ལྡོང་ཚང་གི་གེ་སར་ཤུལ་རྟེན།

རྩོམ་པ་པོ།:གཅོད་པ་དོན་གྲུབ། བསོད་རྒྱལ་འབུ ཡོང་ཁུངས།:ཀྲུང་གོའི་གླིང་སྒྲུང་ཞིབ་འཇུག་དྲ་བ། དུས་ཚོད།:2010-11-03 15:43:00 ཀློག་གྲངས།:
 ཡུལ་ཤུལ་ཁུལ་གྱི་སྐྱེ་དགུ་གྲོང་རྡལ་བཀྲ་ཤིས་ནུབ་ལམ་སྒོ་རྟགས་རེ་དགུ་བའི་ཁྱིམ་ན་ཉར་ཡོད་པའི་བཀའ་བསྟན་ལག་བྲིས་མ་དེ་རིན་ཐང་ཆེ་ཚད་ང་ཚོས་དེ་སྔ་གོ་མྱོང་ལ། དེ་ལ་ལྟ་འདོད་ནི་སྐོམ་པས་ཆུ་བཞིན་རེ་ལ་ད་ལྟ་དངོས་སུ་དོན་ཐོག་ལ་འཁྱོལ་སོང་བས་ཡུལ་ཤུལ་ཁུལ་གནའ་རྫས་ཁང་གི་འགོ་ཁྲིད་བསོད་ནམས་ལྷ་མོ་དང་ཁྱིམ་བདག་ཚུལ་ཁྲིམས་དབང་ཆེན་ལ་བཀའ་དྲིན་ཆེ་ག་ལ་ཞུ་མི་སྲིད། ང་ཚོ་བོད་ལུགས་ཀྱི་རྒྱ་སྒོ་དམར་པོ་དེ་ལ་འཛུལ་ཏེ་ཐད་གར་ཉིས་ཐོག་ལ་སོང་ཞིང་། བསོད་ནམས་ལྷ་མོ་དང་ཁྱིམ་བདག་ཚུལ་ཁྲིམས་དབང་ཆེན་གཉིས་ཀྱིས་མཚམས་སྦྱོར་ལ་ཉན་པ་ལྟར་ན། ཁྱིམ་ཚང་འདི་ནི་བོད་ལྡོང་མིའི་རུས་རྒྱུད་ཡིན་པས་ལྡོང་ཚང་ཞེས་ཟེར་ལ། ཁ་དཔེ་ལ། རྟ་རྒྱུད་མ་ཆད་ཁ་དཀར་རྐྱང་། མི་རྒྱུད་མ་ཆད་སྨུག་པོ་ལྡོང་ཞེས་རྗེས་མ་རྣམས་ཀྱིས་བཀའ་བསྟན་ལག་བྲིས་བྱེད་པ་དང་། བཀའ་བསྟན་འདི་ཁྱིམ་རྒྱུད་དང་བྲལ་མི་རུང་བར་རྒྱུན་སྐྱོང་དགོས་པའི་དམ་བཅའ་ཡང་ཡོད་པས། ཁྱིམ་འདིས་ལོ་ངོ་སྟོང་གི་ལོ་རྒྱུས་ཡོད་པའི་བཀའ་བསྟན་ལག་བྲིས་མ་འདི་རྒྱལ་ཁབ་གནའ་རྫས་ཁང་དང་དགོན་པ་གང་རུང་ལའང་འབུལ་མ་འདོད་པར་རང་གིས་ཉར་ཚགས་བྱས་ཡོད། རིག་གནས་གསར་བརྗེ་དང་དམངས་གཙོ་བཅོས་སྒྱུར་བཅས་དུས་ཡོམས་འཁྲུག་ལོང་གང་གི་ཁྲོད་དུ་སྲོག་གི་ཉེན་ཁར་མ་འཛེམ་པར་དོ་དམ་བྱས་ཤིང་། སྔོན་ཆད་ནང་ཆེན་རྫོང་ལྡོང་རུ་སྒང་རྫོང་ན་ཡོད་པའི་གཞིས་རྙིང་དུ་རྐུན་མས་གྱང་དང་བརྩིགས་པ་བརྐོས་ཏེ་རྐུ་རྩིས་ཐེངས་མང་བྱས་པའི་རྗེས་ཤུལ་འདྲ་པར་ཡང་ཡོད། སྐབས་དེ་དག་ལ་སུམ་ཐོག་ནང་འཇུ་འབག་གིས་བྱུག་ནས་སྟེང་ལ་ཚ་ཚ་སོགས་ཀྱིས་བཀབ་ཏེ་བཞག་པར་བཤད་ལ། འདི་འདྲའི་གླེགས་བམ་མང་པོ་ཞིག་ལོ་ཟླ་མང་པོའི་ཉེན་ཁའི་སྲུང་སྐྱོབ་ལས་ཐར་ཏེ་དུས་འདིར་བསྲིངས་པའི་ཁྱིམ་བདག་འདིའི་སྙིང་སྟོབས་དང་བློ་ཐབས་ལ་ང་ཚོས་སློབ་སྦྱོང་ཡི་རང་བྱེད་འོས་པར་འདུག་གོ །
 ཁྱིམ་བདག་འདིས་བཤད་པ་ལྟར་ན་ཁྱིམ་རྒྱུད་འདི་ནི་ལྡོང་ཚང་གི་རྒྱུད་པ་ཡིན་ལ། སྔོན་བོད་བཙན་པོའི་སྐབས་འབྱོར་ཕྱུག་དབང་ཐང་ཧ་ཅང་རྒྱས་པའི་ཚོ་ཁག་ཅིག་ཡིན་པས། རྒྱ་བཟའ་ཀོང་ཇོ་བོད་དུ་གདན་འདྲེན་བྱེད་སྐབས་བོད་བཙན་པོའི་བཀའ་བཞིན་ལྡོང་ཚང་གི་ཕོ་ཉ་ཉི་ཟླ་རི་བོར་ཀོང་ཇོ་བསུ་བར་སོང་། ཀོང་ཇོ་དང་བཙན་པོ་ཧ་ཅང་ཐུགས་དགྱེས་པས་བྱ་དགའ་མ་ཎི་འཁོར་ལོ་གཉིས་གནང་བ་ཆོས་འཁོར་རྒྱ་ནག་མ་ཞེས་ད་དུང་ཡང་ཉར་ཚགས་བྱས་ཡོད་ལ། དེའི་དབྱིབས་མ་ཎི་ཤོག་བུ་བརྩེགས་པའི་གོང་བུ་ཞིག་ཡིན་ལ། ཕྱི་ཤུན་ཤིང་དང་ཀོ་བས་བཏུམ་པ་ཞིག་འདུག སྐབས་དེ་ལ་ས་དེར་དེ་ལྟ་བུའི་མ་ཎི་འཁོར་ལོ་བཞི་གནང་ཞིང་གཞན་གཉིས་ཡོབ་རྟ་དགོན་དང་མགར་དགོན་གཉིས་སུ་ཡོད་པར་བཤད། གཞན་པདྨ་ར་ཀའི་མཆོད་རྟེན་ཞིག་ཀྱང་གནང་བའི་ངག་རྒྱུན་ཡོད་མོད་དེང་སྐབས་མཐོང་རྒྱུ་མི་འདུག ད་དུང་ཕྱིང་བའི་གདན་དམར་སྟེང་ན་རྒྱ་བྱ་དང་མེ་ཏོག མཐའ་ལ་པ་ཏྲ་ཕབ་པ་ཞིག་ཀྱང་ཉར་ཡོད་དེ། དེ་ནི་སྐབས་དེར་མདུན་ཅོག་སྟེང་འདིང་རྒྱུ་ཞིག་ཡིན་ལ། སྙན་གྲགས་ཧ་ཅང་ཆེ་བས་ལྡོང་ཚང་གིས་མདུན་ཅོག་སྟེང་གདན་དེ་འདིང་སྐབས་སྐུ་མགྲོན་བླ་དཔོན་མིང་གྲགས་ཅན་ཞིག་ངེས་པར་ཡིན་དགོས་པར་གྲགས། གང་ལྟར་དངོས་རྫས་དེ་དག་ལ་ལོ་ངོ་སྟོང་ཡས་མས་ཀྱི་ལོ་རྒྱུས་ཡོད་པར་གདོན་མི་ཟའོ། །
 དེ་ལས་ངོ་མཚར་ཞིང་རིན་ཐང་ལྡན་ལ་ལོ་རྒྱུས་རིང་བའི་གནའ་རྫས་ཤིག་ཡོད་པ་བཀའ་བསྟན་གསེར་བྲིས་མ་དང་དངུལ་བྲིས་མ་དེ་ཡིན་ལ། ཁྱིམ་བདག་ཁོ་བོས་བཤད་པ་ལྟར་ན། ཁྱིམ་རྒྱུད་དེ་ནི་སྨུག་པོ་ལྡོང་གི་རྒྱུད་པ། གླིང་དཀར་སྟོད་ཀྱི་ཡང་རྒྱུད་དེ་གླིང་ཕུ་ནུ་སུམ་ཅུའི་ཁྲོད་ཀྱི་བེ་རུ་ཉི་མ་རྒྱལ་མཚན་ནས་ཆད་པར་བཤད་ལ། གླིང་གིས་ནང་རྒྱུ་བགོ་སྐབས་གླིང་གི་ཕ་འབུམ་བཅུ་གཉིས་ཁོང་ཚང་ལ་ཐོབ་པའི་གྲས་ཡིན། སྐབས་དེ་ནས་ད་ལྟའི་བར་མི་རབས་ཉེར་བཞི་ཙམ་སོང་ཡོད་པར་བཤད། ད་ལྟ་ངེད་ཅག་གི་མིག་གི་མཐོང་ཡུལ་དུ་གྱུར་བའི་བཀའ་བསྟན་འདི་དག་མི་སུ་ཞིག་གིས་དུས་ནམ་ཞིག་ལ་ལག་བྲིས་བྱས་པའང་གསལ་བོར་བཀོད་ཡོད་ཚོད་འདུག་མོད། འོན་ཀྱང་དག་སྒྲིག་དང་ཞིབ་འཇུག་གི་བྱ་བ་གང་ཡང་གཉེར་མེད་པས་གསལ་བོར་མི་ཤེས། བཀའ་བསྟན་ལག་བྲིས་མ་འདི་ལ་ཁྱད་ཆོས་ཤིག་ཡོད་པ་ནི་གཅིག་ནས་བམ་གྲངས་མང་བ་སྟེ། ད་ལྟ་གཙང་སྦྲ་ཉར་ཚགས་བྱས་ཟིན་པ་ཞེང་ལ་ཁྲི་གང་དང་རིང་ཚད་ཁྲི་གཉིས་ཡས་མས་ཡོད་པ། མཐུག་ཚད་ཁྲི་ཕྱེད་ཙམ་ཡོད་པའི་གླེགས་བམ་སུམ་བརྒྱ་བཞི་བཅུ་དང་། ཉར་ཚགས་གཙང་སྦྲ་བྱས་མེད་པ་གསོ་མའི་སྒྱེ་ཕལ་ཆེར་བརྒྱད་ཅུ་ཙམ་ཡོད། གཉིས་ནས་ཁ་བྱང་ལ་སོགས་མཚམས་མཚམས་སུ་ཡི་གེ་ཆེ་བའི་སྟེང་ལ་ཡི་གེ་ཆུང་བ་འདོན་ཐུབ་པ་ཙམ་བྲིས་ཡོད་ལ། གོ་བའི་གླེགས་ཐག་སོར་གཉིས་ཙམ་གྱི་སྟེང་དུ་ཡང་མ་ཎི་དང་སྔགས་མང་ཕབ་ཡོད་པ་མ་ཟད། དཔེ་ཆའི་ཁ་བྱང་ཤོག་བུའི་སྟེང་གོས་སྲབ་བུ་ཕྱི་མ་དང་ནང་མ་ཅན་གྱིས་བཀབ་ཡོད། གསུམ་ནས་ཡིག་གཟུགས་མི་འདྲ་ལ་འབྲི་བྱེད་ཀྱང་གསེར་ཆུ་དང་དངུལ་ཆུ། སྣག་ཚ་ནག་པོ་དང་དམར་པོ་བཅས་ཡོད། ཤོག་བུའང་ནག་པོ་དང་དཀར་པོ་གཉིས་འདྲེས་མར་ཡོད་དོ། །
 ཁྱིམ་རྒྱུད་འདི་དང་འདིས་གཉེར་བའི་རྒྱུ་རྫས་དག་གེ་སར་ཞིབ་འཇུག་ལ་འབྲེལ་བ་ཧ་ཅང་ཟབ་པས་ང་ཚོ་ངོ་མཚར་ཞིང་ཡིད་དབང་འཕྲོག་སོང་། ད་དུང་གླིང་གི་བེ་རུ་ཉི་མ་རྒྱལ་མཚན་ནས་རིམ་པར་བརྒྱུད་འོང་བ་ཡིན་ཞེས་གཞུ་དང་རལ་གྲི་ཞིག་ཀྱང་ཡོད་པས། བཀའ་བསྟན་ལག་བྲིས་མའི་ཁྲོད་གེ་སར་སྒྲུང་ཡང་ཡོད་ངེས་པར་འདུག་འདོད་པའི་ཐེ་ཚོམ་དང་དོགས་སློང་ཞིག་ཀྱང་སྐྱེས་པར་བྱུང་། བཀའ་བསྟན་ལག་བྲིས་མ་འདི་སྲུང་སྐྱོབ་བྱེད་ཆེད་ཁྱིམ་ཚང་འདིར་སྲིད་གཞུང་ནས་གནའ་རྫས་བཤམས་སྟོན་ཁང་ཞིག་བསྐྲུན་རྒྱུ་ཡིན་པའི་གྲ་སྒྲིག་ཡོད་པར་བཤད་ལ། འདིའི་མ་དངུལ་ལ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཧུའུ་ཅིན་ཐའོ་ཡིས་དངོས་སུ་ཆོག་མཆན་ཡོད་པར་ཐོས་པས་ང་ཚོ་དགའ་སྤྲོ་དང་བྱ་བ་འདིར་ཡིད་ཆེས་ཀྱིས་ཁེངས་སོ། །


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།