཁུལ་དུ་བོད་རིགས་དང་། རྒྱ་རིགས། སོག་རིགས། མན་ཇུ་རིགས། མའོ་རིགས་སོགས་མི་རིགས15ཡོད།
  མཚོ་སྔོན།
  མཚོ་སྔོན་ཞིང་ཆེན་གྱི་མངའ་ཁོངས་སུ་ཟི་ལིང་གྲོང་ཁྱེར་དང་།  མཚོ་ཤར་ས་ཁུལ། མཚོ་ལྷོ་ཁུལ། མཚོ་ནུབ་ཁུལ། མཚོ་བྱང་ཁུལ། མགོ་ལོག་ཁུལ། ཡུལ་ཤུལ་ཁུལ། རྨ་ལྷོ་ཁུལ་བཅས་ལས་བོད་རིགས་རང་སྐྱོང་ཁུལ་དྲུག་ཡོད། མཚོ་སྔོན་ཞིང་ཆེན་གྱི་ཐེངས་དྲུག་པའི་རྒྱལ་ཡོངས་ཀྱི་མི་གྲངས་རྩིས་བཤེར་བྱས་པའི་གྲངས་ཀ་ལྟར་ན་མཚོ་སྔོན་གྱི་སྤྱིའི་མི་གྲངས5626722ཀྱི་ཁྲོད་བོད་རིགས་མི་གྲངས1375062ཡོད་པ་དང་། དེས་སྤྱིའི་མི་གྲངས་ཀྱི24.44%ཟིན་ཡོད་པ་རེད།
  1.ཟི་ལིང་གྲོང་ཁྱེར།
  མཚོ་སྔོན་ཞིང་ཆེན་གྱི་སྲིད་གཞུང་སྡོད་གནས་ཟི་ལིང་དུ་ཡོད་པ་དང་། གྲོང་ཁྱེར་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ7665ཡི་ཁྲོད་གྲོང་ཁྱེར་སྡོད་ཁུལ་གྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ350དང་། གྲོང་ཁྱེར་འཛུགས་སྐྲུན་ཁུལ་གྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ75ཡོད། མངའ་ཁོངས་སུ་ཤར་གྲོང་དང་། དབུས་གྲོང་། ནུབ་གྲོང་། བྱང་གྲོང་བཅས་གྲོང་ཁྱེར་གྱི་ཁུལ་བཞི་དང་། གསེར་ཁོག ཙོང་ཁ། སྟོང་སྐོར་བཅས་རྫོང་གསུམ། དེ་མ་ཟད་འཛུགས་སྐྲུན་བྱེད་བཞིན་པའི་ཟི་ལིང་གྲོང་ཁྱེར་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ(རྒྱལ་ཁབ་རིམ་པ)དང་། ལྷོ་གྲོང་ཁུལ་གསར། ཧའེ་ཧུའུ་ཁུལ་གསར་བཅས་འདུས་པ་རེད།
  གྲོང་ཁྱེར་ཡོངས་སུ་རྒྱུན་སྡོད་མི་གྲངས་ཁྲི220.8708ཀྱི་ཁྲོད་གྲངས་ཉུང་མི་རིགས་ཀྱི་མི་གྲངས573491ཡོད་ཅིང་། དེས་སྤྱིའི་མི་གྲངས་ཀྱི25.96%ཟིན་པ་དང་། བོད་རིགས་མི་གྲངས121667ཡོད་ལ། དེས་སྤྱིའི་མི་གྲངས་ཀྱི5.51%ཟིན་ཡོད་པ་རེད། ཟི་ལིང་དུ་རྒྱ་རིགས་དང་། ཁ་ཆེ་རིགས། བོད་རིགས། ཧོར་རིགས་སོགས་མི་རིགས34ཡོད།
  2.མཚོ་ཤར་ས་ཁུལ།
  མཚོ་སྔོན་པོའི་ཤར་ཕྱོགས་སུ་ཡོད་པའི་མཚོ་ཤར་ས་ཁུལ་གྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི12801ཡོད་པ་དང་། ས་གནས་སྲིད་གཞུང་གི་སྡོད་གནས་དམར་གཙང་རྫོང་དམར་གཙང་གྲོང་རྡལ་དུ་ཡོད། མངའ་ཁོངས་སུ་དམར་གཙང་དང་། གྲོ་ཚང་། དགོན་ལུང་ཧོར་རིགས་རང་སྐྱོང་རྫོང་། གཞོང་ཐང་ངམ་མཛོ་མོ་ཁ་ཆེ་རིགས་རང་སྐྱོང་རྫོང་། བར་ལུང་ཁ་ཆེ་རིགས་རང་སྐྱོང་རྫོང་། ཡ་རྫི་ས་ལར་རིགས་བཅས་རྫོང་ཁག་དྲུག་དང་། གྲོང་རྡལ་དང་ཡུལ་ཚོ150 སྡེ་བ180བཅས་ཡོད།
  སྤྱིའི་མི་གྲངས་ཁྲི147(2004ལོ)ཡོད་པའི་ཁྲོད་གཙོ་བོ་རྒྱ་རིགས་དང་། གཞན་ཁ་ཆེ་རིགས། བོད་རིགས། ཧོར་རིགས། ས་ལར་རིགས་སོགས་མི་རིགས་མང་པོ་འདུས་སྡོད་བྱས་ཡོད།
  3.ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ།
  མཚོ་སྔོན་ཞིང་ཆེན་གྱི་ལྷོ་ནུབ་དང་རྨ་འབྲི་རྫ་གསུམ་གྱི་འབྱུང་ཡུལ་དུ་མངའ་བའི་ཡུལ་ཤུལ་ཁུལ་གྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི26.7ཡོད་པ་དང་། ཁུལ་སྲིད་གཞུང་སྡོད་གནས་ཡུལ་ཤུལ་རྫོང་དུ་ཡོད་། མངའ་ཁོངས་སུ་ཡུལ་ཤུལ་དང་། ཁྲི་འདུ། ནང་ཆེན། རྫ་སྟོད། འབྲི་སྟོད། ཆུ་དམར་ལེབ་བཅས་རྫོང་ཁག6དང་། གྲོང་རྡལ10 ཡུལ་ཚོ35 སྡེ་བ257བཅས་ཡོད་པ་རེད།
  སྤྱིའི་མི་གྲངས་ཁྲི28.31གི་ཁྲོད་བོད་རིགས་མི་གྲངས་ཁྲི26.98ཡོད། དེས་སྤྱིའི་མི་གྲངས་ཀྱི95.3%ཟིན་ཡོད་པ་རེད།

འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།