ངོས་དང་པོ > ལོ་རྒྱུས། > ས་གནས་ལོ་རྒྱུས། > ༄༅། །འཕན་པོ་དང་ལྷུན་གྲུབ་རྫོང་ཞེས་པའི་མིང་གི་བྱུང་ཚུལ་ལས་འཕྲོས་ཏེ་དེའི་ལོ་རྒྱུས་ཀྱི་འབྱུང་བའི་འཕེལ་རིམ་སྐོར།
༄༅། །འཕན་པོ་དང་ལྷུན་གྲུབ་རྫོང་ཞེས་པའི་མིང་གི་བྱུང་ཚུལ་ལས་འཕྲོས་ཏེ་དེའི་ལོ་རྒྱུས་ཀྱི་འབྱུང་བའི་འཕེལ་རིམ་སྐོར།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2020-03-26 10:09:15
ཀློག་གྲངས།:
རྒན་པོའི་བློ་སྟོབས་བྲག་རིའི་དཔལ་ལ་འགྲན། །གཞོན་པའི་སྙིང་རུས་ཆུ་ཐིགས་བྲག་ལ་བཞིན། །བྱིས་པའི་རིག་པ་དྭངས་གསལ་ཆུ་མིག་གི །འཕན་ཡུལ་རིག་པའི་འབྱུང་གནས་ཞེས་གྲགས་པའི། ། དམངས་སྲོལ་རིག་གནས་ཆུ་ཀླུང་ཆེན་པོ་ལས། །ངོ་མཚར་གཏམ་རྒྱུད་ལྷ་མོ་གླུ་གར་སོགས། ། ཀུན་གྱི་ཤེས་འདོད་སྐྱ་བོའི་རིག་གནས་ཀྱི། །ཐོག་མའི་འབྱུང་བ་བར་གྱི་འཕེལ་རིམ་སོགས། །སྒྲོ་སྐུར་བྲལ་བའི་སྲོང་པོའི་གཏམ་སྙན་པོ། །བློ་གསར་ཤེས་འདོད་ཅན་གྱི་སྐྱེས་སུ་ཕུལ། །རང་ཡུལ་གངས་ཀྱིས་བསྐོར་བའི་ཡུལ་མཆོག་འདིར། །རང་རིགས་བློ་གསར་གཞོན་ནུ་མང་པོ་ཡིས། །རང་རེའི་སྲོལ་དང་རིག་གཞུང་སྣ་ཚོགས་ལ། །རང་འགུལ་ངང་ནས་འབད་བརྩོན་གནང་སྟངས་འདིས། །རང་ཡུལ་འདི་ལ་རེ་བའི་སྐྱ་རེངས་ཤར། །
ཞེས་སྙན་པོའི་དབྱངས་ཀྱིས་མདུན་ལེགས་པར་བསུས་ཏེ་གང་གླེང་བར་བྱ་བ་ནི། བོད་གངས་ཅན་པ་རྣམས་ཀྱི་སྲིད་འབྱོར་རིག་གསུམ་གྱི་ལྟེ་གནས་སུ་གྱུར་བའི་གནས་མཆོག་ལྷ་ས་ནས་ཤར་ལྷོའི་ཕྱོགས་སུ་སྤྱི་ལེ50ལྷག་ཙམ་བསྐྱོད་ན་འཕན་ཡུལ་ངས་ཆུ་དེ་ལྷ་ས་སྐྱིད་ཆུ་དང་འབྲེལ་མཚམས་ཀྱི་སར་བྲག་རལ་ཟམ་པ་ཞེས་ཨར་འདམ་ལས་གྲུབ་པའི་ཟམ་ཆེན་ཞིག་ཡོད་ཅིང་། ཟམ་པ་དེ་ལས་སྒྲོལ་སྐབས་སྐུ་ཉིད་འཕན་ཡུལ་རིག་པའི་འབྱུང་གནས་ཀྱི་ས་ཐོག་ཏུ་དངོས་སུ་འབྱོར་བ་ཡིན་ལ། གཞུང་ལམ་དེ་བརྒྱུད་ནས་འཕན་ཡུལ་གྱི་སྟོད་སྨད་བར་གསུམ་ཚང་མར་བདེ་བླག་ངང་བསྐྱོད་ཐུབ་བོ། །(འདིར་གསལ་བཤད་ཞུ་རྒྱུ་ཞིག་ལ་འཕན་ཡུལ་གྱི་ཕུ་དང་ལྷོ་བྱང་གཉིས་ནས་བབས་པའི་གཅིག་བསྡུས་ཀྱི་ཆུ་དེར་རང་ཅག་འཕན་པོའི་ཡུལ་གྱི་དམངས་ཁྲོད་དུ་འཕན་མན་ཆུ་ཞེས་བརྗོད་པ་དང་། ཡང་དེང་སྐབས་ཡིག་ཐོག་ལ་འབྲི་མཁན་རྣམས་ཀྱིས་འཕན་ཡུལ་ངན་ཆུ་ཞེས་པའི་འབྲི་སྲོལ་ཞིག་ཆགས་ཡོད་ཀྱང་། ང་ཚོས་མིང་དེའི་ཐོག་མའི་འབྱུང་ཁུངས་ལ་དཔྱད་ཞིབ་བྱེད་སྐབས་བོད་ཀྱི་བཙན་པོ་གནམ་རི་སྲོང་བཙན་གྱི་ཡར་སྔོན་དུ་ཡུལ་དེའི་མིང་ལ་ངས་པོ་ཞེས་བརྗོད་པ་ཡོངས་གྲགས་ཡིན་པས། ངས་པོའི་ཡུལ་ནས་ཐོན་པའི་ཆུ་དེར་ངས་ཆུ་ཞེས་བརྗོད་པ་ནི་ལུང་དང་རིགས་པ་གང་གིས་ཀྱང་བསྙོན་དུ་མེད་པ་ཞིག་ཡིན་པ་ནི་སྔོན་དུས་ལྷ་སའི་མིང་ལ་སྐྱིད་ཤོད་ཅེས་བརྗོད་པས་ན། ལྷ་སའི་ལྷོ་ཕྱོགས་ཀྱི་གཙང་པོར་ཡང་སྐྱིད་ཆུ་ཞེས་མིང་ཐོགས་པ་ལྟར་མིང་དེའི་ཐོག་མའི་འབོད་སྲོལ་ལ་ངས་ཆུ་ཞེས་བརྗོད་ཀྱི་ཡོད་པ་དེ་ཤེས་རྟོགས་བྱེད་ཐུབ་པ་ཞིག་ཡིན། འོན་ཀྱང་ཕྱིས་སུ་མི་ཐོག་འགའ་ཞིག་སོང་བའི་རྗེས། ངས་ཆུ་ཞེས་པའི་སྐད་ཀྱི་ཟུར་ཆག་སྟེ་མན་ཆུ་དང་ངན་ཆུ་ཞེས་པའི་འབོད་སྲོལ་དང་འབྲི་སྲོལ་ཞིག་ཆགས་པ་དེ་ནི་སྔར་གྱི་དུས་སུ་བོད་ཀྱི་དམངས་ཁྲོད་དུ་ཡི་གེ་ཤེས་མཁན་གྱི་མི་ཧ་ཅང་ཉུང་བས་ཚད་ལྡན་གྱི་དག་དོན་ལ་ཡུལ་སྐད་ཀྱི་ཤན་ཞུགས་ཏེ་སྐད་བརྡ་དེའི་ཐོག་མའི་དག་དོན་ལ་རིམ་པས་འགྱུར་བ་ཆེན་པོ་ཞིག་ཕྱིན་པའི་རྟགས་མཚན་ཡིན་པས་ན། སླད་ངེད་ཚོས་གཅིག་གྱུར་ཐོག་འཕན་ཡུལ་ནས་རྒྱུག་པའི་གཅིག་བསྡུས་ཀྱི་ཆུ་དེར་ངས་ཆུ་ཞེས་འབྲི་སྲོལ་དང་འབོད་སྲོལ་ཞིག་ཆགས་ཐུབ་ན་ཅུང་ཟད་དག་པ་དང་རྒྱུ་མཚན་ལྡན་པ་ཞིག་འདུག་སྙམ་མོ། །འོན་ཀྱང་དེང་སྐབས་བོད་མིའི་ཁྲོད་དུ་མིང་དེའི་ཐོག་མའི་འབྱུང་ཁུངས་དང་། དག་དོན་རྣམས་ཤེས་རྟོགས་མ་བྱུང་བའི་དབང་གིས་འཕན་ཡུལ་ངན་ཆུ་ཞེས་པའི་མ་དག་རྒྱུན་འབྱམས་ཀྱི་ཚིག་དེ་ལ་བརྟེན་ནས་བོད་མི་ཁག་གཅིག་གིས་གོ་འཇོ་ས་ངན་དང་། འཕན་པོ་ཆུ་ངན་ཞེས་པའི་བཤད་སྲོལ་ཞིག་ཆགས་བཞིན་པ་དེ་ནི་སྔར་མེད་གསར་བཟོ་ཞིག་ཡིན་པ་གོང་གི་རྒྱུ་མཚན་དེ་དག་ལས་ཤེས་སོ། །) དེ་ཡང་ཞ་ལུ་བློ་གསལ་བསྟན་སྐྱོང་གི་རྣམ་ཐར་ལས། སྤྱིར་འཕན་ཡུལ་གྱི་ལྗོངས་དེ་དག་ནི་སྔོན་བཀའ་གདམས་པའི་དགེ་བའི་བཤེས་གཉེན་བྱང་ཆུབ་སེམས་དཔའ་ཆེན་པོས་ཡོངས་སུ་བཟུང་ཞིང་བྱིན་གྱིས་བརླབས་པས་རྒྱ་གར་གྱི་གནས་ཆེན་རྣམས་མཇལ་བ་དང་ཁྱད་པར་མ་མཆིས་པ་ཞིག་ཡིན་འདུག་ཅེས་དང་། ཡང་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་འཕན་ཡུལ་དེ་ཕྱོགས་སུ་མི་ཡང་གཤིས་དྲང་ཟེར། ཡུལ་ཡང་ཤིན་ཏུ་སྐྱིད་ཅེས་དང་། དེ་བཞིན་འཕན་ཡུལ་དཔལ་ནཱ་ལེནྡྲའི་དགེ་བའི་བཤེས་གཉེན་ཆེན་པོ་བོད་ལྗོངས་སྨན་རྩིས་ཁང་གི་དགེ་རྒན་ཆེན་མོ་བ་ཚུལ་ཁྲིམས་རྒྱལ་མཚན་མཆོག་གིས་ཡུལ་འདིར་གནས་པའི་སྐྱེ་བོ་རྣམས་ཀྱང་བློ་རིག་གསལ་ཞིང་ཆོས་ལ་དཀར་བས་ཆོས་དང་འཇིག་རྟེན་གྱི་རིག་རྩལ་ཀུན་ལ་འགྲན་ཟླ་དང་བྲལ་བས་འཕན་ཡུལ་རིག་པའི་འབྱུང་གནས་ཞེས་པ་ངག་རྒྱུན་དུ་ཆགས་པ་དོན་ལ་གནས་ཞེས་གསུངས་པ་ལྟར། འཕན་ཡུལ་ནི་གནས་མཆོག་ལྷ་ས་དང་ཐག་ཉེ་ཞིང་། གནས་རི་གནས་བཟང་མང་ལ་འགྲིམ་འགྲུལ་སྟབས་བདེ་བ། ཡུལ་གྱི་ཆགས་སྟངས་ནི་སྤང་རི་དང་རྫ་རི་རྒྱ་ཆེ་ཞིང་། རྩྭ་དང་ཤིང་སྣ་ཕུན་སུམ་ཚོགས་པས་འབྲོག་པའི་ཐོན་ཁུངས་ལེགས་པ། ཀླུང་ཐང་རྒྱ་ཆེ་ཞིང་གཤིན་པོའི་ཞིང་ས་གང་སར་ཁྱབ་པས་འབྲུ་རིགས་ཐོན་ཁུངས་བཟང་བ། གཞུང་ལམ་གྱི་གཡས་གཡོན་དང་། གྲོང་དང་ཁྱིམ་གྱི་རྒྱབ་མདུན་གང་སར་སྔོ་ལྗང་ལྗོན་པའི་སྟར་ཕྲེང་གིས་རབ་ཏུ་བརྒྱན་པས་མཁའ་རླུང་གཙང་ཞིང་ཁོར་ཡུག་མངོན་པར་མཛེས་པ་སོགས་བོད་གངས་ཅན་གྱི་ལྗོངས་འདིར་རང་སྐྱིད་མི་སྨོན་གྱི་ཡུལ་ལུང་ངོ་མཚར་ཅན་ཞིག་ཏུ་གྲུབ་ཡོད་ལ། གནས་དེའི་མི་རྣམས་ཀྱང་བློ་རིག་བཀྲ་ཞིང་ལས་ལ་བརྩོན་པ་དང་། ཆོས་སྣང་དཀར་ཞིང་ཞི་བདེར་དགའ་བ། བློ་སྟོབས་ཆེ་ཞིང་དཔའ་ངར་ལྡན་པ། གཡོ་སྒྱུའི་བྱ་སྤྱོད་ལ་མི་དགའ་བ་བཅས་མི་སྣ་སྒལ་ཚིགས་ཅན་ཤ་སྟག་ཏུ་གྲུབ་པ་ནི་ནམ་ཞག་གཏན་གྱི་འཚོ་གནས་དང་། བྱ་སྤྱོད་དག་ལས་གསལ་པོར་མཐོང་ཐུབ་ལ་ལྷག་དོན་བོད་ཀྱི་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ནང་ཆོས་སྲིད་རིག་གནས་གང་སར་སྙན་གྲགས་ཀྱི་བ་དན་ལྷབ་ལྷུབ་ཏུ་གཡོ་བའི་མཁས་དབང་དང་། མི་སྣ་གྲགས་ཅན་གྲངས་ལས་འདས་པ་ཞིག་འཕན་ཡུལ་རིག་པའི་འབྱུང་གནས་ཀྱི་ཞིང་ས་འདི་ནས་ཐོན་དང་འཐོན་བཞིན་པ་དེ་དག་ལས་གསལ་པོར་མཐོང་ཐུབ་ཅིང་། འདིར་མི་སྣ་དེ་དག་གི་ཁྲོད་ནས་དཔེ་མཚོན་ཙམ་ཞིག་དྲངས་ན། རྒྱལ་ཕྲན་སིལ་མ་བཅུ་གཉིས་ཀྱི་དུས་སུ། ཡུལ་ངས་པོའི་ཁྲ་གསུམ་ན། རྗེ་དགུག་གྲིའི་ཟིང་པོ་རྗེ་ཡི་བློན་པོ་མགར་གྱི་རྒྱུད་པ་ལས་མཆེད་པའི་མགར་གྱི་བུ་རྒྱུད་བྱས་པ་ཅན་ཚོ། དེ་བཞིན་ཆོས་རྒྱལ་སྲོང་བཙན་སྒམ་པོའི་ཕྱི་ཡི་བློན་པོ་སྙན་གྲགས་ཅན་མུ་ཁྲི་རྡོ་རྗེ་གནམ་བཙན་དང་། ཆོས་རྒྱལ་སྲོང་བཙན་སྒམ་པོས་རྒྱལ་ཁབ་བརྟན་ལྷིང་དང་སྲ་བརྟན་གྱི་ཕྱིར་ཁོད(ཁྲིམས།)ཆེན་པོ་སུམ་ཅུ་སོ་དྲུག་གཏན་ལ་འབེབས་སྐབས་མཛད་རྗེས་ལྷག་པར་ཆེ་བའི་བློན་ཆེན་དར་རྒྱལ་མང་པོ་རྗེ། བཙན་པོ་ཁྲི་སྲོང་ལྡེ་བཙན་སྐབས་ཀྱི་བློན་པོ་སྙན་གྲགས་ཅན་སྟག་སྒྲ་ཀླུ་ཁོང་དང་། དེ་བཞིན་བོད་ཀྱི་རབ་བྱུང་གི་ཐོག་མ་མཁན་ཆེན་ཞི་བ་འཚོ་ལས་རབ་ཏུ་བྱུང་བའི་སྲས་མི་བདུན་གྱི་ཡ་གྱལ་དང་། རྗེ་འབངས་ཉེར་ལྔའི་ཡ་གྱལ་རྨ་རིན་ཆེན་མཆོག་དང་། ངན་ལམ་རྒྱལ་བ་མཆོག་དབྱངས། སྐབས་དེའི་བོད་ཀྱི་ལོ་ཙཱ་བ་སྙན་གྲགས་ཅན་སྐ་ཅོག་ཞང་གསུམ་གྱི་ཡ་གྱལ་སྐ་བ་དཔལ་བརྩེགས། བསྟན་པ་ཕྱི་དར་གྱི་དུས་སུ་རང་ཅག་ཁ་བའི་ལྗོངས་འདིར་ཇོ་བོ་བཀའ་གདམས་པའི་ལུགས་ཀྱི་ལམ་སྲོལ་དེ་ཉིད་དར་སྤེལ་གཏོང་བར་མཛད་རྗེས་ལྷག་པར་ཆེ་བའི་བཀའ་གདམས་པའི་དགེ་བའི་བཤེས་གཉེན་པོ་ཏོ་བ་རིན་ཆེན་གསལ་དང་། ཕུ་ཆུང་བ་གཞོན་ནུ་རྒྱལ་མཚན། སྤྱན་སྔ་བ་ཚུལ་ཁྲིམས་འབར་བཅས་སྐུ་མཆེད་གསུམ་དང་། གླང་རི་ཐང་པ་རྡོ་རྗེ་སེང་གེ། ཤ་ར་བ་ཡོན་ཏན་གྲགས་སོགས། དེ་བཞིན་དཔལ་ས་སྐྱའི་ལུགས་ཀྱི་མཁས་གྲུབ་གཉིས་ལྡན་བཅོ་བརྒྱད་མཁྱེན་རབ་བྱམས་པ་དང་། གཟིམས་འོག་སྐུ་ཕྲེང་གསུམ་པ་བསྟན་འཛིན་འཕྲིན་ལས། གཟིམས་འོག་སྐུ་ཕྲེང་བཞི་པ་བསྟན་འཛིན་སྙན་གྲགས། བཀའ་བརྒྱུད་ཆེ་བཞི་ཡི་ནང་གསེས་འབའ་རོམ་བཀའ་བརྒྱུད་ཀྱི་སྲོལ་གཏོད་པ་ཆེན་པོ་འབའ་རོམ་དར་མ་དབང་ཕྱུག བསྟན་པ་ཕྱི་དར་དུས་ཀྱི་བོད་ཀྱི་ལོ་ཙཱ་བ་གྲགས་ཅན་པ་ཚབ་ཉི་མ་གྲགས། འཕན་ཡུལ་དུ་འཁྲུངས་པའི་དགའ་ལྡན་ཁྲི་ཐོག་བཅུ་དྲུག་པ་རྒྱ་ར་ཆོས་སྐྱོང་རྒྱ་མཚོ། དགའ་ལྡན་ཁྲི་ཐོག་ཉེར་གཉིས་པ་དགེ་འདུན་བསྟན་པ་དར་རྒྱས། དགའ་ལྡན་ཁྲི་ཐོག་ཉེར་བཞི་པ་བྱམས་པ་རྒྱ་མཚོ། དགའ་ལྡན་ཁྲི་ཐོག་སོ་བཞི་པ་ངག་དབང་ཆོས་ཀྱི་རྒྱལ་མཚན། དགའ་ལྡན་ཁྲི་ཐོག་ཞེ་གཉིས་པ་བློ་བཟང་དོན་ཡོད། དགའ་ལྡན་ཁྲི་ཐོག་ང་བདུན་པ་བསམ་གཏན་ཕུན་ཚོགས། དགའ་ལྡན་ཁྲི་ཐོག་རེ་གསུམ་པ་བློ་བཟང་མཁས་མཆོག དགའ་ལྡན་ཁྲི་ཐོག་རེ་བརྒྱད་པ་བློ་བཟང་དགེ་ལེགས་སོགས་སྙན་གྲགས་ཅན་གྱི་དགའ་ལྡན་ཁྲི་པ་རིམ་བྱོན་བརྒྱད་དང་། སྟག་ལུང་ཁྲི་དཔོན་གྱི་ཁྲི་རབས་བརྒྱད་པ་ཀུན་སྤངས་ནམ་མཁའ་དཔལ་དབྱངས་དང་། ཁྲི་རབས་དགུ་པ་རྒྱལ་དབང་བཀྲ་ཤིས་དཔལ་བརྩེགས་སོགས་སྟག་ལུང་བཀའ་རྒྱུད་ཀྱི་ཁྲི་རབས་རིམ་བྱོན་བརྒྱད། དགའ་ལྡན་ཕོ་བྲང་གི་དུས་སྐབས་སུ་བོད་ཀྱི་ཆོས་སྲིད་རིག་གནས་ཀུན་ལ་མཁྱེན་རྒྱ་ཤིན་ཏུ་ཡངས་པའི་བཀའ་བློན་མདོ་མཁར་ཞབས་དྲུང་ཚེ་རིང་དབང་རྒྱལ། རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པའི་དུས་ཀྱི་བཀའ་བློན་བོད་ཀྱི་དམག་སྤྱི་ཆེན་མོ་ཚ་རོང་ཟླ་བཟང་དགྲ་འདུལ་སོགས་འཕན་ཡུལ་ནས་ཐོན་པའི་སྔོན་བྱོན་མེས་པོ་གྲངས་ལས་འདས་པ་ཞིག་ཡོད་པ་དེ་དག་དང་། དེང་སྐབས་གདན་ས་སེ་ར་ཐེག་ཆེན་གླིང་གི་མཁན་ཟུར་དང་། དགེ་བའི་བཤེས་གཉེན་ཆེན་པོ་དགེ་ཡེ་ཤེས་བྱམས་པ་མཆོག་དང་། བོད་ཀྱི་ས་ཁང་ཐོན་ལས་ཐོག་སྐད་གྲགས་གང་སར་ཁྱབ་ཅིང་དམངས་ཕན་བྱ་གཞག་གི་ཁྲོད་དུ་མཛད་རྗེས་ལྷག་པར་ཆེ་བའི་དར་རྒྱས་ཚོགས་པའི་སྤྱི་ཁྱབ་དབུ་འཛིན་འཕན་པོ་བ་ཉི་མ་ལགས། དེ་བཞིན་བོད་ཀྱི་ཆབ་སྲིད་དང་། དཔལ་འབྱོར། རིག་གཞུང་སོགས་བྱ་གཞག་སྣ་ཚོགས་ཀྱི་ཁྲོད་དུ་སྐྱེ་ས་འཕན་ཡུལ་དུ་སྐྱེས་ཤིང་། འཚར་ས་འཕན་ཡུལ་ན་འཚར་བའི་ཕུལ་བྱུང་གི་མི་སྣ་འབོར་ཆེན་ཞིག་བོད་ཀྱི་ས་ཕྱོགས་གང་ས་ནས་ཐོན་དང་འཐོན་བཞིན་པ་དེ་དག་ལས་གསལ་པོར་མཐོང་ཐུབ་ཀྱང་། ཁྲུང་ཁྲུང་དཀར་ཡང་མཇུག་མ་ནག ཅེས་པའི་དཔེ་ལྟར་དེང་སྐབས་འཕན་པོའི་མི་སྣ་ཉུང་ཤས་ཤིག་གིས་བྱ་སྤྱོད་ཐབས་རྡུགས་པ་ལ་བརྟེན་ནས་འཕན་པོ་བ་ཡོངས་ཀྱི་གདོང་པ་ཆུ་ལ་དབྱུག་སྟེ་མིང་ཆད་ངན་པ་ཞིག་བཟོ་བཞིན་པ་དེ་ཡང་ཁས་ལེན་མི་བྱེད་ཐབས་མེད་དུ་གྱུར་རོ།།
ད་ནི་གཏམ་རྙོག་སྐྱུར་ཏེ་དོན་གྱི་རྡོ་ཁ་བསྟན་ན་འདི་ལྟ་བུའི་འཕན་ཡུལ་གྱི་འབྱུང་བའི་འཕེལ་རིམ་དང་། དམངས་སྲོལ་རིག་གནས་ཀྱི་རྣམ་གྲངས་འགའ་ཞིག་ཡིག་ཐོག་ལ་འགོད་པའི་དགོས་པའམ་དམིགས་ཡུལ་ནི་རླངས་ཀྱི་པོ་ཏི་བསེ་རུ་ལས། ལར་སྐྱེས་པའི་མིས་རང་གི་སྐྱེ་རྒྱུད་མ་ཤེས་ན་ནགས་ཀྱི་སྤྲེའུ་དང་འདྲ། མི་རང་གི་ཆོ་འབྲང་མ་ཤེས་ན་གཡུ་འབྲུག་ཟོལ་མ་དང་འདྲ། ཡབ་མེས་ཀྱི་ཡིག་ཚང་མ་ཤེས་ན་མོན་ཕྲུག་ཡུལ་བོར་བ་དང་འདྲ། ཞེས་གསུངས་པ་ལྟར་རང་ཅག་མི་རབས་རྗེས་མ་རྣམས་ཀྱིས་རང་གི་ཕ་མེས་ཀྱི་ལོ་རྒྱུས་དང་། དམངས་སྲོལ་རིག་གནས་རྣམས་ཤེས་པ་བྱ་རྒྱུ་དེ་ཧ་ཅང་གལ་ཆེར་མཐོང་ཞིང་། ལྷག་དོན་དུ་སྐྱེ་ས་འཕན་ཡུལ་དུ་སྐྱེས་ཤིང་། འཚར་ས་འཕན་ཡུལ་དུ་འཚར་བའི་མི་ཞིག་ཡིན་ན་མི་ཚེ་རི་ལ་བསྐྱལ། རི་དྭགས་ངོ་མི་ཤེས་ཞེས་པའི་དཔེ་ལྟར་མ་ཡིན་པར་རང་གི་ཕ་མེས་ཀྱི་ལོ་རྒྱུས་དང་། ལུས་སེམས་གཉིས་ཀར་ཕན་པ་ཆེ་བའི་དམངས་སྲོལ་རིག་གནས་རྣམས་ཤེས་རྟོགས་དང་། བརྒྱུད་འཛིན་བྱ་དགོས་པ་དེ་ནི་དེ་བས་ཀྱང་གལ་ཆེར་མཐོང་བས་ན་དགོས་པའམ་དམིགས་ཡུལ་དེ་འདྲ་ཞིག་གི་ཆེད་དུ་འཕན་ཟས་ཡུན་རིང་དུ་བཟས་ཤིང་། འཕན་ཆུ་ཡུན་རིང་དུ་བཏུང་བའི་རིན་འབབ་ཏུ་བློ་གྲོས་ཀྱི་རྟ་ཕོར་འབད་པའི་ལྕག་ཚན་གྱིས་བསྐུལ་ཏེ་དངོས་གཞིའི་ནང་དོན་གྱི་ཐང་ཆེན་ཡངས་པོར་ཚིག་དོན་གྱི་གོམ་ཁ་འཇུག་པར་བྱེད་པ་ལས།
ད་ལྟ་རྗོད་བཞིན་པའི་འཕན་པོ་ཞེས་པའི་མིང་དེ་ནི་ཐོག་མར་བོད་ཀྱི་རྒྱལ་རབས་སོ་གཉིས་པ་བཙན་པོ་གནམ་རི་སྲོང་བཙན་གྱིས་བཏགས་གནང་བ་ཡིན་ཞིང་། གནམ་རི་སྲོང་བཙན་གྱི་ཡར་སྔོན་དུ་ཡུལ་དེའི་མིང་ལ་ངས་པོ་ཞེས་བརྗོད་ལ་བཙན་པོའི་མངའ་འོག་ལས་ལོགས་སུ་གྱུར་པའི་རྒྱལ་ཕྲན་ཞིག་ཡིན། དེས་ན་རྒྱལ་ཕྲན་དེ་ཡི་ཐོག་མའི་འབྱུང་ཁུངས་དང་བར་གྱི་འཕེལ་འགྲིབ་སོགས་གསལ་པར་ཤེས་དགོས་ན་བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོའི་ཡར་སྔོན་གྱི་ལོ་རྒྱུས་ལས་གླེང་དགོས་ཤིང་། བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོའི་ཡར་སྔོན་དུ་ཡུལ་ངས་པོའི་ལོ་རྒྱུས་ཀྱི་སྐོར་ལ་ཏུན་ཧོང་གི་ཡིག་ཆ་སོགས་བོད་ཀྱི་ལོ་རྒྱུས་ཡིག་ཆ་རྙིང་པ་རྣམས་ཀྱི་ནང་། ཡུལ་ངས་པོའི་ཁྲ་གསུམ་ན། རྗེ་དགུག་གྲིའི་ཟིང་པོ་རྗེ། བློན་པོ་མགར་དང(མགར་འདི་ནི་མགར་གྱི་རུས་རྒྱུད་ཀྱི་ཁྲོད་ནས་བློན་པོའི་གོ་གནས་བཟུང་བ་ཐོག་མ་དེ་ཡིན་ནོ།།)གཉན་གཉིས། ཞེས་འཁོད་པར་གཞིགས་ན་གཉའ་ཁྲི་བཙན་པོའི་ཡར་སྔོན། རྒྱལ་ཕྲན་སིལ་མ་བཅུ་གཉིས་ཀྱི་དུས་ནས་འཕན་ཡུལ་གྱི་ས་ཆའི་ཁྱབ་ཁོངས་སུ་དགུག་གྲིའི་ཟིང་པོ་རྗེ་ཡིས་རྒྱལ་པོ་དང་། མགར་དང་གཉན་གཉིས་ཀྱིས་བློན་པོ་བྱས་པའི་རང་ཚུགས་ཅན་གྱི་རྒྱལ་ཕྲན་ནམ་རུས་ཚོའི་ཡུལ་སྡེ་ཆེན་པོ་ཞིག་ཆགས་ཡོད་པ་མ་ཟད། སྐབས་དེ་དུས་ནས་ཡུལ་དེའི་མིང་ལ་ངས་པོ་ཞེས་བརྗོད་པ་དེ་ཡང་ཚིག་དུམ་དེ་ལས་གསལ་པོར་རྟོགས་ཐུབ་བོ། །འོན་ཀྱང་བོད་ཀྱི་ལོ་རྒྱུས་དེབ་ཐེར་འགའ་ཞིག་ནང་། ངམ་ཤོད་ཁྲ་སྣར་ཟིངས་རྗེ་ཁྲི་འཕྲང་གསུམ། བློན་མགར་དང་གཉན། ཞེས་དང་ཡང་ན་ངམ་ཤོང་ཁྲ་སྣ་ན་ཞེས་པ་སོགས་འབྲི་ཚུལ་སྣ་ཚོགས་ཤིག་འདུག་པ་ལས་ངམ་ཤོད་དང་ངམ་ཤོང་ཞེས་པའི་ངམ་ནི་ཡིག་ནོར་ཡིན་བཟོ་འདུག་ཅིང་དེའི་དག་དོན་ངོ་མ་ལ་ངས་ཤོད་དམ་ངས་ཤོང་ཞེས་བྲིས་ན་འཚམ་པ་ནི་གནམ་རི་སྲོང་བཙན་གྱི་ཡར་སྔོན་དུ་ཡུལ་དེའི་མིང་ལ་ངས་པོ་ཞེས་བརྗོད་པ་ཡོངས་གྲགས་ཡིན་ལ། ད་དུང་ཤོད་ཅེས་པའི་ཐ་སྙད་དེ་བོད་ཀྱི་ལོ་རྒྱུས་ཡིག་ཆ་རྙིང་པ་རྣམས་ཀྱི་ནང་ཡུལ་མིང་ལ་བཀོལ་སྤྱོད་བྱས་པ་ཧ་ཅང་མང་པོ་ཞིག་ཡོད་པ་དཔེར་ན་སྐྱིད་ཤོད་དང་། ཀླུངས་ཤོད། འདམ་ཤོད། ནག་ཤོད། ལྤགས་ཤོད་སོགས་དང་། ད་དུང་ངམ་ཤོད་ཅེས་པ་ལྷོ་ཁ་བསམ་ཡས་བརྒྱུད་ཀྱི་ས་ཆ་ལ་ཟེར་གྱི་ཡོད་པ་མཁས་པའི་དགའ་སྟོན་དུ་གསལ་ལ། དུང་དཀར་ཚིག་མཛོད་ དུ་ཡང་ངམ་ཤོད་ཅེས་པ་འབྲི་གུང་བརྒྱུད་ཀྱི་ས་ཆ་ལ་ཟེར་གྱི་ཡོད་པའི་སྐོར་གསུངས་འདུག་པས་འཕན་ཡུལ་སྤྱིའི་མིང་ལ་ངས་ཤོད་ཅེས་བྲིས་ན་འཚམ་པ་ནི་གོང་གི་རྒྱུ་མཚན་དེ་དག་ལས་ཤེས་རྟོགས་ཐུབ་བོ། །དེ་ཡང་རྒྱལ་ཕྲན་སིལ་མ་བཅུ་གཉིས་ཞེས་པ་ནི་བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོའི་ཡར་སྔོན་དུ་བོད་གངས་ཅན་གྱི་ཡུལ་དེར་བྱུང་བའི་རྒྱལ་ཕྲན་ནམ་རུས་ཚོའི་ཡུལ་སྡེ་ཆེན་པོ་ཁག་བཅུ་གཉིས་དེ་དག་ཡིན་ཞིང་། བོད་རྒྱལ་གཉའ་ཁྲི་བཙན་པོས་རྒྱལ་ཕྲན་སིལ་མ་བཅུ་གཉིས་དབང་དུ་བསྡུས་ནས་གཅིག་གྱུར་གྱི་སྤུར་རྒྱལ་བཙན་པོའི་རྒྱལ་རབས་ཤིག་བཙུགས་པར་གྲགས་ཀྱང་རྗེས་སུ་རྒྱལ་རབས་འགའ་ཞིག་སོང་བའི་རྗེས་འཕན་ཡུལ་དུ་སླར་ཡང་བཙན་པོའི་མངའ་འོག་ནས་ལོགས་སུ་གྱུར་པའི་རྒྱལ་ཕྲན་སྟོབས་ཆེ་བ་གཉིས་བྱུང་བ་ནི། ཏུན་ཧོང་ཡིག་ཆ་ལས། མཁར་ཕྱིང་བ་སྟག་རྩེ་ན་ནི་རྒྱལ་སྟག་བུ་སྙ་གཟིགས(སྟག་རི་གཉན་གཟིགས།)བཞུགས། ཉེན་ཀའི་རྟིང་པ་ན་ནི་ཟིང་པོ་ཆེ་སྟག་སྐྱ་བོ་མཆིས། སྤུར་བའི་ཡུ་སྣ་ནི་ཟིང་པོ་རྗེ་ཁྲི་པངས་སུམ་མཆིས། (འདིར་སྤུར་བའི་ཡུ་སྣ་ནི་ཟིང་པོ་རྗེ་ཁྲི་པངས་སུམ་མཆིས་ཞེས་གསལ་བ་ལས་སྤུར་བའི་ཡུ་སྣ་ཞེས་པའི་ས་དེ་གང་དུ་ཡིན་མིན་གྱི་སྐོར་ལ་། གྲོང་ཁྱེར་ལྷ་སའི་ལོ་རྒྱུས་རིག་གནས་དེབ་བཞི་པའི་ཤོག་གྲངས15ནང་དེ་སྔའི་ལྷུན་གྲུབ་རྫོང་གནས་ཡུལ་གྱི་མཁར་རྫོང་ཡོད་ས་དེར་གནའ་དུས་ཡུར་པའི་སྤུ་སྣ་ཟེར། དེ་རྗེས་རྨ་ཆ་མཁར་ཞེས་པའང་འབོད་སྲོལ་བྱུང་། རྗེས་སུ་ལྷུན་གྲུབ་ཏུ་གྲགས་ཞེས་བྲིས་འདུག་ཀྱང་བཤད་སྲོལ་དེ་ནི་འཕན་ཡུལ་གྱི་ས་ཆ་དངོས་དང་ལོ་རྒྱུས་ཀྱི་ཡིག་ཆ་ཁག་ལ་དཔྱད་ཞིབ་ནན་ཏན་མ་གནང་བ་ལས་བྱུང་བའི་ནོར་འཛོལ་ཞིག་ཡིན་པ་ནི། དང་པོ་ལོ་རྒྱུས་ཀྱི་དེབ་ཐེར་ཚང་མའི་ནང་སྤུར་བའི་ཡུ་སྣ་ཞེས་བྲིས་ཡོད་པ་ལས་ཡུར་པའི་སྤུ་རྣ་ཞེས་བྲིས་པ་མཐོང་དཀོན་པ་དང་། གཉིས་པ་སྤུར་བའི་ཡུ་སྣ་ཞེས་པའི་ས་ཆ་དེ་ནི་དེང་སྐབས་ལྷུན་གྲུབ་རྫོང་ལྕང་ཤར་ཤང་ལྕང་ཤར་གྲོང་ཚོའི་ཤར་ངོས་རི་འདབས་སུ་ཡོད་པའི་ཟིང་པ་ཞེས་པའི་ས་དེར་ཡིན་པ་འཕན་ཡུལ་གྱི་ལོ་རྒྱུས་ལ་དཔྱད་པ་བྱེད་མི་ཀུན་གྱིས་གཅིག་གྱུར་ཐོག་ངོས་འཛིན་ཞུ་ཡི་ཡོད་ཅིང་། སྤྱི་ལོ1970ལོ་བར་དེར་ཟིང་པ་སྟེང་ཤོད་ཅེས་མི་ཚང་ཐེམ་དུད་གཉིས་གསུམ་ཙམ་ཡོད་ནའང་རྗེས་སུ་རིག་གསར་སྐབས་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསར་འཛུགས་སྐྲུན་བྱེད་དུས་ཟིང་པའི་ཐེམ་དུད་དེ་དག་ཉི་མ་ཁྲུའུ་ཞེས་པའི་གྲོང་ཚོ་དེར་གནས་སྤོས་ཀྱིས་ས་དེར་ད་ལྟ་གྱང་རོའི་ཤུལ་ཙམ་ལས་མཐོང་རྒྱུ་མེད་ནའང་ཁོང་ཚོའི་མི་རབས་ཚ་རྒྱུད་རྣམས་ད་ལྟའང་ཉི་མ་ཁྲུའུ་ཞེས་པའི་གྲོང་ཚོ་དེར་གནས་མུས་སུ་མཆིས་སོ། །ད་ལྟ་ཉི་མ་ཁྲུའུ་ཞེས་བརྗོད་པའི་གྲོང་ཚོ་དེའི་ཐོག་མའི་མིང་ནི་(农牧处)ཟེར་ཞིང་སྤྱི་ལོ1963ལོར་ས་ཆ་དེར་བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཁྲུའུ་དང་འཕན་པོ་རྒྱལ་གཉེར་ཞིང་ར་གཉིས་མཉམ་འབྲེལ་ཐོག་ལས་ཁུངས་ཀྱིས་གཉེར་པའི་ཞིང་ར་ཆུང་ཆུང་ཞིག་གསར་དུ་བཙུགས་ནས་ཞིང་ར་དེའི་མིང་ལ་རྒྱ་སྐད་ཀྱི་ཐོག་ནས་ནུང་སྨུའུ་ཁྲུ་(农牧处)ཞེས་མིང་བཏགས་ནའང་སྐབས་དེ་དུས་ས་ཆ་དེར་གསར་དུ་གནས་སྤོས་ཞུས་པའི་གྲོང་མི་རྣམས་ཀྱིས་རྒྱ་སྐད་མ་ཤེས་སྟབས་རྗེས་སུ་རྒྱ་སྐད་ཀྱི་སྒྲ་ཟུར་ཆགས་ནས་ཉི་མ་ཁྲུའུ་ཞེས་གྲོང་ཚོ་དེའི་མིང་དུ་གྱུར་བ་ཡིན་ནོ།།) ཞེས་གསལ་བ་ལྟར་གནམ་རི་སྲོང་བཙན་གྱི་ཡབ་བཙན་པོ་སྟག་རི་གཉན་གཟིགས་ཀྱི་སྐབས་སུ་བོད་དབུས་ཀྱི་ས་ཆ་འདིར་རྒྱལ་ཕྲན་སྟོབས་ཆེ་བ་གསུམ་ཙམ་མཆིས་པ་ལས་རྒྱལ་ཕྲན་སྟོབས་ཆེ་བ་གཉིས་ནི་འཕན་པོའི་མངའ་ཁོངས་སུ་གྱུར་བའི་ཡུལ་ལུང་འདིའི་སྟོད་སྨད་གཉིས་སུ་ཆགས་ཤིང་། རྒྱལ་ཕྲན་དེ་གཉིས་དང་ཐོག་རྗེ་གུག་ཁྲི་ཟིང་པོ་རྗེ་ཡི་བུ་རྒྱུད་རྣམས་ཀྱིས་ལེགས་པར་བསྐྱངས་པའི་གཅིག་གྱུར་གྱི་རྒྱལ་ཕྲན་ཞིག་ཡིན་ངེས་ཀྱང་། རྗེས་སུ་ཟིང་པོ་རྗེའི་བུ་རྒྱུད་ནང་ཁུལ་དུ་འཆམ་མཐུན་མ་བྱུང་བ་སོགས་ཕྱི་ནང་འགལ་རྐྱེན་སྣ་ཚོགས་ལ་བརྟེན་ནས་རྒྱལ་ཕྲན་གཉིས་སུ་ཁ་གྱེས་པ་ཡིན། འོན་ཀྱང་རྒྱལ་ཕྲན་དེ་གཉིས་སླར་ཡང་གཅིག་གྱུར་དང་། བཙན་པོའི་མངའ་འབངས་སུ་དངོས་སུ་གྱུར་ཚུལ་སོགས་ཀྱི་སྐོར་ལ་ཏུན་ཧོང་ཡིག་ཆའི་ནང་འཁོད་པ་གཞིར་བཟུང་གཡུ་ཕྲེང་ནང་གོ་བདེར་བཤད་པ་འདི་ལྟ་སྟེ། ཡུལ་ངས་པོ་སྟེ་འཕན་ཡུལ་གྱི་ས་ཁོངས་སུ་ཆགས་པའི་ཟིང་པོ་རྗེ་སྟག་སྐྱ་བོ་དང་། ཟིང་པོ་རྗེ་ཁྲི་པངས་སུམ་གཉིས་ལས་ཟིང་པོ་རྗེ་སྟག་སྐྱ་བོ་ནི་གདུག་རྩུབ་ཤིན་ཏུ་ཆེ་ལ་བྱ་བ་ཐམས་ཅད་ཕྱིན་ཅི་ལོག་པ་ཤ་སྟག་བྱེད་དེ། ལེགས་པ་རྣམས་ཉེས་པར་བཏང་། ཉེས་པ་རྣམས་ལེགས་པར་བརྩི། བློ་གྲོས་ལྡན་ཞིང་བསམ་པ་རྣམ་དག་གིས་ལེགས་པའི་གྲོས་བཏོན་པ་རྣམས་ལ་ནི་མི་ཉན། མི་ཁ་མཁས་ངོ་བསྟོད་སྤྲེལ་ལད་འཁྲབ་མཁན་གྱིས་གང་བཤད་ལ་ཉན་ནོ། །དེ་ལྟ་བུའི་སྤྱོད་པར་མི་རྣམས་ཞེ་ཁྲེལ་ལོ། །མཁས་མཛངས་དྲང་བདེན་བྱེད་མཁན་དང་། དཔའ་བོ་བྱས་པ་ཅན་ལ་སྡང་ཟུག་གིས་བརྙས་དམོད་བྱེད། མ་འོས་པའི་ཉེས་ཆད་ནི་ཤིན་ཏུ་ལྕི་བ་གཅོད་པ་སོགས་བྱེད་མི་རུང་བའི་རྣམ་གྲངས་ནི་ཧ་ཅང་མང་ངོ་། །དེ་ལྟར་ཟིང་པོ་རྗེ་སྟག་སྐྱ་བོ་ཆོས་ཉམས་ཤིང་སྲིད་འགྱུར་བས་རྗེ་བོ་བྱ་བ་ངན་རྒུ་བྱེད་པ་མི་གཅིག་གིས་མཐོང་ནས་མི་ལེགས་ཞེས་གསལ་འདེབས་ཞུས་ན། དེ་ལ་མི་འོས་པའི་ཉེས་ཆད་ནན་པོ་གཅོད་ཅིང་། གཤེ་གཤེ་དྲག་པོ་ཕོག་པས་སུ་ཞིག་གིས་ཀྱང་རྒྱུ་མཚན་ཤོད་མི་ཕོད་དོ། །དཔོན་པོ་ནི་གོང་ན་ཁྲོ་ཞིང་གཏུམ། བྲན་གཡོག་ནི་འོག་ན་སྐྲག་ཅིང་འདར། དཔོན་པོ་ནི་གོང་ན་སྨྱོ། འབངས་འཁོར་ནི་འོག་ན་ཁ་ཐོར་རོ། །གཅིག་ལ་གཅིག་ཡིད་མི་རྟོན་ཏེ་བསམ་པ་ཐ་དད་དུ་གྱུར་རོ། །ཟིང་པོ་རྗེ་ངན་ལང་དུ་ཤོར་ཏེ། གང་དང་ཅི་ལ་ཡང་ལྡོག་ཕྱོགས་ཀྱི་ངན་པ་དགུ་བྱས་པས། ཡུལ་གྱི་ཆབ་སྲིད་ཀྱང་ཉམས་པར་གྱུར་རོ། །མི་ཀུན་ཀྱང་དཔོན་པོ་ལ་ལྐོག་ལབ་རྒྱག་གོ །དེ་ནས་ཟིང་པོ་རྗེ་སྟག་སྐྱ་བོའི་བློན་པོ་གཉན་འཛི་ཟུང་ནག་པོས་རྗེ་བོ་ལ་ཞུས་པ། རྗེ་བོ་ཁྱེད་གང་ལའང་ལོག་པ་ཞེ་ཅིག་མཛད་པས། རང་ཅག་གི་སྲིད་ནི་སྲིད་དང་མི་མཐུན། ཆོས་ནི་ཆོས་དང་མི་མཐུན་པས། ཡུལ་གྱི་མི་དབུལ། སྲིད་ཀྱི་ཉམས་དམའ་སྟེ། ཕལ་ཆེར་བརླག་ཟིན་པས་ཅི་དྲག་ཅེས་སྨྲས་ན་ཡང་། ཟིང་པོ་རྗེ་ཉན་དུ་མ་འདོད་པར། དེ་སྐད་ཟེར་བ་ཉེས་སོ་ཞེས་འཛི་ཟུང་བློན་པོ་ནས་ཕུད་དོ། །དེས་ན་འཛི་ཟུང་ཡིད་མ་རངས་པར་ཟིང་པོ་རྗེ་ཁྲི་པངས་སུམ་ལ་མགོ་བཏགས་ཏེ། གནོད་སེམས་བཅངས་ནས་སྟག་སྐྱ་བོར་ངོ་ལོག་བརྒྱབ། དྲེའུ་འདྲོགས་ཏེ་བསེ་སྒ་བཅག་པའི་དཔེ་ལྟར། སྟག་སྐྱ་བོའི་མངའ་ཁོངས་ཡུལ་ཡེལ་རབས་སྡེ་བཞི་དང་། ཀླུང་ཡ་གསུམ་རྣམས་ཟིང་པོ་རྗེ་ཁྲི་པངས་སུམ་གྱི་མངའ་འོག་ཏུ་བསྡུས་སོ། །དེའི་བྱ་དགར་མནའ་གཙིགས་དོན་ཐོག་ཏུ་བཀལ་ནས་མཁར་སྡུར་བས་བཅད་དེ། ཀླུང་ཡ་གསུམ་གྱི་སྨད་གཉན་འཛི་ཟུང་གི་བྲན་དུ་སྤྲད་དོ། །དེའི་ཁོངས་སུ་མྱང་ནམ་ཏོ་རེ་ཁྲུ་གུ་དང་། སྨོན་ཏོ་རེ་ཙེང་སྐུ་ཕ་བུ་ཡང་འཛི་ཟུང་གི་བྲན་དུ་ཚུད་དོ། །དེ་ནས་འཛི་ཟུང་གི་ཆུང་མ་པ་ཚབ་བཟས་མྱང་བྲན་དུ་ཐོབ་པ་ལ་ཁེངས་དྲེགས་སྐྱེས་ཏེ། བརྙས་བཅོས་མ་རུང་པ་བྱས་པ་ལ་མྱང་ཙེང་སྐུ་ཁོང་ཁྲོ་ལངས་ནས། ཟིང་པོ་རྗེ་ཁྲི་པངས་སུམ་ལ། གཉན་གྱི་བྲན་གཡོག་བྱེད་མི་ཐུབ་ཅེས་ནན་གྱིས་ཞུས་པས། ཟིང་པོ་རྗེས། གཉན་འཛི་ཟུང་ལས་ང་ལ་བློ་དཀར་བ་མེད་ན། ཁོའི་བྲན་དུ་ཁྱོད་བཀོལ་མི་རུང་བ་མེད། རྗེ་མོས་བརྙས་བཅོས་དེ་ལྷག་བྱས་ནའང་རྗེ་མོ་ལ་དབང་ཡོད་པས་ཉེས་པ་མེད་དོ་ཟེར་ནས་ཁས་མ་བླངས་སོ། །
ཚིག་དེས་ཙེང་སྐུ་ཤིན་ཏུ་མི་དགའ་བར་ཡིད་ཆད་དོ། །དེ་ནས་ཡང་ཟིང་པོ་རྗེའི་གཉེར་པ་དབའ་ཤོས་ཏེ་ར་ཁུ་གུ་དང་། གཤེན་ཁྲི་བཞེར་འདོན་ཁོང་གཉིས། འཕྲེན་པའི་རྫིང་གི་ཁར་འཁྲུག་འཛིང་ཐུག་ནས་གཤེན་གྱིས་དབའ་བསད་དོ། །དབའ་ཡི་ཕུ་བོ་ཕངས་ཏོ་རེ་དབྱི་ཚབ་ཀྱིས་ཟིང་པོ་རྗེ་ལ། ངའི་ནུ་བོ་གཤེན་གྱིས་བསད་སོང་བས་སྟོང་འབབ་(སྟོང་འབབ་ཅེས་པ་ནི་བསད་པ་སྟོང་གི་ཞལ་ལྕེ་ཞེས་སྔ་དུས་མི་བསད་ན་གསོད་མཁན་ལ་ཉེས་པ་བཅོད་པའི་ཁྲིམས་སྲོལ་ཞིག་ཡོད་པ་དེ་ལ་ཟེར།) གནང་རོགས་ཞེས་ཞུས་པར། ཟིང་པོ་རྗེས། གཤེན་ཁྲི་བཞེར་ཁོལ་ཚབ་ནང་བློན་བྱེད་པའི་ངོ་མ་གཅོག་པར། དགེ་བས་མི་དགེ་བ་བསད་ན། བསད་དུ་ཟད་དོ་ཞེས་ཟེར་རོ། །ཚིག་དེས་དབྱི་ཚབ་ཀྱང་ཤིན་ཏུ་མ་འདོད་པར་ཡིད་ཆད་དོ། །དེ་ནས་མྱང་དང་དབའ་གཉིས་ཀ་ཡིད་ཆད་དེ་མཉམ་དུ་ལོག་གོ །དབྱི་ཚབ་སྔོན་ལ་འགྲོ ཙེང་སྐུ་རྗེས་སུ་བསྐྱོད་བཞིན་ཁྱིམ་དུ་འོང་སྐབས། ཙེང་སྐུས་ཆིག་ལབ་བརྒྱབ་ནས་སྨྲས་པ།
ཆུ་བོ་ཆེན་པོའི་ཕ་རོལ་ན། །ཡར་ཆབ་གཙང་པོའི་ཕ་རོལ་ན།།
མི་ནི་མི་ཡི་བུ་ཡིན་ཡང་། །དོན་ལ་ལྷ་ཡི་སྲས་པོ་བཞུགས།།
བདེན་པའི་རྗེ་ཡིས་བཀོལ་ན་དགའ། །བདེན་པའི་སྒ་ནི་གཏད་ན་དགའ།།
ཞེས་ཡིད་ལ་བསམ་པ་ཁ་ནས་ཤོར་བ་དེ། དབྱི་ཚབ་མདུན་ན་འགྲོ་བའི་རྣ་བར་ལྷང་ངེར་ཐོས་ནས། ཙེང་སྐུ་ཁྱོད་ལས་བདེན་པ་མེད། ང་ཡང་འདི་ལས་མ་རངས་པ་མེད་པས། ཁྱོད་བསམ་པ་དང་མི་འདྲ་རི་ཞེས་མནའ་བསྐྱལ་ལོ། །དེ་ནས་མྱང་དབའ་གཉིས་ཟིང་པོ་རྗེ་ལ་བློ་ལོག་སྟེ། བཙན་པོ་སྤུ་རྒྱལ་ལ་ངོ་བལྟ་བར་འདོད་ནས་མནའ་ཐོ་ཡང་ཆེན་པོ་བཅད་དོ། །དེ་རྗེས་དབའ་དབྱི་ཚབ་ཀྱིས་ཞང་པོ་མནོན་བཟང་ཏོ་རེ་སྲོན་དང་ཡང་གྲོས་བྱས་ཏེ་མནའ་བསྐྱལ་བ་ལས། མནོན་ཏོ་རེ་ཤི་ནས་ཁོའི་བུ་པང་སུམ་འདྲོན་པོ། ཟིང་པོ་རྗེའི་ནང་འཁོར་བྱེད་པ་ཡང་གྲོས་ལ་བཅུག་ནས་མནའ་བསྐྱལ་ལོ། །དེ་ནས་མྱང་དབའ་མནོན་གསུམ་གྱིས་ཚེས་པོ་ནག་སེང་བརྒྱུད་ནས། སྤུ་རྒྱལ་སྟག་བུའི་སྙན་དུ་སྒྲོན། བཙན་པོའི་ཞལ་ནས་ངའི་སྲིང་མོ་ཞིག་ཀྱང་ཟིང་པོ་རྗེའི་གམ་ན་ཡོད་མོད་ཀྱང་། ཁྱེད་ཅག་གིས་ཟེར་བ་བཞིན་བྱའོ་ཞེས་བཀའ་བསྩལ་ནས། མྱང་དབའ་མནོན་གསུམ་མནའ་སྐྱེལ་དམ་བཅའ་འཇོག་ཕྱིར་མཁར་ཕྱིང་བ་སྟག་རྩེར་བསྐྱོད་དོ། །ཉིན་མོ་ནི་ཕག་ཚལ་བྱ་བའི་ནགས་གསེབ་ཏུ་གབ་ཅིང་། མཚན་མོ་ཕྱིང་བར་ཕྱིན་ནས་གསང་གྲོས་མནའ་ཚིག་འཇོག་པའི་དུས་སུ། ཡར་ལུང་གི་འབངས་མི་རྣམས་ཀྱིས་དཔྱད་པ་བརྗོད་པར། མི་ཧྲག་རྟ་བཟང་ཞོན(བཞོན།)པ་འགའ། །ཉིན་བཞིན་ཕག་ཚལ་ནགས་སུ་ཡིབ། །མཚན་བཞིན་ཕྱིང་བ་སྟག་རྩེར་འགྲོ །དགྲ་བོ་ཡིན་ནམ་གཉེན་ཅི་ཨང་། །ཞེས་སྨྲའོ། །འོན་ཀྱང་ཟིང་པོ་རྗེ་ལ་དམག་མ་དྲངས་གོང་དུ་བཙན་པོ་སྟག་བུ་སྙ་གཟིགས་སྐུ་གཤེགས་སོ། །དེ་ནས་ཡབ་གཤེགས་པའི་རྗེས་སུ་ཡབ་ཀྱི་སྲས་བཙན་པོ་སློན་བརྩན་དང(གནམ་རི་སྲོང་བཙན།)སློན་ཀོལ་སྐུ་མཆེད་གཉིས་ལ། མྱང་ཙེང་སྐུ་དང་། དབའ་དབྱི་ཚབ། དབའ་མྱེས་སྣང་། དབའ་པུ་ཚབ། གནོན་འདྲོན་པོ། ཚེས་པོང་ནག་སེང་དྲུག་གིས་མནའ་སྐྱེལ་དམ་བཅའ་ཕུལ་བའི་ཚིག་ནི། ད་ཕན་ཆད། ཟིང་པོ་རྗེ་རྒྱབ་ཏུ་མི་འདོར་རི། སྤུ་རྒྱལ་སྤང་དུ་མི་ལེན་རི། བཙན་པོ་སྤུ་རྒྱལ་ལ་བློ་ལོག་བྱེད་རི། ཞབས་འདྲེན་ཞུ་རི། གསང་རྒྱ་ཐུབ་པ་མི་བྱེད་རི། ཕྱི་མ་ནང་བྱེད་རི། ཐེ་ཚོམ་བྱེད་རི། བརྟུལ་ཕོད་པར་མི་བྱེད་རི། སྲོག་བློས་གཏོང་མི་བྱེད་རི། བཙན་པོ་སློན་བརྩན་གྱིས་བཀའ་ཅི་གནང་བ་བཞིན་མི་ཉན་རི། གཞན་སུས་བསླུས་ཀྱང་ཉན་རི་ཞེས་མནའ་ཚིག་ཕུལ་ལོ། །མྱང་ཙེང་ཅུང་དང་། མྱང་མུ་གསེང་། ཚེས་པོང་ན་གུ དབའ་མྱེས་སྣང་། དབའ་པུ་ཚབ་རྣམས་ཀྱང་མནའ་ཚིག་འབུལ་པའི་ཁོངས་སུ་གཏོགས་སོ། །དེ་ནས་དམག་འདྲེན་པའི་དུས་ཚོད་གཏན་འཁེལ་གནང་བ་ལྟར་ཁོ་ཚོ་འབྱོར་རོ། །གཅུང་སློན་ཀོལ་དང་ཡུམ་སྟོང་བཙུན་གཉིས་ལ་ཡུལ་གྱི་གཉེར་ཁ་བཅོལ་ནས། བཙན་པོ་ཁྲི་སློན་བརྩན་སྐུ་ངོ་མས་དམག་མི་ཁྲི་ཕྲག་ཙམ་ཁྲིད་ནས་དཔུང་དྲངས་སོ། །མྱང་ཙེང་སྐུ་དང་། གནོན་འདྲོན་པོ་གཉིས་སྟག་པ་ཤ་རུ་ལ་ཚུན་ཆད་དུ་སོ་ལྟ་མྱུལ་ཞིབ་བྱེད་པར་སྔོན་ལ་བཏང་ངོ་། །དབའ་དབྱི་ཚབ་དང་ཚེས་པོང་ནག་སེང་གཉིས་ཀྱིས་བཙན་པོ་སྤྱན་དྲངས་ཏེ། ཆུ་བོ་ཆེན་པོར་རབ་བརྒལ་ནས་ལམ་བཏོད། ནགས་ཚལ་དང་ན་ཐང་གཤགས་ཏེ་གཡུལ་བཤམས་ནས། མཁར་ཡུ་སྣ་ནི་གཏོར། དགུ་གྲི་ཟིང་པོ་རྗེ་ནི་བརླག་གོ (དགུ་གྲི་ཞེས་པའི་ཐ་སྙད་འདི་ཟིང་པོ་རྗེ་ཞེས་པ་ལྟར་སྔར་འཕན་ཡུལ་དུ་བྱུང་བའི་རྗེ་དཔོན་རྣམས་ཀྱི་མཚན་གྱི་དབུར་གཅིག་མཚུངས་སུ་སྤྱོད་པའི་ཐ་སྙད་ཅིག་ཡིན་ན་མ་གཏོགས་གོང་དེར་ཟིང་པོ་རྗེ་ཁྲི་པངས་སུམ་ཞེས་བརྗོད་མུས་ལ་འདིར་དེ་ལྟར་མ་བརྗོད་པར་དགུ་གྲི་ཟིང་པོ་རྗེ་ཞེས་བརྗོད་པ་དེར་ཅུང་ཟད་དཔྱད་དགོས་པར་འདུག་ཅིང་། དེ་གང་ཡིན་ཞེ་ན་དགུ་གྲི་ཟིང་པོ་རྗེ་ཞེས་པ་དེ་ནི་བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོའི་ཡར་སྔོན་དུ་བོད་གངས་ཅན་གྱི་ཡུལ་དུ་ཆགས་པའི་རྒྱལ་ཕྲན་སིལ་མ་བཅུ་གཉིས་ཀྱི་ཡ་གྱལ་དུ་གྱུར་བའི་ཡུལ་ངས་པོའི་རྗེ་བོ་ཞིག་གི་མིང་ཡིན་པ་གོང་དུ་བརྗོད་ཟིན་པ་ལྟར་རོ།)།མང་པོ་རྗེ་སུམ་བུ་ནི་དྲུ་གུའི་ཡུལ་དུ་བྲོས་སོ། །ཕག་གི་ཡུང་བ་སྣ་མན་ཆད། ཀོང་པོ་བྲེ་སྣ་ཡན་ཆད་བཙན་པོའི་ཕྱག་ཏུ་ལོན་ནོ། །བཙན་པོ་ཁྲི་སློན་བརྩན་ཏེ་གནམ་རི་སྲོང་བཙན་གྱིས་བཀའ་ཕབ་སྟེ། སྔར་ཡུལ་ངས་པོ་ཟེར་བར། འཕན་ཡུལ་ཞེས་མིང་བརྗེས་སོ།(འཕན་ཞེས་པ་ནི་ཡངས་པའི་དོན་ཏེ་རྒྱ་ཆེ་བ་དང་གུ་ཡངས་པ་ལ་གོའོ།།)།དེ་ནས་ངས་པོའི་འབངས་དབའ་དབྱི་ཚབ་ལ་སོགས་པས། བཙན་པོའི་མཚན་གསོལ་བ། ཆབ་སྲིད་ནི་གནམ་ལས་མཐོ། དབུ་རྨོག་ནི་རི་བས་བཙན་ཏེ། གནམ་རི་སློན་བཙན་དུ་བཏགས་སོ། །དེ་ལྟར་མྱང་དབའ་མནོན་གསུམ་གྱིས་ཟིང་པོ་རྗེའི་སྲིད། བཙན་པོ་སྤུར་རྒྱལ་གྱི་ཕྱག་ཏུ་བསྟར་རོ། །ཞེས་གསལ་ཞིང་དུས་དེ་ནས་བཟུང་འཕན་ཡུལ་གྱི་ཁྱབ་ཁོངས་སུ་ཡོད་པའི་ཡུལ་སྡེ་ཡོངས་རྫོགས་བཙན་པོའི་མངའ་ཁོངས་སུ་དངོས་སུ་གཅིག་གྱུར་བྱུང་ནས་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ནང་འཕན་ཡུལ་དེ་ཉིད་རྒྱལ་ཕྲན་ཆུང་ངུ་ཞིག་གི་མངའ་འོག་ཏུ་སྲིད་དབང་སྒེར་འཛིན་བྱེད་པའི་ལམ་ལུགས་ཡོངས་སུ་མཇུག་སྒྲིལ་ཏེ་འཛམ་གླིང་ས་ཡི་ཡངས་སྟེང་བོད་གངས་ཅན་གྱི་ལྫོངས་འདིར་གཅིག་གྱུར་དང་། སྟོབས་ལྡན་གྱི་བཙན་པོའི་རྒྱལ་རབས་ཤིག་གསར་འཛུགས་བྱ་རྒྱུར་རྨང་གཞི་བརྟན་པོ་ཞིག་འདིང་ཐུབ་པ་བྱུང་ཡོད། དེ་རྗེས་བཙན་པོ་གནམ་རི་སྲོང་བཙན་གྱི་སྲས་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་དུས་སུ་བོད་ཀྱི་ཁྱབ་ཁོངས་སུ་ཡོད་པའི་རྒྱལ་ཕྲན་ཆེ་ཆུང་ཐམས་ཅད་བཙན་པོའི་དབང་འོག་ཏུ་བསྡུས་ནས་བོད་ཡོངས་གཅིག་གྱུར་གྱི་སྟོབས་ལྡན་བཙན་པོའི་རྒྱལ་རབས་ཤིག་བཙུགས་རྗེས། ཐོག་མར་བོད་ཀྱི་ཆོས་སྲིད་རིག་གནས་དཔལ་འབྱོར་དང་བཅས་པ་གོང་དུ་འཕེལ་ཕྱིར་ཐོན་མི་སམ་བྷོ་ཊ་རྒྱ་གར་དུ་མངགས་ནས་རྒྱ་གར་གྱི་ཡིག་རིགས་རྣམས་མཐར་ཕྱིན་པ་བསླབས་ཏེ་བོད་དུ་ཕྱིར་ལོག་ཕེབས་རྗེས་སྐུ་ངལ་འཛེམ་མེད་ཀྱིས་ད་ལྟ་ངེད་ཚོས་སྤྱོད་བཞིན་པའི་བོད་ཡིག་འདི་ཉིད་གསར་གཏོད་གནང་བ་དང་། དེ་རྗེས་རྒྱལ་ཁབ་ཡུན་དུ་བརྟན་ལྷིང་དང་། མི་དམངས་ལ་ཞི་བདེ་བག་ཕེབས་ཀྱི་ཁོར་ཡུག་ཅིག་བསྐྲུན་ནས་ཞིང་འབྲོག་ཐོན་སྐྱེད་གོང་འཕེལ་དང་། མཐའ་མཚམས་བརྟན་སྲུང་ཐུབ་པ་བཅས་དགོས་པ་དུ་མའི་ཕྱིར་ཁོད(ཁོད་ཅེས་པ་ནི་འཇིག་རྟེན་ཁོད་སྙོམས་པར་ཁྲིམས་ལ་བརྟེན་དགོས་པས་སྐབས་དེར་ཁྲིམས་ཞེས་པའི་ཐ་སྙད་ཀྱི་ཚབ་ཏུ་ཁོད་ཅེས་བརྗོད་པའོ།)སུམ་ཅུ་སོ་དྲུག་ཅེས་ཁྲིམས་སྲོལ་ཆེན་པོ་སུམ་ཅུ་སོ་དྲུག་གཏན་འབེབས་གནང་ཞིང་། ཁྲིམས་སྲོལ་དེ་དག་བཟོ་བའི་བརྒྱུད་རིམ་ནང་བློ་རིག་བཀྲ་བའི་འཕན་པོ་བ་མང་པོ་རྗེ་དང་། མཆིམས་མང་བཞེར་ངན་པ་གཉིས་ཀྱིས་མཛད་རྗེས་ཧ་ཅང་ཆེན་པོ་བཞག་གནང་ཡོད་པ་ནི་གཡུ་ཕྲེང་ལས། དེ་ལྟར་རྒྱལ་པོས་བློན་པོ་རྣམས་ལ་ཁོད་བཟོ་དགོས་པའི་རྒྱུ་མཚན་རྣམས་བཀའ་ཕབ་སྟེ་ཁོད་བཅའ་ཡུལ་གྱི་ས་གནས་དང་། ཁོད་དཔོན་རྣམས་གཏན་ལ་ཕབ་པ་ནི། བོད་ཀྱི་ཁོད་བཅའ་ཡུལ་སྐྱིད་ཤོད་ཤོ་མ་ར་དང་། (སྐྱིད་ཤོད་ཤོ་མ་ར་ཞེས་པའི་ས་ཆ་དེ་ནི་ལྷུན་གྲུབ་རྫོང་ཕོད་མདོ་ཤང་དབུ་རུ་ལུང་ཁུལ་དུ་ཤོ་མ་ར་ཟེར་བའི་ལུང་པ་ཞིག་ཡོད་པ་དེ་ལ་ཟེར་སྐད།) ཁོད་དཔོན་བློན་ཆེན་པོ་མགར་སྟོང་བཙན་ཡུལ་བཟུང་ཞེས་པ་སོགས་ཁོད་བཅའ་ཡུལ་གྱི་ས་གནས་ཆེན་པོ་བཞི་ཙམ་ལ་གཏན་འབེབས་གནང་ཞིང་། ཁོད་དཔོན་མགར་གྱིས་འཕན་ཡུལ་དར་རྒྱལ་ན(འཕན་ཡུལ་དར་རྒྱལ་ཞེས་པ་དེ་ནི་རྒྱལ་པོ་བླ་རིའི་རི་རྒྱུད་འབྲེལ་མཚམས་ཀྱི་ཤར་ཕྱོགས་སུ་དར་ཡུལ་ཞེས་པའི་ལུང་པ་ཕུ་ཐག་རིང་པོ་ཞིག་ཡོད་པ་དེར་ཟེར་བ་མིན་ནམ་སྙམ།)ཕྲུ་གུ་མང་པོ་རྗེ་བྱ་བ་སྤྱང་གྲུང་འཛོམས་ལ་རིག་པ་ཤིན་ཏུ་རྣོ་བ་ཞིག་ཡོད་པ་ཐོས་ནས་བློན་པོ་བཞི་ཕྲུ་གུ་དེ་འཚོལ་དུ་བཏང་བས་འཕན་ཡུལ་དུ་ན་མ(ན་མ་ཞེས་པ་ན་ཁ་དང་དོན་འདྲ་ཞིང་། དམངས་ཁྲོད་དུ་སྤང་གཤོངས་ཀྱི་དཀྱིལ་དུ་སྤང་འབུར་འབུར་ཆེ་ཆུང་སྣ་ཚོགས་ཡོད་ས་དེར་ན་ཁ་ཞེས་བརྗོད་ལ་མིང་གཞན་སྤོ་ཐོ་ཡང་ཟེར་སྲོལ་ཡོད།)ཆེན་པོ་ཞིག་གི་སྣེར་ཕྲུ་གུ་དེ་དང་འཕྲད་ཀྱང་ངོ་མ་ཤེས། བློན་པོ་ཚོས་ཕྲུ་གུ་དེ་ལ་འདི་ནས་ཕར་འགྲོ་བ་ལ་ན་ཁ་འདིའི་དཀྱིལ་ལ་ཐད་ཀར་འགྲོའམ། ཡང་ན་མཐའ་བསྐོར་ན་ལེགས་ཞེས་དྲིས་པས་ཕྲུ་གུ་དེས་ཁྱོད་ཚོ་དལ་ན་གཞུང་ཆོད། རིངས་ན་མཐའ་བསྐོར་བ་ལེགས་ཞེས་བཤད་པ་དེའི་གོ་དོན་ནི་ན་ཁ་དེའི་དཀྱིལ་ལ་ཕྱིན་ན་འདམ་དོང་ནང་ཚུད་དེ་ཡུན་རིང་འགོར་སྲིད་པ་དང་། མཐའ་བསྐོར་ན་འདམ་དོང་མེད་པར་ལམ་བདེ་བས་མགྱོགས་པར་སླེབས་ཐུབ་ཅེས་བོད་ཀྱི་གཏམ་དཔེར་བསྐོར་ན་ལམ་བདེ་ཞེས་ཤོད་རྒྱུན་ཡོད་པ་ལྟར་ཡིན་རུང་། བློན་པོ་ཚོས་མང་པོ་རྗེའི་སྐད་ཆ་དེ་ལོག་གཏམ་ལྟ་བུར་གོ་ནས་ན་ཁ་དེའི་དཀྱིལ་ལ་ཐད་ཀར་ཕྱིན་པས་འདམ་དོང་ནང་ཚུད་ནས་ཡུན་རིང་འགོར། དེ་ནས་གྲོང་ཚོ་ཞིག་ལ་སླེབས་དུས་ཕྲུ་གུ་དེ་ནི་ཁོང་ཚོའི་སྔོན་ལ་འབྱོར་འདུག་པ་ལ་ཁྱོད་རང་གི་ཕ་མ་གཉིས་གང་དུ་སོང་ངམ་ཞེས་དྲིས་པར། ཕྲུ་གུ་དེས་ཨ་ཕ་གཏམ་འཚོལ་དུ་སོང་། ཨ་མ་མིག་འཚོལ་དུ་སོང་། ཞེས་ལན་བཏབ། གཏམ་དེར་ཡ་མཚན་སྐྱེས་ནས་བསྡད། དེ་ནས་ཡུད་ཙམ་སོང་བས་ན་ཕྲུ་གུ་དེའི་ཨ་ཕས་ཆང་ཞིག་འཁྱེར་བྱུང་བ་དང་། ཨ་མས་སྒྲོན་མེ་ཞིག་འཁྱེར་བྱུང་བས་བློན་པོ་ཚོའི་སེམས་ལ་ཆང་ནི་གཏམ་འཕེལ་བའི་རྐྱེན་དང་། སྒྲོན་མེ་ནི་མཚན་མོའི་མིག་ཡིན་ཟེར་བ་རྟོགས་ནས་ཕྲུ་གུ་དེ་དངོས་འབྲེལ་རིག་པ་རྣོ་བས་དར་རྒྱལ་མང་པོ་རྗེ་ཡིན་པ་ཤེས་ཏེ་ཁོང་སྐྱིད་ཤོད་ཤོ་མ་རར་ཁྲིད་དེ་མགར་གྱིས་ཁོད་གཤོམ་དུ་བཅུག་རུང་ཁོས་ཀྱང་གཤོམ་མ་ཐུབ་པར་གྲགས། དེ་ནས་དར་རྒྱལ་མང་པོ་རྗེས་མཆིམས་མང་བཞེར་ངན་པ་ཟེར་བ་དེ་ཡོན་ཏན་ཅན་ཞིག་ཡིན་པ་ཐོས་ནས་དེའི་བློ་རྐུ་བའི་ཕྱིར་མཆིམས་མང་བཞེར་ངན་པའི་སར་སོང་སྟེ་རི་ལ་ཆང་སྦས། ཤ་སྐམ་ཚྭ་ཆུ་བྱུགས་པ་གུད་དུ་ཁྱེར་ནས་མཆིམས་མང་གཞེར་ངན་ལུག་རྫི་བྱེད་རེས་འཁེལ་བའི་ཉིན་མཆིམས་ཀྱི་རྗེས་དེད་ནས་ཕྱིན་ཏེ་མཆིམས་ལ་བོད་ཀྱི་ཁོད་དར་རྒྱལ་མང་པོ་རྗེས་གཤོམ་ཟེར་བ་ཐོས་པས་གཤོམ་ནུས་སམ་ཞེས་བློ་རྐུ་བའི་ཕྱིར་དྲིས་པས་ན། མཆིམས་ཀྱིས་བོད་ཀྱི་ཁོད་གཤོམ་ནུས་པ་ང་མ་གཏོགས་གཞན་སུ་ཡང་མེད། འོན་ཀྱང་ང་ནི་ཁོད་གཤོམ་འདོད་མི་འདུག་ཅེས་ལན་བཏབ། དེ་ནས་མང་པོ་རྗེས་མཆིམས་ལ་ཤ་སྐམ་ཚྭ་ཆུ་བྱུགས་པ་དེ་ཡང་ཡང་བྱིན་པ་བཟས་པས་མཆིམས་ཁ་སྐོམ་སྟེ་བཟོད་གླག་མེད་པར་གྱུར་རྗེས་ད་ལྟ་ང་ལ་སྐོམ་ཆང་སྟེར་མཁན་ཞིག་བྱུང་ན་མི་དེས་ཅི་ཟེར་ཉན་ཞེས་བཤད་པ་བཞིན་ཆང་བཏོན་ནས་མཆིམས་ལ་ཡང་ཡང་དྲངས་ཏེ་བཟིར་བཅུག དེ་ནས་མཆིམས་ལ་བོད་ཀྱི་ཁོད་ཇི་ལྟར་གཤོམ་དགོས་དྲིས་པར། ཁོས་ཐོག་མར་རུ་མཚམས་དབྱེ་སྟངས་དང་། ཡུལ་བགོ་སྟངས། རྒོད་གཡུང་གི་སྡེ་འབྱེད་སྟངས་སོགས་ཞིབ་པར་སྨྲས་ནས་མཆིམས་གཉིད་དུ་སོང་བའི་སྐབས་མང་པོ་རྗེ་དེ་ནས་བྲོས་ཏེ་མཆིམས་ཀྱིས་ཁོད་གཤོམ་སྟངས་བཤད་པ་ཇི་བཞིན་མགར་སྟོང་བཙན་དང་། དར་རྒྱལ་མང་པོ་རྗེ་གཉིས་ཀྱིས་བོད་ཀྱི་ཁོད་བཤམས་པར་གྲགས། ཞེས་གོང་གསལ་གྱི་ཚིག་དུམ་དེར་ཕར་བལྟས་ན་སྒྲུང་གཏམ་ལྟ་བུ་ཞིག་ཡོད་ཀྱང་སྒྲུང་གཏམ་དེ་ལས་སྐབས་དེའི་བོད་ཀྱི་ཁྲིམས་ལུགས་བཟོ་བའི་བྱ་གཞག་ཁྲོད་བློན་ཆེན་དར་རྒྱལ་མང་པོ་རྗེ་དང་། མཆིམས་མང་བཞེར་ངན་པ་གཉིས་ཀྱིས་མཛད་རྗེས་ཧ་ཅང་ཆེན་པོ་བཞག་པ་དེ་མཚོན་པར་བྱས་ཡོད་ལ། དེས་འཕན་ཡུལ་གྱི་མི་རྣམས་ནི་སྔར་གྱི་དུས་ནས་སྤྱང་གྲུང་ལྡན་ལ་བློ་རིག་བཀྲ་བ་ཞིག་ཡོད་པ་དེ་གང་ལེགས་མངོན་པར་བྱས་ཏེ་བོད་བཙན་པོའི་རྒྱལ་རབས་ཀྱི་དུས་ནས་ཡུལ་འདིར་འཕན་ཡུལ་རིག་པའི་འབྱུང་གནས་ཞེས་ངག་རྒྱུན་དུ་ཆགས་ལ་ངག་རྒྱུན་དེ་ཉིད་རིམ་པས་ཡོངས་གྲགས་སུ་གྱུར་ཏེ་ད་ལྟ་ནས་བརྩིས་པའི་ལོ་ངོ་དགུ་བརྒྱའི་གོང་དུ་གསར་རྩོམ་ཞུས་པའི་བཀའ་གདམས་ཕ་ཆོས་དང་། ལོ་ངོ་བཞི་བརྒྱའི་གོང་དུ་གསར་རྩོམ་ཞུས་པའི་སྟག་ལུང་ཆོས་བྱུང་སོགས་ཡོངས་གྲགས་ཀྱི་ཆོས་འབྱུང་དེ་དག་ནང་འཕན་ཡུལ་རིག་པའི་འབྱུང་གནས་ཞེས་ཡིག་ཐོག་ལ་དངོས་སུ་འཁོད་པ་དེས་ཡུལ་ལུང་འདི་ཡི་མི་རྣམས་ནི་སྔར་གྱི་དུས་ནས་སྤྱང་གྲུང་ལྡན་ལ་བློ་རིག་བཀྲ་བ་ཞིག་ཡོད་པ་དེ་བོད་གངས་ཅན་གྱི་ལྗོངས་འདིར་ཡོངས་གྲགས་སུ་གྱུར་བ་ལགས་སོ། །དེ་བཞིན་ཁོད་དེའི་ནང་གསེས《ཁྲི་རྩེ་འབུམ་བཞེར་གྱི་ཁྲིམས་》ཞེས་པའི་ནང་བོད་ཡུལ་རུ་ཆེན་ལྔ་རུ་ཕྱེ་བ། ཞེས་རུ་ཆེན་ལྔ་ལས་སུམ་པའི་རུ་ཕུད་པའི་དབུས་གཙང་ཁུལ་འདིར་དྲག་པོ་གཡུལ་གྱི་སྒྲིག་གཞི་གཙོ་བོར་བྱས་པའི་དབང་འཛིན་གྱི་ས་ཁུལ་ཆེན་པོ་བཞིར་དབྱེ་བ་དེར་ལོ་རྒྱུས་ཐོག་དབུས་གཙང་རུ་བཞི་ཞེས་བརྗོད། དབུས་གཙང་རུ་བཞི་ནི་དབུ་རུ་དང་། གཡོ་རུ། གཡས་རུ། རུ་ལག་བཅས་བཞི་ལ་བརྗོད་ཅིང་རུ་ཆེན་རེ་རེར་ཚན་པ་བཅུ་དྲུག་རེ་ཡོད་པ་ལས་འཕན་ཡུལ་འདི་ཉིད་དབུ་རུའི་ཚན་པ་བཅུ་དྲུག་གི་བྱེ་བྲག་གཅིག་ཡིན་ཞིང་སྐབས་དེར་དབུས་རུའི་བྱང་ཕྱོགས་འཕན་ཡུལ་དཀར་མོ་ལྗོངས་ཞེས་ཡོངས་གྲགས་སུ་གྱུར་རོ། །དེ་བཞིན་ཡུལ་གྱི་དབང་རིས་རྣམ་པ་བཅོ་བརྒྱད་དུ་དབྱེ་བའི་སྐབས་སུ་ཡང་འཕན་ཡུལ་འདི་ཉིད་དབང་རིས་གཅིག་གི་ཁོངས་སུ་གཏོགས་པ་ནི་མཁས་པའི་དགའ་སྟོན་ནང་། འཕན་ཡུལ་སྟོང་སྡེ་སྒྲོ་དང་རྨ་ཡི་ཡུལ། ཞེས་གསལ་ཞིང་དེའི་དབང་ཚད་ནི་ཆོས་རྒྱལ་སྲོང་བཙན་སྒམ་པོའི་བཀའ་ལུང་ལ་གཅིག་གྱུར་གྱིས་བརྩི་བཀུར་དང་། ཁྲལ་ཁྲིམས་འཁུར་ལེན་བྱེད་པའི་ཆ་རྐྱེན་འོག་འཕན་ཡུལ་དེ་ཉིད་སྐབས་དེའི་རུས་ཚོའི་འགོ་པ་སྒྲོ་དང་རྨ་གཉིས་ཀྱི་བདག་བཟུང་དང་དབང་འཛིན་བྱེད་པའི་ས་ཁུལ་ཞིག་ཡིན་པ་གསལ་པོར་རྟོགས་ཐུབ་བོ། །དེ་ནས་རྒྱལ་རབས་དགུ་ཙམ་འདས་པའི་རྗེས་བོད་ཀྱི་བཙན་པོ་ཞེ་གཉིས་པ་དར་མ་འུ་དུམ་བཙན་དེ་ཉིད་བཙན་པོའི་ཁྲིར་འཁོད་དེ་དང་ཐོག་ཡབ་མེས་གོང་མ་རྣམས་ཀྱི་སྲོལ་ལྟར་རྒྱལ་སྲིད་ཆོས་བཞིན་བསྐྱངས་ན་ཡང་རིང་པོར་མ་སོང་བར་བློན་པོ་ནང་ཆོས་ལ་མི་དགའ་བ་སྦས་སྟག་སྣ་ཅན་སོགས་ཀྱིས་ངན་སྐུལ་འོག་སངས་རྒྱས་ཆོས་ལུགས་བསྣུབས་པ་ལ་བརྟེན་ནས་ལྷ་ལུང་དཔལ་གྱི་རྡོ་རྗེས་བཙན་པོ་དར་མ་འུ་དུམ་བཙན་བཀྲོངས་པའི་རྗེས་དར་མའི་སྲས་འོད་སྲུང་དང་ཡུམ་བརྟན་གཉིས་ཀྱི་ཕྱོགས་ཁག་སོ་སོའི་དབར་སྲིད་དབང་འཕྲོག་རེས་ཀྱི་དམག་འཁྲུག་ཡུན་རིང་བྱུང་ནས་སྔར་གྱི་བཙན་པོའི་དབང་རིས་ལོངས་སྤྱོད་དང་བཅས་པ་ལ་ཉམས་ཉེས་དང་། གྱོང་གུན་ཆེན་པོ་བཟོས་ཏེ་བོད་བཙན་པོའི་གདུང་རྒྱུད་རྣམས་ཡུལ་སྡེ་མང་པོར་ཁ་གྱེས་ནས་བོད་ཡོངས་སིལ་བུར་འཐོར་པ་མ་ཟད། བོད་ཀྱི་རྒྱ་ཆེའི་མི་དམངས་རྣམས་ཀྱང་དམག་འཁྲུག་གི་ལོ་ཟླའི་ནང་དུ་འཚོ་སྡོད་གང་སར་དཀའ་ངལ་ཆེན་པོ་ཞིག་འཕྲད་ཅིང་། ཁྱིམ་ཚང་ཁག་གཅིག་མི་ཤི་ཁྱིམ་སྟོང་ཆགས་པ་སོགས་དཀའ་སྡུག་ཚད་ལས་འདས་པ་ཞིག་མྱོང་དགོས་བྱུང་བས་མང་ཚོགས་རྣམས་བཟོད་བསྲན་མ་ཐུབ་པར་བོད་ཀྱི་ས་ཕྱོགས་གང་ས་ནས་ཁེང་ལོག་ཅེས་འབངས་གྱེན་ལོག་བྱུང་བས་ན་བོད་འདི་ཉིད་སྔར་བའི་ཁ་འཐོར་གྱི་གནས་སུ་གྱུར་ཏེ་ལུང་ཚན་རེ་ལ་དཔོན་ཚན་རེ་ཆགས་ནས་རྗེ་དཔོན་ཚན་པ་དགུའམ་བཅུ་ཞེས་པ་ཞིག་ཆགས་ཏེ་རྗེ་དཔོན་སོ་སོས་ཡུལ་གྲུ་ངེས་ཅན་རེ་བཅད་བཟུང་བྱས་ནས་ཡུལ་ལུང་སོ་སོའི་དབར་འགྲོ་འོང་དང་། འབྲེལ་འདྲིས་བྱེད་པའི་རྒྱུན་རིམ་བཞིན་ཆད་དེ་བཙན་པོའི་དབང་སྒྱུར་གྱི་དུས་སྐབས་སུ་སྟོད་མཁའ་རིས་ནས་སྨད་ཨ་མདོ་བར་གྱི་བོད་མི་ཡོངས་རྫོགས་སྲིད་ཀྱི་འཁོར་ལོ་གཅིག་དུ་འཁོར་ཞིང་། སྐད་དང་ཡི་གེ་གཅིག་གྱུར་དུ་གནས་པའི་རྣམ་པ་བཟང་པོ་དེ་དག་ལ་རིམ་པས་འགྱུར་བ་ཕྱིན་ཏེ། ལུང་བ་རེ་ལ་ཆུ་འགོ་རེ། ས་ཆ་རེ་ལ་ཡུལ་སྐད་རེ་ཟེར་བའི་དཔེ་ལྟར་ད་ལྟ་བོད་གངས་ཅན་གྱི་ལྗོངས་འདིར་ཨམ་སྐད་དང་། ཁམས་སྐད། དབུས་སྐད་ཅེས་ཡུལ་སྐད་ཆེན་པོ་གསུམ་དུ་ཁ་གྱེས་ཏེ་དེང་སྐབས་དབུས་གཙང་གི་མི་ཞིག་སྨད་ཨ་མདོར་འབྱོར་སྐབས་ཕན་ཚུན་སྐད་བརྡ་མ་ཕྲོད་པར་སྐད་རིགས་གཞན་ལ་བརྟེན་ནས་བསམ་ཚུལ་བརྗེ་ལེན་བྱེད་དགོས་པའི་ཐབས་རྡུགས་ཀྱི་གནས་ཚུལ་དེ་ཚོ་ཚང་མ་བཙན་པོ་བཀྲོངས་ཏེ་འབངས་རྣམས་ཁ་ཐོར་དུ་སོང་བའི་ངན་འབྲས་ཚབ་ཆེན་དེ་ལས་བྱུང་བ་ཞིག་ཡིན་པ་ནི་ལོ་རྒྱུས་ཀྱིས་ངེད་ཚོར་བཞག་པའི་བསླབ་བྱ་ཟབ་མོ་ཞིག་ཡིན་ནོ། །དེ་ལྟར་རྗེ་དཔོན་ཚན་པ་དགུའམ་བཅུ་ཞེས་པ་ཞིག་ཆགས་པའི་ཁྲོད་འཕན་ཡུལ་འདི་ཉིད་སྔར་བཞིན་དཔོན་ཚང་གཅིག་གི་མངའ་འོག་ཏུ་རྗེ་དཔོན་ཚན་པ་གཅིག་ཏུ་ཆགས་པ་ནི་མཁས་པའི་དགའ་སྟོན་ནང་ །ཐང་ལྷ་ཡ་བཞུར་ལྷ་ཡིས་ཞུ་བ་བྱས། །ཟྭ་དང་དོམ་པ་བཙན་པའི་མཁར་ལ་བསྟེན། །སྒྲོ་དང་རྨ་ཡིས་མ་ཕྱར་བྱས་ནས་ནི། །འཕན་ཡུལ་ཟ་གང་རྗེ་དཔོན་ཚན་གཅིག་ཆགས། །ཞེས་འཕན་ཡུལ་ཟ་དམ་དུ་བཙན་མཁར་བྱས་ཤིང་། སྒྲོ་དང་རྨ་ཡི་རུས་རྒྱུད་ཀྱིས་དཔོན་བྱས་པའི་རྗེ་དཔོན་ཚན་པ་གཅིག་ཆགས་པ་ནི་གསལ་པོར་རྟོགས་ཐུབ། སྐབས་དེར་བཙན་མཁར་བྱེད་སའི་ས་ཆ་ཟ་དམ་ཞེས་པ་དེ་ནི་དེང་སྐབས་འཕན་པོ་ལྷུན་གྲུབ་རྫོང་བྱང་ཁ་ཤང་གི་ནུབ་ངོས་སུ་རྫོང་རི་ཞེས་བྲག་རི་སྟག་གི་མགོ་འདྲ་བ་ཞིག་ཡོད་པ་དེའི་སྟེང་དུ་ཡིན་ཞིང་ཟ་དམ་ཞེས་པ་ནི་སྔར་རི་དེའི་རྩེ་མོར་ཟ་དམ་ལ་བཏགས་པས་ཟ་དམ་ཞེས་བརྗོད་པའམ་ཡང་ན་ཟ་དང་དམ་པ་ཞེས་པའི་ཡུལ་མིང་གཉིས་བསྡུས་ནས་ཟ་དམ་ཞེས་བརྗོད་པ་སོགས་བཤད་སྲོལ་གཉིས་ཙམ་མཆིས་ལ། ཕྱིས་དགའ་ལྡན་ཕོ་བྲང་གི་དུས་སྐབས་སུ་འཕན་ཡུལ་རྫོང་གཞིས་དྲུག་ཅེས་པའི་ནང་གསེས་ཟ་དམ་རྫོང་ཆགས་ཡུལ་ཡང་གནས་དེ་རང་དུ་ཡིན་ནོ། །དེ་ལྟར་ཆོས་རྒྱལ་སྲོང་བཙན་སྒམ་པོའི་མཆོག་ཏུ་གྱུར་བའི་བློ་རིག་དང་། དཔའ་མཛངས་རྟུལ་ཕོད་ཀྱི་སྙིང་སྟོབས་ལ་བརྟེན་ནས་བཙུགས་པའི་བོད་ཆེན་པོའི་རྒྱལ་རབས་སྟོབས་ཆེན་དེ་ཉིད་ཁྲི་དར་མ་འུ་དུམ་བཙན་གྱིས་སངས་རྒྱས་བསྟན་པ་བསྣུབས་ཏེ་བོད་ཀྱི་ཆོས་དང་རིག་གཞུང་ལ་གཏོར་བཤིག་ཚབས་ཆེན་བཏང་བ་དང་། ལྷ་ལུང་དཔལ་གྱི་རྡོ་རྗེས་དར་མ་བཀྲོངས་ཏེ་བོད་ཀྱི་བཙན་པོའི་རྒྱལ་རབས་ཀྱི་རྒྱུན་བཅད་པ་སོགས་ཆོས་ལུགས་མི་སྣས་ཆབ་སྲིད་ལ་ཁ་ལོ་སྒྱུར་བའི་བན་བོན་གཉིས་དབར་གྱི་འཐབ་རྩོད་དང་། ཕྱི་ནང་འགལ་རྐྱེན་སྣ་ཚོགས་ལ་བརྟེན་ནས་དར་མའི་སྲས་འོད་སྲུང་དང་ཡུམ་བརྟན་གཉིས་ཀྱི་དུས་སུ་བོད་འདི་ཉིད་ཁ་འཐོར་དུ་གྱུར་ཏེ་གཅིག་འོག་གཅིག་ཏུ་མ་འདུས་པར་ལོ་མང་སོང་བ་དེས་ཧོར་རྒྱལ་པོས་བོད་ལ་དམག་དྲངས་ནས་བོད་འདི་ཉིད་ཧོར་གྱི་མངའ་འོག་ཏུ་བསྡུ་བའི་གོ་སྐབས་བཟང་པོ་ཞིག་ཐོབ་པ་དེ་ནི་བོད་ཀྱི་ལོ་རྒྱུས་ལ་རྒྱུས་མངའ་ཡོད་པ་ཀུན་གྱིས་མཁྱེན་གསལ་ལྟར་རོ། །དེ་ལྟ་བུའི་ཁ་འཐོར་དང་། ཡང་ན་ཆོས་སྲིད་ཀྱི་ལམ་ལུགས་མཉམ་དུ་འདྲེས་པ་དེས་བོད་མི་རྣམས་ལ་སྔ་ཕྱི་བར་གསུམ་དུ་ཆག་སྒོ་སྣ་ཚོགས་ཤིག་དྲངས་པས་ན། འདས་པའི་ལོ་རྒྱུས་ཀྱི་བསླབ་བྱ་དེ་དག་ལ་བརྟེན་ནས་མཁས་དབང་མྱང་ཤུལ་མཁྱེན་རབ་འོད་ཟེར་གྱིས། ཆོས་ལྡན་རྒྱལ་ཁམས་འཇིག་རྟེན་ཀུན་ལ་ཡོད། །ཆོས་སྲིད་ཟུང་འབྲེལ་བོད་ཀྱི་ཡུལ་དུ་དར། །ཆོས་ལྡན་ཙམ་གྱིས་རྒྱལ་སྲིད་མི་ཉམས་ཀྱང་། །ཟུང་དུ་འབྲེལ་བས་གཉིས་ཀའི་ནུས་པ་ཤོར། །ཞེས་དང་། དེ་བཞིན་དེང་གི་གཞོན་སྐྱེས་བསམ་བློ་བ་སྒོ་ཤེས་རབ་རྒྱ་མཚོ་སོགས་ནས་ད་ལྟའི་བོད་ཀྱི་སྤྱི་ཚོགས་ཁྲོད་དུ་ཆོས་པ་ཆོས་པ་འདྲ་བ་ཞིག་དང་། འཇིག་རྟེན་པ་འཇིག་རྟེན་པ་འདྲ་བ་ཞིག་བྱས་ཏེ་ཆོས་སྲིད་ཐ་དད་ཀྱི་ལམ་ལུགས་ཤིག་གསར་གཏོད་བྱ་དགོས་པའི་འདོད་ཚུལ་སྟོན་པ་དེ་དག་ནི་ལོ་རྒྱུས་ཀྱིས་ངེད་ཚོར་བཞག་པའི་བསླབ་བྱ་ཟབ་མོ་ཞིག་ཏུ་སྣང་བས་ཁོང་རྣམ་པའི་བསམ་ཚུལ་དེ་དག་ལ་སྣང་ཆུང་རྩ་བ་ནས་བྱེད་མི་ཉན་ནོ། །དེ་ལྟར་བོད་རབ་བྱུང་བཞི་པའི་ལྕགས་བྱི་སྤྱི་ལོ1240ལོར་ཧོར་རྒྱལ་པོ་ཨོ་ཀོ་ཏའི་སྐབས་སུ་ཁོང་གི་གཅུང་པོ་ཐོ་ལོ་ནོ་ཡོན་ཞེས་པའི་བུ་ཨེ་ཆེན་གོ་དན་གྱིས་དམག་དཔོན་དོར་རྟ་ནག་པོ་དྲག་པོའི་དཔུང་ཚོགས་དང་བཅས་པ་བོད་ལ་བཏང་སྟེ་བོད་ཡུལ་ཡོངས་རྫོགས་དབང་དུ་བསྡུ་བའི་དམག་འཁྲུག་འགོ་བཙུགས་པས་ན་སྐབས་དེར་བོད་འདི་ནི་གོང་ཞུས་ལྟར་སིལ་བུ་སྟེ་ཁ་འཐོར་དུ་གྱུར་ཞིང་། ཁ་འཐོར་དུ་སོང་བའི་རྗེ་དཔོན་དང་། གྲུབ་མཐའ་ཁག་གི་བླ་ཆེན་དེ་དག་ནི་རང་མགོ་སུ་ཐོན་དང་གཅིག་འོག་གཅིག་ཏུ་མ་འདུས་པར་གནས་ཡོད་པས། ཕྱི་ནས་ཡོང་བའི་དྲག་པོའི་བཙན་འཛུལ་ལ་འགོག་རྒོལ་བྱེད་པའི་ནུས་པ་ཤིན་ཏུ་ཞན། འོན་ཀྱང་སྐབས་དེར་འཕན་ཡུལ་དུ་བྱང་རྭ་སྒྲེང་དང་རྒྱལ་ལྷ་ཁང་གི་གྲྭ་པ་དང་དེ་གའི་ཉེ་འཁོར་གྱི་ཡུལ་མི་རྣམས་ནས་ཧོར་དོར་རྟ་ནག་པོའི་དཔུང་ཚོགས་ལ་རྒོལ་ལན་གྱི་འཐབ་མོ་གང་ཙམ་བགྱིས་ཀྱང་མཐར་དམག་རྩལ་དང་། མཚོན་ཆ། མི་གྲངས་སོགས་གང་ནས་དོ་ཟླ་མ་ཆོག་པར་རྭ་སྒྲེང་ཁུལ་གྱི་སེར་སྐྱ་མང་པོར་ཤི་རྨས་དང་ཕོད་མདོ་བདུད་འདུལ་གཙུག་ལག་ཁང་མེར་བསྲེགས་པ་མ་ཟད། སྐབས་དེའི་རྒྱལ་ལྷ་ཁང་དགོན་པའི་མཁན་པོ་སོ་སྟོན་གྱིས་གཙོས་པའི་སེར་སྐྱ་ལྔ་བརྒྱ་ལྷག་ཙམ་གྱི་སྲོག་ཤོར་ཞིང་། རྒྱལ་ལྷ་ཁང་མེར་བསྲེགས་པ་སོགས་ཆག་སྒོ་ཆེན་པོ་ཞིག་བྱུང་ཏེ་བཙན་འཛུལ་ལ་འགོག་རྒོལ་བྱེད་པའི་འཐབ་འཁྲུག་དེར་དམིགས་བསལ་གྱི་རྒྱལ་ཁ་ཞིག་ཐོབ་མེད་ན་ཡང་། ལོ་རྒྱུས་དེ་ལས་འཕན་པོའི་མེས་པོ་རྣམས་ཀྱིས་འཆི་སྲོག་ལ་ཐུག་ཀྱང་གཞན་གྱི་བཙན་འཛུལ་ལ་འགོག་རྒོལ་གྱིས་རང་ས་སྲུང་བའི་དཔའ་བོའི་སྙིང་སྟོབས་ཤིག་མཚོན་པར་བྱས་ཡོད། དེ་ལྟར་ཧོར་དོར་རྟ་ནག་པོའི་དཔུང་ཚོགས་ཀྱིས་དུས་ཡུན་ལོ་གཅིག་ཙམ་ལས་མ་འགོར་བར་བོད་ཡུལ་ཡོངས་རྫོགས་ཅུང་བདེ་བླག་ངང་དབང་སྒྱུར་བྱེད་ཐུབ་པ་བྱུང་སྟེ་བོད་ཡོངས་ཧོར་གྱི་མངའ་འོག་ཏུ་གཅིག་གྱུར་བྱེད་པའི་འགོ་ཚུགས་པ་ཡིན། དུས་དེ་ནས་བཟུང་བོད་འདི་ཉིད་ཡོན་གོང་མའི་མངའ་འོག་ཏུ་གྱུར་ནས་མི་ལོ་ཉི་ཤུ་ཙམ་སོང་བའི་རྗེས་བླ་མ་འཕགས་པས་ཧོར་སེ་ཆེན་རྒྱལ་པོའི་ཡབ་ཡུམ་སྲས་དང་བཅས་པ་ལ་ས་སྐྱ་བའི་ཁྱད་ཆོས་ལྡན་པའི་དཔལ་ཀྱེ་རྡོ་རྗེའི་དབང་ཡོངས་སུ་རྫོགས་པ་སྔ་ཕྱིར་ལན་གསུམ་བསྐུར་གནང་བས་དེའི་དབང་ཡོན་དང་པོར་བོད་ཁྲི་སྐོར་བཅུ་གསུམ་དང་། དབང་ཡོན་གཉིས་པར་བོད་ཆོལ་ཁ་གསུམ། དབང་ཡོན་གསུམ་པར་རྒྱའི་མི་ཡུར་ཆེན་མོ་ཕུལ་བ་བཅས་ལ་བརྟེན་ནས་འགྲོ་མགོན་འཕགས་པ་དེ་ཉིད་བོད་ཡོངས་ཀྱི་ཆོས་སྲིད་ལུགས་གཉིས་ཀྱི་བདག་པོར་བསྐོས་ཤིང་ཁོང་སྐུ་ངོ་མས་མངའ་འོག་ཏུ་ལས་ཚན་བཅུ་གསུམ་ཞེས་པ་གསར་འཛུགས་ཀྱིས་ཆོས་སྲིད་ཀྱི་མཛད་པ་ལོ་ཤས་བསྐྱངས་གནང་བ་དང་། དེ་རྗེས་བོད་རབ་བྱུང་ལྔ་པའི་ས་འབྲུག་སྤྱི་ལོ1268ལོར་ས་སྐྱའི་དཔོན་ཆེན་ཤཱཀྱ་བཟང་པོས་བོད་དབུས་གཙང་ཁུལ་དུ་ཁྲི་སྐོར་བཅུ་གསུམ་ཞེས་པའི་སྒྲིག་གཞི་གསར་དུ་བཙུགས་ཤིང་། སྐབས་དེའི་ཁྲི་སྐོར་བཅུ་གསུམ་ནི་ལ་སྟོད་ལྷོ་བྱང་གཉིས་དང༌། གུར་མོ། ཆུ་མིག ཤངས། ཞ་ལུ་སྟེ་གཙང་ལ་ཁྲི་སྐོར་དྲུག རྒྱ་མ་དང༌། འབྲི་གུང༌། ཚལ་བ། ཐང་བོ་ཆེ། ཕག་མོ་གྲུབ་པ། གཡའ་བཟང་སྟེ་དབུས་ལ་ཁྲི་སྐོར་དྲུག དབུས་གཙང་གི་མཚམས་སུ་ཡར་འབྲོག་སྟག་ལུང་ཁྲི་སྐོར་གཅིག་བཅས་སོ། །ཁྲི་སྐོར་བཅུ་གསུམ་གྱི་ལམ་ལུགས་བཙུགས་པའི་རྗེས་འཕན་ཡུལ་གྱི་ས་ཁོངས་སུ་ཡོད་པའི་ཡུལ་སྡེ་རྣམས་དེ་སྔོན་ལྟར་དབང་འཛིན་པ་གཅིག་གི་མངའ་ཁོངས་སུ་གཅིག་གྱུར་ཐོག་གནས་མི་ཐུབ་པར་འབྲི་གུང་ཁྲི་དཔོན་དང་། སྟག་ལུང་ཁྲི་དཔོན། རྒྱ་མ་ཁྲི་དཔོན་སོགས་ཁྲི་དཔོན་གསུམ་གྱི་མངའ་འོག་ཏུ་ཁ་གྱེས་པ་ཡིན།(སྟག་ལུང་ཁྲི་དཔོན་དེ་ཁྲི་སྐོར་བཅུ་གསུམ་གྱི་ཁོངས་སུ་གཏོགས་ཀྱི་མེད།)དེ་ལྟར་ས་སྐྱའི་ཁྲི་དཔོན་རྣམས་ཀྱིས་སྔ་རྗེས་རིམ་པར་བོད་ལ་དབང་སྒྱུར་ལོ་ངོ་དགུ་བཅུ་ལྷག་ཙམ་བྱས་པའི་རྗེས་ས་སྐྱའི་དཔོན་ཆེན་ནང་ཕན་ཚུན་བཀྲ་མ་ཤིས་པ་ལ་བརྟེན་ནས་བོད་སྤྱིའི་ཁེ་ཕན་ཚགས་ཚུད་མ་བྱུང་བར་མི་དམངས་ཀྱི་བདེ་དོན་ལ་གནོད་པའི་བྱ་བ་མང་པོ་ཞིག་ཐོན་པ་དང་། ཁྲི་དཔོན་གཞན་རྣམས་ཀྱིས་ཀྱང་ས་སྐྱ་བའི་བཀའ་ལ་བརྩི་བཀུར་མི་ཞུ་བ་སོགས་ཕྱི་ནང་འགལ་རྐྱེན་སྣ་ཚོགས་ལ་བརྟེན་ནས་ས་སྐྱའི་སྲིད་དབང་རིམ་བཞིན་ཉམས་རྒུད་ཕྱིན་ཏེ་མཐར་བོད་རབ་བྱུང་བཅུ་དྲུག་པའི་མེ་བྱ་སྤྱི་ལོ1357ལོར་ཆོས་སྲིད་ལུགས་གཉིས་ལ་མཁྱེན་རྒྱ་ཡངས་པའི་ཏཱའི་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱིས་ཕག་གྲུའི་སྲིད་དབང་དངོས་སུ་བཙུགས་ཏེ་ཆོས་སྲིད་ཀྱི་མཛད་འཕྲིན་ཧ་ཅང་མང་པོ་ཞིག་བསྐྱངས་གནང་པའི་ཁྲོད་ནས་དེ་སྔའི་ཁྲི་སྐོར་བཅུ་གསུམ་གྱི་ལམ་ལུགས་མེད་པ་བཟོས་ཏེ་རྫོང་ཆེན་བཅུ་གསུམ་གྱི་ལམ་ལུགས་བཙུགས་པའི་རྗེས་འཕན་ཡུལ་ལྷུན་གྲུབ་རྫོང་དང་། དབུས་སྟོད་བྱེ་རི་སྟག་རྩེ་རྫོང་ཞེས་སྔར་འཕན་ཡུལ་གྱི་ས་ཁོངས་སུ་གྱུར་བའི་ཡུལ་ལུང་འདིའི་སྟོད་སྨད་གཉིས་སུ་གཞུང་ཕྱོགས་ནས་ཁས་ལེན་ཡོད་པའི་རྫོང་ཆེན་རེ་གསར་འཛུགས་ཞུས་ཏེ་འཕན་ཡུལ་སྟོད་ཀྱི་ལྷོ་བྱང་གཉིས་དང་། ཆག་ལ་ཕར་བརྒྱབ་ཀྱི་ཕོད་མདོ།(ཕོད་མདོ་ཞེས་པའི་ས་མིང་ལ་ཕུ་མདོ་ཞེས་ཀྱང་འབྲི་སྲོལ་ཡོད་ནའང་བཀའ་བློན་རྟོགས་བརྗོད་ནང་ཕོད་མདོ་ཞེས་བྲིས་འདུག་པས་འདིར་གཅིག་གྱུར་ཐོག་ཕོད་མདོ་ཞེས་བྲིས་པ་ཡིན།)ཐང་འགོ ངར་ནང་སོགས་ཀྱི་ས་ཆ་རྣམས་འཕན་ཡུལ་ལྷུན་གྲུབ་རྫོང་གི་མངའ་འོག་ཏུ་གནས་པ་དང་། འཕན་ཡུལ་སྨད་ས་སྣེ(ས་སྣེ་ཞེས་པའི་ལུང་པ་དེར་དེ་གའི་ཡུལ་མི་རྣམས་ཀྱིས་ཁ་སྐད་དུ་ས་ནག་ཅེས་བརྗོད་ཀྱང་དེའི་དག་དོན་ངོ་མར་ས་སྣེ་ཞེས་ཟེར་ཞིང་། དེ་ནི་སྔོན་གྱི་དུས་སུ་ལུང་པ་དེའི་ནུབ་ཏུ་རི་ཟུར་ཞིག་ཡོད་པ་དེ་ལྷུན་གྲུབ་རྫོང་དང་སྟག་རྩེ་རྫོང་གཉིས་ཀྱི་སའི་སྣེ་མོའམ་ས་མཚམས་ཆགས་པས་ལུང་པ་དེར་ཡང་ས་སྣེ་ཞེས་བརྗོད་པར་གྲགས།)མར་བརྒྱབ་པ་རྣམས་དབུས་སྟོད་བྱེ་རི་སྟག་རྩེ་རྫོང་གི་ཁོངས་སུ་གཏོགས། སྐབས་དེ་དུས་ལྷུན་གྲུབ་རྫོང་ཆགས་ས་ནི་ད་ལྟ་ལྷུན་གྲུབ་རྫོང་སུམ་འཕྲེང་ཤང་རྫོང་ཞོལ་གྲོང་ཚོའི་བྱང་ཤར་མཚམས་སུ་ཡོད་པའི་རི་ཆུང་དེའི་སྟེང་དུ་ཡིན། རྫོང་གཞིས་ཐོག་མར་གསར་སྐྲུན་བྱེད་ས་ནི་དེ་སྔ་རྨ་བྱ་མཁར་ཞེས་པའི་མཁར་རྫོང་རྙིང་པ་ཡོད་སའི་རི་དེའི་སྟེང་དུ་ཡིན་ཟེར་ཞིང་། རྨ་བྱ་མཁར་ཞེས་པ་ནི་དེ་སྔོན་ཆོས་རྒྱལ་སྲོང་བཙན་སྒམ་པོའི་དུས་སུ་ཡུལ་གྱི་དབང་རིས་རྣམ་པ་བཅོ་བརྒྱད་དུ་དབྱེ་བའི་སྐབས་འཕན་ཡུལ་སྟོང་སྡེ་སྒྲོ་དང་རྨ་ཡི་ཡུལ། ཞེས་པ་ལྟར་རྨ་ཡི་ཡུལ་ཞེས་པ་དེ་ཕྱིས་སུ་རྨ་བྱ་མཁར་ཞེས་པ་འདི་ཉིད་མིན་ནམ་སྙམ་ཡང་ཁུངས་ལྡན་གྱི་དཔྱད་གཞི་ནི་ད་བར་ལག་སོན་མ་བྱུང་། ས་དེར་རྫོང་གཞིས་ཐོག་མར་གསར་སྐྲུན་བྱེད་སྐབས་རི་དེའི་རྒྱབ་ཕྱོགས་སུ་རྟ་ལམ་མ་བཅོས་ལྷུན་གྲུབ་དང་། ཉེ་འགྲམ་དུ་ཆུ་མིག་མ་བཅོས་ལྷུན་གྲུབ་ཏུ་ཡོད་པས་ལྷུན་གྲུབ་རྫོང་ཞེས་མིང་བཏགས་པར་གྲགས་ལ། རྗེས་སུ་རང་ཉིད་ཀྱིས་དེ་ལྟར་དོན་ལ་གནས་མིན་བརྟག་དཔྱད་ཀྱི་ཆེད་དུ་ས་ཆ་དངོས་ལ་བསྐྱོད་སྐབས་རྟ་ལམ་དང་ཆུ་མིག་གཉིས་ད་དུང་ཡང་གསལ་པོར་མཐོང་རྒྱུ་འདུག་པས་མིང་དེ་ལྟར་བཏགས་པའི་ལོ་རྒྱུས་དེ་དོན་ལ་གནས་སོ། །སྐབས་དེར་ཏཱའི་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱིས་གསར་འཛུགས་ཞུས་པའི་རྫོང་ཆེན་བཅུ་གསུམ་ནི་ཀློང་རྡོལ་ངག་དབང་བློ་བཟང་གི་གསུང་འབུམ་ནང་ ཆོས་རྒྱལ་སྣེ་གདོང་གི་སྐུ་རིང་ལ་རང་རང་གི་བཀའི་གུང་བློན་སོགས་ཀྱིས་བོད་དབུས་གཙང་གཉིས་ལ་མཁར་རྫོང་བརྩིགས་པ་ནི། རྩེད་ཐང་སྣེ་གདོང་རྫོང་། འཕྱོངས་རྒྱས་ཕྱིང་བ་སྟག་རྩེ་རྫོང་། འོལ་དགའ་སྟག་རྩེ་རྫོང་། དབུས་སྟོད་བྱི་རུ(བྱེ་རི)སྟག་རྩེ་རྫོང་། བྲག་དཀར་གསང་སྔགས་བདེ་ཆེན་རྫོང་། འཕན་ཡུལ་ལྷུན་གྲུབ་རྫོང་། གཞིས་ཁ་སྣེའུ་རྫོང་། སྐྱིད་ཤོད་སྨད་ཡར་རྒྱབ་གོང་དཀར་རྫོང་། ཆུ་ཤུར་རྫོང་། ཡར་འབྲོག་དཔལ་དིའི(སྡེ)རྫོང་། རོང་རིན་སྤུངས་རྫོང་། ཉང་སྟོད་རྒྱལ་མཁར་སྟག་རྩེ་རྫོང་། ཉང་སྟོད་པ་ནམ་ལྷུན་གྲུབ་རྫོང་། སྟེ་མཁར་རྫོང་བཅུ་གསུམ་བརྩིགས་པ་བྱུང་། ཞེས་གསལ་ལོ། །དེ་ཡང་རྫོང་ཞེས་པའི་ཐ་སྙད་དེ་ཕག་གྲུས་རྫོང་ཆེན་བཅུ་གསུམ་བཙུགས་པའི་རྗེས་གསར་དུ་བྱུང་བ་ཞིག་ཡིན་ནམ་ཞེ་ན་དེ་འདྲ་མ་ཡིན་པར་རྫོང་ཞེས་པའི་ཐ་སྙད་དེའི་ཐོག་མའི་འབྱུང་ཁུངས་ནི་མཁར་རྫོང་ཞེས་པ་ལས་བྱུང་བ་ཡིན་ཞིང་། མཁར་རྫོང་ཞེས་པ་ནི་རི་སྒང་སོགས་སུ་བརྩིགས་པའི་ཁང་པ་བཙན་པོའམ་ཡང་ན་རྡོ་ལས་བརྩིགས་པའི་ཁང་པ་ལ་ཟེར་ཞིང་མཁར་རྫོང་དེ་ཚོར་དམག་འཁྲུག་སོགས་ཀྱི་གནོད་འཚེ་འགོག་པའི་ནུས་པ་ཆེན་པོ་ལྡན་ཡོད། ལོ་རྒྱུས་ཡིག་རིགས་ནང་གསལ་བར་གཞིགས་ན་རྫོང་ཞེས་པའི་སྲིད་འཛིན་གྱི་སྡེ་ཁག་དེ་ཐོག་མར་རྒྱལ་ཕྲན་སིལ་མའི་དུས་མཇུག་ཙམ་ནས་བྱུང་བ་དེ་ལུང་དང་རིགས་པས་དཔྱད་ཐུབ་པ་ཞིག་འདུག་ལ། ད་དུང་ས་སྐྱས་སྲིད་དབང་སྐྱོང་བའི་དུས་གླང་དར་མའི་སྲས་འོད་སྲུང་གི་རྒྱུད་པ་ལས་མཆེད་པ་བཙུན་པ་ལྡེ་ཡི་སྲས་ཁྲི་རྒྱལ་འབུམ་ལྡེ་མགོན་དགུང་ལོ་བཅོ་བརྒྱད་ལ་ཕེབས་པ་སྤྱི་ལོ1270ལོར་མངའ་རིས་སུ་མངའ་རིས་རྫོང་དཀར་ཞེས་པ་དེ་གསར་དུ་བསྐྲུན་པ་ནས་རིམ་པས་དཀར་དུམ་གནམ་གྱི་ཁྱུང་རྫོང་སོགས་བཙན་རྫོང་བཅུ་ཕྲག་ལྷག་བརྩིགས་པ་ཡིན་ཞེས་འཁོད་པར་གཞིགས་ན་རྫོང་ཞེས་པའི་ཐ་སྙད་དེ་སྔོན་ནས་བོད་ནང་ཡོངས་གྲགས་སུ་གྱུར་ཟིན་པ་ནི་དངོས་དོན་མང་པོ་ཞིག་ལས་རྟོགས་ཐུབ་བོ། །དེ་ལྟར་ཕག་གྲུས་བོད་ལ་དབང་སྒྱུར་ལོ་260ལྷག་ཙམ་བྱས་པའི་རྗེས་སྒེར་རིན་སྤུངས་པ་དང་། གཙང་པ་སྡེ་སྲིད་སོགས་ཀྱིས་ཀྱང་བོད་ལ་དབང་སྒྱུར་རིམ་པར་བྱས་ཤིང་། དེ་རྗེས་སྤྱི་ལོ1642ལོར་དགའ་ལྡན་ཕོ་བྲང་དངོས་སུ་བཙུགས་ནས་གོང་ས་ལྔ་པ་ཆེན་པོས་བོད་ཀྱི་ཆོས་སྲིད་ལུགས་གཉིས་ཀྱི་ཐུགས་འགན་བཞེས་པ་སོགས་སྲིད་དབང་འཕོ་འགྱུར་གྱི་བརྒྱུད་རིམ་དེ་ཚོའི་ནང་འཕན་ཡུལ་སྟོད་ཀྱི་མངའ་ཁོངས་བདག་འཛིན་གྱི་དབང་ཆར་འགྱུར་ལྡོག་འགའ་ཞིག་བྱུང་བ་ནི། བཀའ་བློན་རྟོགས་བརྗོད་ནང་ བདག་ཅག་གི་མེས་པོའི་བར་དུ་སྟག་ལུང་ག་ཟིའི་གདུང་རིགས་ཞེས་བྱང་སྟག་ལུང་གི་སེང་གེའི་ཁྲི་འཛིན་པ་དང་། དབོན་རིགས་ཀྱིས་ཕོད་མདོ་ལྷུན་གྲུབ་རྫོང་སོགས་ཀྱི་ཆབ་སྲིད་བདེ་བར་སྐྱོང་བ་ལས་ཞེས་དང་། དེ་བཞིན་གཡུ་ཕྲེང་ལས་ འབྲི་གུང་དང་། སྟག་ལུང་སོགས་བཀའ་བརྒྱུད་པ་གཞན་རྣམས་ཀྱིས་ཀྱང་གཙང་པ་གྲོགས་སུ་བརྟེན་པའམ་ཡང་ན་གཙང་པར་ཕོག་ཐུག་མ་བཏང་བར་གུས་འདུད་ལྷུར་ལེན་གྱིས་གཙང་པའི་དབང་སྒྱུར་མཁས་ལེན་བྱས་པས་དེ་ཚོར་སྐབས་དེར་གནོད་སྐྱོན་ཆེ་བ་མ་བྱུང་། ཞེས་འཁོད་པར་གཞིགས་ན་གཙང་པ་སྡེ་སྲིད་ཀྱིས་སྲིད་དབང་འཛིན་པའི་དུས་སྐབས་དེ་ཙམ་ནས་སྟག་ལུང་ཁྲི་དཔོན་དེ་ཉིད་དབང་ཤུགས་ཇེ་ཆེར་འགྱུར་ཏེ་སྔར་འཕན་པོ་ལྷུན་གྲུབ་རྫོང་གི་མངའ་ཁོངས་སུ་གྱུར་བའི་ཡུལ་སྡེ་ཡོངས་རྫོགས་སྐབས་ཤིག་རིང་སྟག་ལུང་ཁྲི་དཔོན་གྱི་དབང་འོག་ཏུ་འདུས་པ་དེ་གསལ་པོར་རྟོགས་ཐུབ་ཅིང་། དགའ་ལྡན་ཕོ་བྲང་གི་ཐོག་མའི་དབང་སྒྱུར་དུས་སྐབས་སུ་ཡང་འཕན་པོ་ལྷུན་གྲུབ་རྫོང་དེ་སྟག་ལུང་ཁྲི་དཔོན་གྱི་དབང་འོག་ཏུ་རང་འཇགས་གནས་ན་ཡང་རྗེས་སུ་འཕོ་འགྱུར་ཆེན་པོ་ཞིག་ཕྱིན་པ་ནི་བཀའ་བློན་རྟོགས་བརྗོད་ལས( )ཕྲ་མན་གྱི་རིག་པ་འཛིན་པ་བདུད་ཀྱི་ཁ་དྲོད་ཅན་དབྱེན་སྦྱོར་ལ་མཁས་པའི་སྐྱེ་བོ་ལ་ལ་དག་གི་བྱེད་པ་ལ་བརྟེན་ནས་གཙོ་བོ་རྣམས་མཉེས་གཤིན་པ་ལས་བཟློག་སྟེ། ཕན་ཚུན་གཅིག་ལ་གཅིག་མ་མཐུན་པར་རྩོད་པ་ཅན་དུ་གྱུར་པའི་མཐར་གནམ་བསྐོས་དགའ་ལྡན་ཕོ་བྲང་པའི་ཁྲིམས་ལུགས་བཙན་པོས་འདོམས་ཏེ་དཔལ་སྟག་ལུང་གི་དགོན་གནས་གཙུག་ལག་ཁང་དང་། རྫོང་གཞིས་སོགས་འཛིན་དབང་གང་ན་ཅི་མཆིས་པ་རྣམས་གཞུང་གནས་སུ་བདག་གིར་བཞེས། ཞེས་འཁོད་པར་གཞིགས་ན་སྟག་ལུང་ཁྲི་རབས་ཉེར་གཉིས་པ་རྫོང་ཞབས་དྲུང་རྣམ་རྒྱལ་ལེགས་གྲུབ་དང་། འོད་འཇོ་ཞབས་དྲུང་བཀྲ་ཤིས་ཆོས་རྒྱལ་གཉིས་ནང་མ་མཐུན་པའི་དབང་གིས་རབ་བྱུང་བཅུ་གཅིག་པའི་ས་ལུག་སྤྱི་ལོ1679ལོར་སྟག་ལུང་ཁྲི་དཔོན་གྱི་འཛིན་དབང་ཡོངས་རྫོགས་དགའ་ལྡན་ཕོ་བྲང་ནས་གཞུང་བཞེས་ཀྱིས་འཕན་པོ་ཁུལ་དུ་དེ་སྔའི་ལྷུན་གྲུབ་རྫོང་གི་རྨང་གཞིའི་ཐོག་རྫོང་གཞིས་ལྔ་གསར་དུ་བཙུགས་པ་ནི། ཟ་དམ་རྫོང་། ལྷ་ཁང་རྫོང་། གླང་ཐང་རྫོང་། མཁར་རྩེ་རྫོང་། ཕོད་མདོ་རྫོང་བཅས་ཡིན་ཞིང་རྗེས་སུ་ལྷ་ཁང་རྫོང་དེ་ཟ་དམ་རྫོང་དང་ཟླ་སྒྲིལ་གྱིས་ཟ་ལྷ་རྫོང་ཞེས་འབོད་སྲོལ་བྱུང་། གོང་གསལ་རྫོང་གཞིས་དེ་དག་གི་ཁྲོད་ནས་ལྷུན་གྲུབ་རྫོང་དེ་ཁྱབ་ཁོངས་དང་དབང་ཐང་ཆེ་ཤོས་ཀྱི་རྫོང་ཞིག་ཡིན་པ་ཕུད། དེ་མིན་རྣམས་ནི་དོན་དུ་གཞུང་སྐྱོང་གཞིས་སྡོད་ཡིན། སྐབས་དེ་དུས་འཕན་མདའ་ས་སྣེ་མན་ནི་སྔར་བཞིན་སྟག་རྩེ་རྫོང་གི་མངའ་འོག་ཏུ་གནས་ཤིང་། སྟག་རྩེ་རྫོང་ནི་སྔར་གྱི་རྫོང་ཆེན་བཅུ་གསུམ་གྱི་གྲས་ཤིག་ཡིན་པ་གོང་དུ་གསལ་བ་ལྟར་རོ། །རབ་བྱུང་བཅུ་བཞི་པའི་ས་སྟག་སྤྱི་ལོ1842ལོར་དགའ་ལྡན་ཕོ་བྲང་གིས་བསྐྱར་བསྒྲིགས་བྱས་པའི་རྩ་འཛིན་《བཀའ་ཤག་རྒྱ་དེབ་》ཅེས་པར་རིམ་པ་དྲུག་པའི་སེར་མོ་བའི་འགྲོ་ཁུངས་རྫོང་གཞིས་བཅུ་དགུ་ཡོད་པའི་ནང་ལྷུན་གྲུབ་རྫོང་སེར་མོ་བའི་འགྲོ་ཁུངས་གཅིག ལྷ་ས་ནས་ཞག་གཉིས། ཞེས་གསལ་བར་གཞིགས་ན་ལྷུན་གྲུབ་རྫོང་སྡོད་དུ་རྩེ་དྲུང་རེ་བསྐོ་གཏོང་བྱེད་སྲོལ་ཡོད་མུས་ནས་བར་སྐབས་ཤིག་ལྷུན་གྲུབ་རྫོང་སྡོད་མི་འགྲོ་ཟུར་བསྐོ་མ་དགོས་པར་རྩེ་ཡིག་ཚང་ལས་ཁུངས་ཀྱི་འགོ་འཛིན་དྲུང་ཡིག་ཆེན་མོ་བ་བཞི་ནས་སུ་རུང་ཞིག་གི་ཐབ་རྟེན་ལ་སྦྱར་སྟབས་དྲུང་ཆེའི་མིང་ཐོག་ནས་ལོ་མང་འཛིན་སྐྱོང་བྱས་པའི་མཐའ་མ་དྲུང་ཆེ་ཆོས་འཕེལ་ཐུབ་བསྟན་ཡིན་ནོ། །རབ་བྱུང་བཅུ་དྲུག་པའི་ཤིང་རྟ་སྤྱི་ལོ1954ལོར་དེ་སྔའི་བོད་ཀྱི་རྫོང་གཞིས་རྣམས་གཞུང་འཛིན་བུམ་པ་བསིང་བླུགས(བཀའ་ཤག་སྲིད་གཞུང་ནས་རྫོང་སྡོད་སོ་སོར་ལོ་ཕོགས་གཏན་འཁེལ་བཟོས་ཏེ་རྫོང་གི་ཡོང་འབབ་ཚང་མ་གཞུང་ལ་རྩིས་འབུལ་ཞུ་རྒྱུ་བཟོས་པ་དེ་ལ་གཞུང་འཛིན་བུམ་པ་བསིང་བླུགས་ཞེས་ཟེར།) བཟོས་ཏེ་གཞུང་འཛིན་བྱས་པའི་ཐོག་མའི་རྫོང་སྡོད་ཤོད་དྲུང་ལྕགས་སྤྲག་བསོད་ནམས་ཆོས་འཕེལ་ཡིན་པ་དང་། ས་ཁྱི་སྤྱི་ལོ1958ལོར་རྫོང་གཞིས་འཕོ་ལེན་སྐབས་རྩེ་དྲུང་ཚུལ་ཁྲིམས་རྒྱལ་མཚན་རིམ་པ་ལྔ་པའི་ལས་ཚན་ཐོག་འཕན་སྟག་རྫོང་གཞིས་དྲུག་ (ལྷུན་གྲུབ། ཟ་ལྷ། མཁར་རྩེ། གླང་ཐང་། ཕོད་མདོ། སྟག་རྩེ།)གི་སྤྱི་ཁྱབ་ཏུ་བསྐོས་པ་བཅས་སོ། །དེ་རྗེས་རབ་བྱུང་བཅུ་དྲུག་པའི་ས་མོ་ཕག་སྤྱི་ལོ1959ལོར་བོད་ལྗོངས་སུ་ཁྱོན་ཡོངས་ནས་ཟིང་འཁྲུག་ལྷིང་འཇགས་དང་། དམངས་གཙོ་བཅོས་སྒྱུར་གཏོང་སྐབས་དེ་སྔ་ལྷུན་གྲུབ་རྫོང་གི་མངའ་འོག་ཏུ་ཡོད་པ་རྣམས་མུ་མཐུད་སྔར་གྱི་སྲིད་འཛིན་ཁྱབ་ཁོངས་དེ་རང་དུ་གཅིག་སྡུད་ཐོག་དེ་སྔའི་མཁར་རྩེ་རྫོང་དུ་གོང་རིམ་ནས་གསར་དུ་མངགས་གཏོང་གནང་བའི་རྫོང་ལས་དོན་རུ་ཁག་གི་གནས་གཞི་དང་པོ་དེ་བཙུགས་ཏེ། ཟིང་འཁྲུག་ལྷིང་འཇགས་གཏོང་བ་དང་། དམངས་གཙོ་བཅོས་སྒྱུར་བྱེད་པ། གཞི་རིམ་དུ་གུང་ཁྲན་ཏང་གི་སྲིད་དབང་འཛུགས་པའི་ལས་དོན་རྣམས་བསྒྲུབས་ཤིང་། སྐབས་དེའི་དབུ་ཁྲིད་གཙོ་བོ་ནི་རྒྱ་རིགས་བློ་མཐུན་ཀྲང་ཐེ་རན་དང་། བོད་རིགས་བློ་བཟང་ཞེས་པ་གཉིས་ཡིན། དེ་ནས་ལོ་དེ་གའི་སྤྱི་ཟླ10པའི་ནང་ལས་དོན་རུ་ཁག་མཁར་རྩེ་ནས་དེ་སྔའི་ལྷུན་གྲུབ་རྫོང་གནས་ཡུལ་རྫོང་ཞོལ་དུ་གནས་སྤོས་ཀྱིས་ལྷུན་གྲུབ་དང་། མཁར་རྩེ། གླང་ཐང་། ཟ་ལྷ། ཕོད་མདོ་བཅས་ཟླ་སྒྲིལ་ཐོག་ཟླ་བ་དེའི་ཚེས15ཉིན་ཀྲུང་གུང་ལྷུན་གྲུབ་རྫོང་མི་དམངས་སྲིད་གཞུང་དངོས་སུ་བཙུགས་ནས་བློ་མཐུན་ཉི་མ་རྡོ་རྗེས་ཐོག་མའི་རྫོང་དཔོན་གྱི་འགན་བཞེས། ཉི་མ་རྡོ་རྗེ་ལགས་ནི་བོད་ལྗོངས་གཞིས་ཀ་རྩེའི་ས་ཁུལ་དྲུག་པ་ནས་ཡིན་ཞིང་། སྤྱི་ལོ1959ལོའི་གོང་ནས་གསར་བརྗེའི་ནང་ཞུགས་ཏེ་ཐོག་མར་ལྷ་སའི་ནུབ་ཕྱོགས་སུ་བཙུགས་པའི་བོད་ཀྱི་ཞིང་ལས་ཚོད་ལྟ་ར་བ་ཨང་དང་པོ་བདུན་གཅིག་ཞིང་ར(བདུན་གཅིག་ཞིང་ར་ཞེས་པ་ནི་ཞིང་ར་དེ་སྤྱི་ཟླ་བདུན་པའི་ཚེས་གཅིག་ཉིན་གསར་བཙུགས་ཞུས་པས་ན་བདུན་གཅིག་ཞིང་ར་ཞེས་བརྗོད་པ་ཡིན་ནོ།)ཞེས་པར་འདྲུད་འཐེན་འཕྲུལ་འཁོར་གཏོང་མཁན་གནང་བ་དང་། སྤྱི་ལོ1959ལོར་གོང་རིམ་ནས་ལྷུན་གྲུབ་རྫོང་ལ་མངགས་གཏོང་གིས་ཀྲུང་གུང་ལྷུན་གྲུབ་རྫོང་གི་རྫོང་དཔོན་ཨང་དང་པོ་དེ་གནང་། ཁོང་གིས་རྫོང་དཔོན་གནང་རིང་ཟིང་འཁྲུག་ལྷིང་འཇགས་དང་། དམངས་གཙོ་བཅོས་སྒྱུར་སོགས་གསར་བརྗེའི་ལས་འགུལ་གང་སར་འཕྲལ་ཐག་ཆོད་ལ་བཀའ་དབང་བཙན་པའི་རྫོང་དཔོན་གྱི་གཟུགས་བརྙན་ཞིག་མངོན་པར་བྱས་ཏེ་སྐབས་ཤིག་རིང་དབང་གྲགས་གང་སར་ཁྱབ་ན་ཡང་རིག་གནས་གསར་བརྗེའི་སྐབས་ཁོང་ཡང་རིགས་བཞིའི་མི་སྣའི་ཁོངས་ནས་ཏང་ནང་གི་དབང་འཛིན་ཤོག་ཁའི་གྲས་སུ་ཚུད་དེ་རྡུང་བརྡེག་དང་། འཐབ་རྩོད་སྣ་ཚོགས་ཕོག་ནས་མི་ལོ་ཧྲིལ་པོ18ལྷག་ཙམ་དཀའ་སྡུག་ཚད་ལས་འདས་པ་ཞིག་མྱོང་དགོས་བྱུང་། དེ་རྗེས་སྤྱི་ལོ1984ལོར་སྲིད་ཇུས་དོན་འཁྱོལ་གྱིས་སྔར་གྱི་ཐོབ་ཐང་སླར་གསོ་གནང་སྟེ་ལྷུན་གྲུབ་རྫོང་གི་རྫོང་དཔོན་གཞོན་པའི་གོ་གནས་དང་། ཐོབ་ཐང་ཞིག་རག་ན་ཡང་དུས་ཡུན་ལོ་ལྔ་ཙམ་ལས་མ་སོང་པར་སྤྱི་ལོ1989ལོར་ནད་མནར་གྱི་རྐྱེན་པས་ཚེ་ལས་འདས། ཁོང་ཚེ་ལས་འདས་སྐབས་དགུང་ལོ་51ལ་ཕེབས་ཡོད། ཁོང་གིས་ཀྲུང་གུང་ལྷུན་གྲུབ་རྫོང་གི་རྫོང་དཔོན་ཐོག་མར་གནང་སྐབས་རྫོང་གི་མངའ་འོག་ཏུ་ཐང་འགོ་དང་། ཕོད་མདོ། ངར་ནང་། བདེ་གྲོང་། མཁར་རྩེ། ཟ་དམ་བཅས་ཆུས་དྲུག་དང་། ཤང་ཉི་ཤུ་རྩ་བདུན་བཙུགས། རྗེས་སུ་ཆུས་དྲུག་པོ་དེ་དག་ལས་མཁར་རྩེ་ཆུས་ནི་སྤྱི་ལོ1960ལོར་རྒྱལ་གཉེར་འཕན་པོ་ཞིང་ར་རྒྱ་སྐྱེད་ཐེངས་དང་པོ་བྱེད་སྐབས་འཕན་པོ་ཞིང་རའི་མངའ་ཁོངས་སུ་ཟླ་སྒྲིལ་གྱིས་རུ་ཁག་བདུན་པར་གཏན་འཁེལ་བྱས། དེ་མིན་གྱི་ཆུས་ལྔའི་ནང་རོགས་རེས་ཚོགས་ཆུང་བཙུགས་ཤིང་། རོགས་རེས་ཚོགས་ཆུང་ཞེས་པ་དེ་ནི་སྒེར་ལ་དབང་བའི་ལམ་ལུགས་ཤིག་ཡིན་ཞིང་། དེའི་སྒྲིག་གཞི་ནི་ཡུལ་ལུང་སོ་སོའི་ས་ཞིང་རྣམས་མི་མགོ་ལ་གཞིགས་ཏེ་ཁྱིམ་ཚང་སོ་སོར་བགོས་འགྲེམས་ཐོག་གྲོང་ཚོ་ཆེ་ཁག་ནང་ཕན་ཚུན་མཐུན་ཕྱོགས་ཡོད་པའི་མི་ཚང་ཐེམ་པ་འགའ་ཞིག་དང་། གྲོང་ཚོ་ཆུང་བའི་ནང་གྲོང་ཚོ་རེར་ཚོགས་ཆུང་རེ་དང་། ཚོགས་ཆུང་རེར་ལས་དཔོན་རེ་དང(སྐབས་དེར་ཙུའུ་ཀྲང་ཡང་ཟེར།)དྲུང་ཡིག་རེ་བསྐོས་ནས་རྒྱུན་གཏན་གྱི་ལས་ཀ་ཚང་མ་ལས་དཔོན་གྱིས་གཅིག་གྱུར་བཀོད་སྒྲིག་ལྟར་བྱེད་དགོས་ཤིང་། ཚོགས་ཆུང་ནང་ཞིབ་ཕྲའི་ལས་ཀའི་བྱེད་ཐབས་ནི་ལས་ཞུགས་ཀྱི་ནུས་པ་ལྡན་པའི་མི་སྣ་ཚང་མར་རང་གི་ལས་ཀའི་འཇོན་ནུས་ལ་གཞིགས་པའི་སྐར་མ་སྤྲོད་པའི་ལམ་ལུགས་བཟོས་ཏེ་སྐར་མ་རབ་ལ་ 10 དང་། འབྲིང་ལ་ 8 ཐ་ལ་ 6 བཟོས་ཐོག་དེ་དག་ཤིང་བྱང་སྟེང་ཁྱིམ་མིང་དང་རང་མིང་གཉིས་མཉམ་དུ་བཀོད་ནས་ཚོགས་ཆུང་ནང་ཁྱིམ་ཚང་ཕན་ཚུན་རོགས་རམ་ལ་བསྐྱོད་སྐབས་ཤིང་བྱང་སྤྲོད་ལེན་བྱེད་དགོས་ཤིང་། ལས་དཔོན་གྱིས་ཁྱིམ་ཚང་སོ་སོའི་དངོས་ཡོད་ཀྱི་ལས་ཀའི་དགོས་མཁོ་དང་། ས་ཞིང་གི་རྒྱ་ཁྱོན་ལྟར་རྨོན་དོར་དང་མི་སྣ་བཀོད་སྒྲིག་གིས་ས་ཞིང་ཚང་མ་མཉམ་རུབ་ཐོག་འདེབས་ལས་བྱེད་པ་མ་ཟད། དབྱར་དུས་ས་ཞིང་ལ་ཡུར་མ་ཡུར་བ་དང་ཆུ་གཏོང་བ། སྟོན་དུས་ལོ་ཏོག་བརྔ་འདྲེན་བྱེད་པ་སོགས་ཚང་མ་གཅིག་གྱུར་ཐོག་བཀོད་སྒྲིག་ཞུ་ཡི་ཡོད། དེ་ནས་ཚར་མ་གཡུལ་ཁར་འབྱོར་བའི་རྗེས་གཡུལ་ལས་དེ་ཁྱིམ་ཚང་སོ་སོས་བཏང་སྟེ་དེའི་ཐོན་འབབ་འབྲུ་རིགས་རྣམས་ཐོག་མར་རང་ཉིད་ཀྱི་མཛོད་ཁང་ནང་བསྡུ་རྒྱུ་ཡོད་ཀྱང་། རྗེས་སུ་གཡུལ་ལས་ཚར་རྗེས་ཆུས་ཀྱི་འབྲེལ་ཡོད་ལས་བྱེད་པ་དང་། ཚོགས་ཆུང་གི་ལས་དཔོན་དང་དྲུང་ཡིག་སོགས་མཉམ་འཛོམས་ཀྱིས་མི་ཚང་རེ་རེ་བཞིན་ཤིང་བྱང་སྤྲོད་ལེན་བྱས་པའི་བསྡོམས་ཐོ་ལྟར་རྩིས་རྒྱག་གིས་ཁྱིམ་ཚང་གཉིས་ཀྱི་ཤིང་བྱང་གི་སྐར་མའི་གྲངས་འབོར་གཅིག་མཚུངས་ཡིན་ན་དེ་གཉིས་ཕན་ཚུན་མགོ་ཐུག་གཏོང་བ་དང་། སྐར་མའི་གྲངས་འབོར་མང་ཉུང་ཤོར་བ་རྣམས་འབྲུ་རིགས་ལ་ཕབ་སྟེ་ཕན་ཚུན་སྤྲོད་ལེན་བྱེད་དགོས་ཀྱི་ཡོད། དེ་ལྟར་རོགས་རེས་ཚོགས་ཆུང་ཞེས་པ་དེ་ཐོག་མར་གསར་འཛུགས་བྱེད་པའི་དམིགས་ཡུལ་ནི་ཕན་ཚུན་རོགས་རེས་དང་། ཕན་ཚུན་མཉམ་ལས་ཀྱིས་ཐུན་མོང་ཐོག་དབུལ་པོའི་གནས་ལས་སྒྲོལ་ཐབས་བྱེད་པའི་སྲིད་ཇུས་བཟང་པོ་ཞིག་ཡིན་ནའང་རྗེས་སུ་རྒྱལ་གཅེས་གཞུང་འབྲུ་དང་། འབྲུ་ལྷག་སྤུས་ཚོང་ཞེས་པའི་སྲིད་ཇུས་དེའི་འོག་བར་གནས་འགོ་ཁྲིད་ཁག་གཅིག་གིས་དཔྱིད་དུས་ཞིང་ཁར་ཐོན་བསྐོར་སྐབས་ས་ཞིང་གི་དངོས་ཡོད་སྐྱེ་འབབ་ལ་བརྟག་དཔྱད་ནན་ཏན་མ་གནང་བར་རང་ཉིད་ཀྱི་ཁེ་ཕན་དང་། གོ་གནས་ཀྱི་ཆེད་དུ་གོང་རིམ་ལ་འབྲུ་རིགས་ཐོན་ཚད་དངོས་ཡོད་ལས་ལྡབ་གྲངས་འགའ་ཞིག་སྤར་ཏེ་སྙན་གསེང་ཞུས་པས་ན། སྟོན་དུས་གོང་རིམ་ནས་ཐོན་བསྐོར་བའི་སྙན་ཞུ་གཞིར་བཟུང་མང་ཚོགས་ཀྱི་ས་ནས་གསུམ་བཅད་གཙང་འབུལ་གྱི་རྩ་དོན་ལྟར(གསུམ་བཅད་གཙང་འབུལ་གྱི་རྩ་དོན་ཞེས་པ་ནི་ལོ་རེའི་ཐོན་འབབ་ཀྱི་ནང་ནས་ཟ་འབྲུ་དང་། སོན་འབྲུ། ཆག་ཕྱུར་གསུམ་ཕུད་པའི་དེ་བྱིངས་ཀྱི་འབྲུ་རིགས་ལྷག་མ་ཡོད་ཚད་གཞུང་ལ་གཙང་འབུལ་ཞུ་དགོས་པའི་དོན་ནོ།།)འབྲུ་རིགས་བསྡུ་ལེན་བྱས་པས། མང་ཚོགས་ལ་སྐབས་དེའི་འཆར་གདིང་ཨུ་ཡོན་ལྷན་ཁང་གིས་གཏན་ལ་ཕབ་པའི་འབྲུ་རིགས་དེ་འདྲ་དངོས་སུ་ཐོན་མི་ཐུབ་སྟབས་རྒྱལ་གཅེས་གཞུང་འབྲུ་དང་། འབྲུ་ལྷག་སྤུས་ཚོང་གི་ཁུར་པོ་ལྗིད་པོ་ཞིག་ཁུར་དགོས་བྱུང་སྟེ་དེ་དུས་སྤྱི་ཚོགས་ཐོག་འབྲུ་རིགས་རྨ་ཆུ་ལས་བརྒལ། སྤྲང་པོ་འབྲི་ཆུ་ལས་བརྒལ་ཞེས་པའི་བཤད་སྲོལ་ཞིག་གང་སར་ཁྱབ་བོ། །སྐབས་དེར་འབྲོག་པའི་ས་ཁུལ་དུ་ཞིང་ཁུལ་ལྟར་རོགས་རེས་ཚོགས་ཆུང་བཙུགས་མེད་ན་ཡང་། འབྲོག་ཁྱིམ་སོ་སོའི་ཕྱུགས་རིགས་ཀྱི་མགོ་གྲངས་ལ་གཞིགས་ཏེ་རྒྱལ་གཅེས་ཤ་མར་དང་། ཤ་དང་མར་ལྷག་སྤུས་ཚོང་ནི་ཞིང་ཁུལ་དང་གཅིག་མཚུངས་ཞུ་དགོས་ཀྱི་ཡོད་པས་དེ་དུས་འབྲོག་པའི་ཕྲུ་གུ་རྣམས་ལ་འབྲོག་ཕྲུག་མཆུ་སྐམ་པ་ཞེས་པའི་མིང་ལྡོག་ཅིག་ཀྱང་ཡོངས་གྲགས་སུ་གྱུར་རོ། །དེ་རྗེས་སྤྱི་ལོ1965ལོར་བྲག་ཤོད་དང་། ཕུ་བརྒྱ་གྲོང་། དན་དཀར་བཅས་མཉམ་སྡུད་ཀྱིས་དན་དཀར་མི་དམངས་སྤྱི་ཁང་ཞེས་པ་བཙུགས་ན་ཡང་ལོ་རྗེས་མ་མེ་ཕོ་རྟ་སྤྱི་ལོ1966ལོར་ལྷུན་གྲུབ་རྫོང་གི་ལྷོ་ཕྱོགས་ཡོངས་རྫོགས་ཟླ་སྒྲིལ་གྱིས་རྒྱལ་གཉེར་ལྷུན་གྲུབ་ཞིང་ར་བཙུགས་ཏེ་ཞིང་རའི་ལྟེ་གནས་དེ་ཐོག་མའི་རྫོང་ཞོལ་ནས་བྱང་ཁར་གནས་སྤོས་བྱས། སྐབས་དེའི་ཞིང་རའི་གཙོ་བོའི་འགོ་ཁྲིད་ནི་རྒྱ་རིགས་བློ་མཐུན་ཀྲང་ཧྥུ་ཁྲང་ཀྲང་(场长)དང་། བོད་རིགས་ཕུན་དགའ་ཁྲང་ཀྲང་ཞེས་པ་དེ་ཡིན་ཞིང་གོང་རིམ་དོ་དམ་ཚན་པ་ནི་བོད་དམག་ཁུལ་ཁང་ཐོན་སྐྱེད་པུའུ་ཡིན། དེ་བཞིན་བྱང་ཕྱོགས་ཀྱི་ཐང་འགོ་དང་། ཕོད་མདོ། ངར་ནང་། དབུས་རུ་ལུང་བཅས་མཉམ་སྡུད་ཀྱིས་ཕོད་མདོའི་སྒང་དུ་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་མི་དམངས་སྲིད་གཞུང་བཙུགས་ནས་སྐབས་དེའི་རྫོང་གི་ཧྲུའུ་ཅི་དང་པོ་བློ་མཐུན་ལིའུ་ཀྲན་ཧྲན་དང་། རྫོང་དཔོན་བསོད་རྒྱལ་གྱིས་གནང་ཞིང་། མངའ་འོག་མི་སེར་རྣམས་དང་ཐོག་རོགས་རེས་ཚོགས་ཆུང་དང་། དེ་རྗེས་སྤྱི་ལོ1970ལོར་མི་དམངས་སྤྱི་ཁང་དུ་སྒྱུར། སྐབས་དེར་དམངས་ཁྲོད་དུ་མི་དམངས་སྤྱི་ཁང་ལ་མི་དམངས་ཀུང་ཧྲེ(人民公社)ཞེས་ཟེར། མི་དམངས་སྤྱི་ཁང་ཞེས་པ་དེ་ནི་ཐོན་སྐྱེད་ཀྱི་རྒྱུ་ཆ་ཡོངས་རྫོགས་དང་། མཛོ་གཡག་རྟ་བོང་སོགས་ཕྱུགས་ཟོག་གི་རིགས་ཡོངས་རྫོགས་སྤྱི་ལ་དབང་བའི་ལམ་ལུགས་ཤིག་ཡིན་པས། དེ་ལས་བྱུང་བའི་ཐོན་སྐྱེད་ཀྱི་འབྲས་བུ་རྣམས་ཀྱང་མི་དམངས་སྤྱི་ཁང་ནང་མཉམ་ཟ་མཉམ་སྤྱོད་བྱེད་པ་ལས་མི་སྒེར་སོ་སོར་བགོས་འགྲེམས་བྱེད་ཀྱི་མེད་པས། རྒྱལ་ཡོངས་སུ་མི་དམངས་སྤྱི་ཁང་ཐོག་མར་འཛུགས་སྐབས་རང་ཁྱིམ་ནི་དགོང་མོ་ཉལ་ས་ཙམ་ལས་དེ་མིན་གྱི་དགོས་པ་གང་ཡང་མེད་པར་གྱུར་ཏེ་མི་རྣམས་ཀྱིས། མི་དམངས་ཀུང་ཧྲེ་ཡག ཁྱིམ་དུ་མེ་གཏོང་ཆུ་ལེན་བྱེད་མི་དགོས་ལ། ཁ་ལག་རིན་པ་སྤྲད་མི་དགོས་ཞེས་པ་སོགས་ཐོག་མར་མི་དམངས་སྤྱི་ཁང་གི་ལམ་ལུགས་དེར་སྤྱི་མོས་ཆེན་པོ་བྱུང་ན་ཡང་། རྗེས་སུ་ཟ་འཐུང་ལོངས་སྤྱོད་ཐམས་ཅད་མཉམ་ཟ་མཉམ་འཐུང་བྱས་པ་དེས། སྤྱི་ཟ་ཧབ་ཐོབ་དང་། སྤྱི་ཞིང་རམ་པ། སྤྱི་རྟ་སྒལ་རལ། སྤྱི་ལས་གཡོལ་ཐབས་སོགས་ཀྱི་བྱ་སྤྱོད་ངན་པ་དག་རིམ་བཞིན་ཐོན་པས་ཐོན་སྐྱེད་ནུས་ཤུགས་གོང་དུ་འཕེལ་ནས་མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཡག་ཏུ་འགྲོ་རྒྱུའི་ཚབ་ཏུ་ལོ་རེ་ལས་ལོ་རེ་ཉམས་ཞན་དུ་འགྲོ་བཞིན་པས་ན། དེ་ལྟ་བུའི་མཉམ་ཟ་མཉམ་སྤྱོད་ཀྱི་ཁྲོ་ཁོག་ཆེན་པོའི་ལམ་ལུགས་དེ་མུ་མཐུད་ཁྱབ་བརྡལ་འགྲོ་མ་ཐུབ་པར་རང་རེ་ལྷུན་གྲུབ་རྫོང་གི་མངའ་ཁོངས་སུ་བོད་ལྗོངས་སྤྱི་དང་འདྲ་བར་མི་དམངས་སྤྱི་ཁང་ཐོག་མར་འཛུགས་སྐབས་ལམ་ལུགས་ཀྱི་ངོ་བོ་དེ་སྤྱི་ལ་དབང་བའི་ལམ་ལུགས་ཡིན་པའི་རྨང་གཞིའི་ཐོག་རྒྱུན་གཏན་གྱི་ལས་ཀའི་བྱེད་ཐབས་དེ་ཚོགས་ཆུང་ཁག་བགོས་ཀྱིས་རུ་ཁག་ཁ་ཤས་སུ་དབྱེ་སྟེ། ལས་མི་རྣམས་ལ་སྐར་མའི་ལམ་ལུགས་བཟོས་ནས་སྐར་མ་དེ་རོགས་རེས་ཚོགས་ཆུང་གི་སྐབས་ལྟར་མིའི་འཇོན་ནུས་ལ་གཞིགས་ཏེ་རབ་འབྲིང་ཐ་གསུམ་དུ་དབྱེ་ནས་དགོང་མོ་ལས་ཐག་བཅད་རྗེས་དུས་ཀྲང(队长)ངམ་ཡང་ན་ཙུའུ་ཀྲང་གིས(组长)ལས་ཐོ་བརྒྱབ་ཐོག་ཟླ་བ་རེར་བསྡོམས་རྩིས་རེ་རྒྱག་གི་ཡོད། དེ་ནས་ལོ་མཇུག་ཏུ་སླེབས་སྐབས་རྫོང་གི་ལས་དོན་མི་སྣ་དང་། མི་དམངས་སྤྱི་ཁང་གི་དབུ་ཁྲིད། དེ་བཞིན་རུ་ཁག་སོ་སོའི་དུས་ཀྲང་དང་རྩིས་པ་སོགས་ཚང་མ་མཉམ་འཛོམས་ཀྱིས་ཞིང་ལས་དང་། འབྲོག་ལས། ཞོར་ལས་སོགས་ལོ་དེའི་ནང་བྱུང་བའི་ཡོང་འབབ་ཡོངས་རྫོགས་བསྡོམས་རྩིས་བརྒྱབ་རྗེས་བསྡོམས་ཐོ་དེ་དག་གི་ནང་ནས་བརྒྱ་ཆ་བསྐོར་ཏེ་རྒྱལ་གཅེས་གཞུང་འབྲུ་དང་། འབྲུ་ལྷག་སྤུས་ཚོང་། གྲབས་གསོག་འབྲུ་རིགས་བཅས་འཐེན་པའི་རྗེས་དེའི་ལྷག་མའི་འབྲུ་རིགས་དང་ཤ་མར་རྣམས་7:3གྱི་རྩ་དོན་ལྟར་མང་ཚོགས་ལ་བགོས་འགྲེམས་ཞུ་ཡི་ཡོད་ཅིང་7:3ཞེས་པའི་བསྡུར་བ་དེ་ནི་སྤྱིའི་ཡོང་འབབ་ཀྱི་ནང་ནས་བརྒྱ་ཆ་བདུན་ཅུ་མི་མགོ་གཞིར་བཟུང་བགོས་འགྲེམས་ཞུ་བ་དང་། བརྒྱ་ཆ་སུམ་ཅུ་ལས་ཞུགས་མི་སྣའི་སྐར་གྲངས་ཀྱི་བསྡོམས་འབོར་ལ་གཞིགས་ཏེ་བགོས་འགྲེམས་བྱེད་པ་ལ་ཟེར། དེས་ན་སྐབས་དེར་ལས་ནུས་ཀྱི་སྐར་གྲངས་མང་བའི་མི་ཚང་དེ་ཚོར་བགོས་འགྲེམས་ཀྱི་འབྲུ་རིགས་དང་། ཤ་མར་སོགས་ཆ་ཚང་ཐོབ་པའི་མ་ཚད་ད་དུང་སྐར་དངུལ་ཞེས་དངུལ་སྨར་ཡང་གང་ཙམ་ཞིག་ལེན་རྒྱུ་ཡོད་ཀྱང་། ངལ་ནུས་ཞན་པའི་མི་ཚང་དེ་དག་ནི་དངུལ་སྨར་ལེན་རྒྱུ་ལྟ་ཞོག་བགོས་འགྲེམས་ཀྱི་འབྲུ་རིགས་དང་། ཤ་མར་ཡང་ཆ་ཚང་ཞིག་ལེན་ཐུབ་ཀྱི་མེད། འོན་ཀྱང་མི་དམངས་སྤྱི་ཁང་ནང་ཚོགས་ཆུང་ཁག་བགོས་དང་། སྐར་མའི་ལམ་ལུགས་བཟོས་པ་དེས་མིའི་ཧུར་སེམས་ལ་སྐུལ་འདེད་ཆེན་པོ་བྱུང་ནས་མི་དམངས་སྤྱི་ཁང་ཐོག་མར་འཛུགས་སྐབས་དང་བསྡུར་ན་གང་ཅིའི་ཐད་འགྱུར་ལྡོག་གང་ཙམ་ཞིག་འགྲོ་ཐུབ་པ་བྱུང་ཡོད། དེ་བཞིན་འཕན་མདའ་ས་སྣེ་མར་བརྒྱབ་རྣམས་སྤྱི་ལོ1959ལོའི་གོང་དུ་སྟག་རྩེ་རྫོང་གི་མངའ་འོག་ཡིན་པ་ནས་སྤྱི་ལོ1959ལོའི་ཟླ་བ11པའི་ནང་དགའ་ལྡན་ཆོས་འཁོར་གྱི་ཉེ་འཁོར་དུ་ཡོད་པའི་ཚོང་པ་བར་ཚོང་བ་ཁག་གཅིག་དང་། འཕན་པོའི་ཁུལ་དུ་ཡུལ་གྱར་དུ་སླེབས་པའི་མི་སྣ་ཁག་གཅིག ད་དུང་དགའ་ཆོས་གྲོང་ཚོ་དང་། མཁར་མཐོ། ཨ་ཁུ་སོ་ཁ་སོགས་ཀྱི་དུད་ཁྱིམ་ཁག་གཅིག་བཅས་ཁྱོན་ཐེམ་དུས་བརྒྱ་ལྷག་ཙམ་ལས་གྲུབ་པའི་རྒྱལ་གཉེར་སྟག་རྩེ་ཞིང་ར་ཞེས་པ་དེ་ཐོག་མར་དགའ་ཆོས་གྲོང་ཚོར་བཙུགས་ཤིང་། སྐབས་དེའི་འགན་ཁུར་མི་སྣ་གཙོ་བོ་ནི་རྒྱ་རིགས་བློ་མཐུན་ཀྲུའུ་ཅན་ཝེ་དང་ཁོང་གི་སྐད་སྒྱུར་བློ་དགའ་ལགས་ཀྱིས་གནང་། དེ་དུས་ཞིང་རའི་ལས་མི་རྣམས་ལ་ཞིང་རའི་བཟོ་པ་ཞེས་མིང་བཏགས་ནས་ཟླ་རེར་གླ་ཆ་མི་དམངས་ཤོག་སྒོར15ནས་20བར་ཞིག་ལེན་རྒྱུ་ཡོད། དེ་ལྟར་རྒྱལ་གཉེར་སྟག་རྩེ་ཞིང་རའི་བཟོ་པ་རྣམས་ལ་རོགས་རེས་ཚོགས་ཆུང་དང་། མི་དམངས་སྤྱི་ཁང་གཉིས་དང་མི་འདྲ་བའི་ཟླ་བ་མི་རེ་ངོ་རེར་དངུལ་ཕོགས་གང་ཙམ་ཞིག་ལེན་རྒྱུ་བྱུང་བ་དེས་ཚོགས་པ་གཞན་དང་མི་འདྲ་བའི་དམིགས་བསལ་གྱི་ཁྱད་ཆོས་ཤིག་མངོན་པས། རྗེས་སུ་རྒྱལ་གཉེར་ཞིང་ར་རྒྱ་སྐྱེད་གཏོང་བར་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་ཐོན་ཡོད། དེ་རྗེས་སྤྱི་ལོ1960ལོར་ཞིང་ར་རྒྱ་སྐྱེད་ཐེངས་དང་པོ་བྱེད་སྐབས་ལྕང་ཤར་དང་། ཡུལ་སྔ། བརྒྱ་གྲོང་། གྲུབ་རྒྱ། གླང་ཐང་། དགའ་ལྡན་ཆོས་འཁོར་གྱི་ས་ཁོངས་ཁྱོན་ཡོངས། མཁར་རྩེ་བཅས་རུ་ཁག་བདུན་དུ་དབྱེ་ནས་རྒྱལ་གཉེར་འཕན་པོ་ཞིང་ར་ཞེས་པ་ཐོག་མར་གསར་འཛུགས་ཞུས་ན་ཡང་སྤྱི་ལོ1962ལོར་ལོ་ལྔ་མཉམ་ལས་འགྱངས་པ་ཞེས་པའི་རང་མོས་སྲིད་ཇུས་གསར་པའི་འོག་གྲོང་ཚོ་ཁག་གཅིག་དང་། ཁྱིམ་ཚང་ཁག་གཅིག་ཞིང་རའི་སྒྲིག་འཛུགས་ལས་ཕྱིར་འཐེན་གྱིས་རོགས་རེས་ཚོགས་ཆུང་བཙུགས་ཀྱང་། སྤྱི་ལོ1964ལོར་སླར་ཡང་སྲིད་ཇུས་ལ་འགྱུར་བ་ཕྱིན་ནས་གོང་གསལ་རུ་ཁག་བདུན་པོ་དེ་དག་གི་དུད་ཁྱིམ་ཡོངས་རྫོགས་རྒྱལ་གཉེར་ཞིང་རར་བསྐྱར་ཞུགས་བྱས་པ་མ་ཟད་འཕན་པོའི་མདའ་རུ་ཆགས་པའི་དཔལ་འབྱོར་གླིང་དང་། སེར་ཁང་། ཕུན་ཚོགས་གླིང་སོགས་གྲོང་སྡེ་དེ་དག་ཀྱང་སྤྱི་ལོ1959ལོར་སྔར་བཞིན་སྟག་རྩེ་རྫོང་གི་མངའ་འོག་ཏུ་གནས་ནས་ཐོག་མར་རོགས་རེས་ཚོགས་ཆུང་བཙུགས་ཀྱང་། རྗེས་སུ་སྤྱི་ལོ1965ལོར་ཞིང་ར་རྒྱ་སྐྱེད་ཐེངས་གཉིས་པ་བྱེད་སྐབས་རོགས་རེས་ཚོགས་ཆུང་དུ་རང་འཇགས་སྡོད་པའམ་ཡང་ན་འཕན་པོ་ཞིང་རའི་ཁོངས་སུ་འཛུལ་ཞུགས་བྱེད་མིན་ཐད་རང་མོས་ཀྱི་སྲིད་ཇུས་གསར་པ་ཞིག་དོན་པས་ན། དེ་དུས་འཕན་པོ་ཞིང་རའི་བཟོ་པ་རྣམས་ལ་ཟླ་བ་མི་རེ་ངོ་རེར་དངུལ་ཕོགས་ལེན་རྒྱུ་ཡོད་པ་དེས་དཔལ་འབྱོར་གླིང་སོགས་གྲོང་སྡེ་དེ་དག་གི་མི་ཚང་མར་བློ་འགུག་གི་ནུས་པ་ཆེན་པོ་ཐོན་ཏེ་སྟག་རྩེ་རྫོང་གི་མངའ་འོག་ནས་དོན་ཏེ་འཕན་པོ་ཞིང་རའི་མངའ་ཁོངས་སུ་འཛུལ་ཞུགས་ཀྱིས་འཕན་པོ་ཞིང་རའི་རུ་ཁག་བརྒྱད་པ། དགུ་པ། བཅུ་པ་བཅས་སུ་གཏན་འཁེལ་བྱས་པ་ཡིན། སྐབས་དེའི་ཞིང་རའི་འགོ་ཁྲིད་གཙོ་བོ་ནི་བློ་མཐུན་ཀྲང་ལིང་དང་། ཀྲང་དཱ་ཡི་གཉིས་ཡིན་ཞིང་། ཞིང་རའི་མི་དམངས་རྣམས་ལས་ཡོད་དང་ལས་མེད་ཅེས་གླ་ཆའི་རིམ་པ་སྣ་ཚོགས་བཟོས་ཏེ་ཟླ་རེར་གླ་ཆ་མཐོ་ཤོས་མི་དམངས་ཤོག་སྒོར་30དང་། དམའ་ཤོས་སྒོར12ཡིན་པ་དང་། བཟའ་འབྲུ་ཟླ་རེར་མཐོ་ཤོས་རྒྱ་མ་34དང་དམའ་ཤོས་28བཟོས་ཏེ། དེ་དག་རྩམ་པ་དང་གྲོ་ཞིབ་ཏུ་བསྒྱུར་ནས་ཉིན་བཅུ་རེར་ཐེངས་རེ་སྤྲོད་ཀྱི་ཡོད་པ་དེར་མི་རྣམས་ཀྱིས་བཅུ་ཕོགས་ཞེས་བརྗོད་ཀྱི་ཡོད། ད་དུང་མི་རེར་ཞོག་ཁོག་དང་ལ་ཕུག་འདེབས་སའི་ཚལ་ཞིང་སྐར་མ་གཉིས་དང་། ལོ་གཅིག་ལ་ཤ་ཕོགས་ཞེས་ཤ་རྒྱ་མ་7ཡོད་པ་དེ་བོད་ཀྱི་ལོ་གསར་གོང་མི་རེར་རྒྱ་མ་5དང་། བརྒྱད་གཅིག་དམག་འཛུགས་དུས་ཆེན་ལ་རྒྱ་མ་གང་། ཟླ་བ10ཚེས1རྒྱལ་ཁབ་དབུ་བརྙེས་པའི་དུས་ཆེན་ལ་རྒྱ་མ་གང་། དེ་བཞིན་ལོ་གསར་གོང་ཞིང་དབུལ་ཞིང་འབྲིང་འོག་མ་མི་རེར་བོད་སྣུམ་རྒྱ་མ་གང་རེ་དང་། མངའ་ཚབ་དང་ཞིང་ཕྱུག་རྣམས་ལ་སྣུམ་རྒྱ་མ་ཕྱེད་ཁ་རེ་སྤྲོད་ཀྱི་ཡོད། འོན་ཀྱང་སྤྱི་ལོ1971ལོར་ཞིང་ར་ཡོངས་ལ་པད་ཁའི་ཐོན་སྐྱེད་ལེགས་པོ་མ་བྱུང་བར་བརྟེན་ལོ་གསར་གོང་གི་སྣུམ་རྒྱ་མ་གང་པོ་དེ་ཡང་མཁོ་སྤྲོད་མ་ཐུབ་པས་ལོ་དེའི་ལོ་གསར་སྐབས་དུད་ཚང་མང་ཆེ་བའི་ནང་སྣུམ་མེད་པས་ན། ལོ་གསར་གཏོང་སྐབས་བག་སྒོར་དཀར་པོ་ཟ་དགོས་བྱུང་བས། དམངས་ཁྲོད་དུ། ད་ལོའི་ལོ་གསར་སྐྱིད་པོ་བྱུང་། །བག་སྒོར་དཀར་པོ་ཟ་རྒྱུ་བྱུང་། །རེད་རེད་རེད་ཟེར་ན། །དུས་སང་དེ་ལས་སྐྱིད་པ་ཡོང་བ་ཤོག ཅེས་པའི་དམངས་གཞས་ཤིག་ཀྱང་དར་ཁྱབ་བྱུང་བ་ཡིན། དེ་དུས་རྒྱུན་དུ་ཉིན་བཅུ་རེར་ངལ་གསོ་ཉིན་གཅིག་རེ་འཇོག་གི་ཡོད་ཀྱང་སྟོན་གསུམ་དམག་འཐབ་ཟླ་བ་གསུམ་གྱི་རིང་ངལ་གསོ་འཇོག་གི་མེད། སྟོན་གསུམ་དམག་འཐབ་ཅེས་པ་ནི་རྩས་མ་བརྔ་བ་དང་། ཚར་མ་དབོར་འདྲེན། གཡུལ་ལས་གཏོང་བ་བཅས་ལ་ཟེར་ཞིང་། སྐབས་དེར་ལོ་ལྟར་སྟོན་གསུམ་དམག་འཐབ་འགོ་ཚུགས་པའི་ཉིན་དང་པོར་སྟོན་གསུམ་དམག་འཐབ་ཀྱི་སྐུལ་སློང་ཚོགས་ཆེན་ཞེས་པ་ཞིག་བསྐོང་ཚོགས་ཞུས་ནས། ཚོགས་ཆེན་དེའི་ཐོག(班)ཚོགས་ཆུང་སོ་སོའི་འཐུས་མིས་ཁས་ལེན་གྱི་ཡི་གེ་དང་གཏམ་བཤད་སྒྲོགས་སྦྱང་བྱེད་དགོས་ཤིང་། ཁས་ལེན་གྱི་ཡི་གེ་དང་གཏམ་བཤད་ནང་། ང་ཚོས་སྟོན་གསུམ་དམག་འཐབ་ནང་ཡུས་ཀུང་གིས་རི་བོ་སྤོ་བའི་སྙིང་སྟོབས་ལ་སློབ་སྦྱོང་གིས་ཤ་རྒྱ་མ་ཁ་ཤས་དང་ཁྲག་རྒྱ་མ་ཁ་ཤས་ཤོར་ན་ཡང་བློ་འགྱོད་གཏན་ནས་མེད་པར་དཀའ་ངལ་ཁྲི་སྟོང་ཁྱད་བསད་ཀྱིས། སྟོན་གསུམ་དམག་འཐབ་ལ་རྒྱལ་ཁ་ཐོབ་པའི་བརྩོན་ལེན་བྱ་རྒྱུ་ཡིན། ཞེས་པ་སོགས་དམ་བཅའི་ངར་སྒྲ་ཤུགས་དྲག་ཆེན་པོས་སྒྲོག་ཤིང་། འགུལ་སྐྱོད་དར་དམར་ལྷབ་ལྷུབ་ཏུ་གཡོ་བའི་ཁྲོད་དུ་སྟོན་གསུམ་དམག་འཐབ་འགོ་འཛུགས་ཞུ་ཡི་ཡོད། དེ་དུས་ཞིང་རའི་མི་རྣམས་ལས་བྲེལ་ཆེ་བའི་དབང་གིས་ཉིན་མོ་ལས་ཀར་བསྐྱོད་སྐབས་ལྟོ་དུས་གཉིས་ཕུད་ངལ་གསོ་སྤྱིར་བཏང་འཇོག་གི་མེད་པས་མི་རྣམས་ཀྱིས་ངལ་གསོ་ཐབས་སུ་ཕོ་མོ་རྒན་གཞོན་གྱི་དབྱེ་བ་མེད་པར་མི་མང་ཆེ་བས་སྣ་ཐ་དང་འགའ་ཤས་ཀྱིས་ཐ་མག་འཐེན་ཏེ་ངལ་གསོ་ཐོབ་ཐབས་བྱེད་ཀྱི་ཡོད། གོང་གསལ་གྱི་ལྷུན་གྲུབ་ཞིང་ར་དང་། འཕན་པོ་ཞིང་ར་གཉིས་ཀྱི་གླ་ཕོགས་བགོས་འགྲེམས་སོགས་སྐབས་དེའི་མི་དམངས་ཀྱི་ཐོབ་ཆ་དང་། ལས་གཉེར་བྱ་ཚུལ་ཐད་མང་ཆེ་བ་གཅིག་མཚུངས་ཡིན་ནའང་ལྷུན་གྲུབ་ཞིང་རར་རྩམ་ཕོགས་ཀྱི་ཚབ་ཏུ་འབྲུ་ཕོགས་བརྒྱབ་སྟེ་རྩམ་པ་རྔོ་འཐག་གི་ལས་ཀ་རྣམས་ཁྱིམ་ཚང་སོ་སོས་བྱེད་དགོས་ཀྱི་ཡོད། དེ་བཞིན་སྤྱི་ལོ1960ལོར་འཕན་པོའི་བྱང་ཕྱོགས་སུ་བྱང་ཕྱོགས་ཡུར་བུ་ཞེས་རིང་ཚད་ལ་སྤྱི་ལེ15ལྷག་ཙམ་ཡོད་པའི་ཡུར་བུ་ཞིག་བཟོས་ཤིང་། སྐབས་དེར་ཡུར་བུ་བཟོ་བའི་ལས་ཀའི་ནང་ཞུགས་མཁན་གྱི་མི་རྣམས་ལ་དེང་སྐབས་ལྟར་འཕྲུལ་ཆས་སོགས་གང་ཡང་མེད་པར་ཚང་མ་འཇོར་དང་སྦྱག་མ་གཉིས་ལ་བརྟེན་དགོས་པས་ལས་ཀ་དཀའ་ཚེགས་ཆེ་ལ་འཚོ་གོས་གང་སར་དཀའ་ངལ་ཆེན་པོ་ཞིག་འཕྲད་པས། དཀའ་སྡུག་གི་འཚོ་བ་དེ་ནི་མི་ཐོག་དེའི་མི་རྣམས་ཀྱིས་ནམ་ཡང་བརྗེད་ཐབས་མེད་པ་ཞིག་ཏུ་གྱུར་ཞིང་། རྗེས་སུ་དམངས་ཁྲོད་དུ་ཡུར་བུ་དེར་བྱང་ཕྱོགས་ཡུར་བུ་ཞེས་འབོད་མཁན་མེད་པར་ཚལ་མོ་ཀོང་དོང་ངམ་སྲས་མོའི་ཀོང་དོང་གི་ཡུར་བུ་ཞེས་ཡོངས་གྲགས་སུ་གྱུར་ཡོད། འོན་ཀྱང་ཡུར་བུ་དེ་བཟོ་སྐབས་འཕན་པོའི་མི་དམངས་ལ་བརྗེད་པར་དཀའ་བའི་དཀའ་སྡུག་ཆེན་པོ་ཞིག་འཕྲད་ཡོད་ཀྱང་ཡུར་བུ་དེ་བཟོས་རྗེས་བརྒྱ་གྲོང་དང་རྒྱུད་གྲོང་། དེ་བཞིན་ཡུལ་སྔའི་མདའ་རུ་ཆགས་པའི་སྲན་ཆུ་དབྱར་མ་སོགས་སྔར་གནམ་ཆུ་ཁོ་ནར་བརྟེན་དགོས་པའི་ས་ཞིང་ཁག་གཅིག་ལ་དུས་ཐུང་ལོ་ཤས་ནང་ཆུ་གཏོང་ཐུབ་པའི་ཕན་ཐོགས་ཕྲན་བུ་ཡང་བྱུང་ཡོད། དེ་བཞིན་སྤྱི་ལོ1959ལོར་དང་ཐོག་དམངས་གཙོ་བཅོས་སྒྱུར་གྱི་ལས་འགུལ་དང་། དེ་རྗེས་གཡོན་ཐལ་ལམ་ཕྱོགས་ཀྱི་ཤུགས་རྐྱེན་ལས་གྲལ་རིམ་འཐབ་རྩོད་རྐང་བྱེད་དགོས་ཞེས་པའི་འབོད་ཚིག་འོག་རིམ་བཞིན་ངོ་རྒོལ་གསུམ་དང་ཆ་ཡངས་གཉིས་ཀྱི་ལས་འགུལ་དང་། བསྐྱར་ཞིབ་ཀྱི་ལས་འགུལ། སློབ་གསོ་ཆེན་པོ་གསུམ་གྱི་ལས་འགུལ། གཙང་མ་གསུམ་གྱི་ལས་འགུལ། རིག་གནས་གསར་བརྗེ་ཆེན་པོའི་ལས་འགུལ། གྲལ་རིམ་དཔུང་ཁག་གཙང་བཤེར་གྱི་ལས་འགུལ། ལིན་དགག་ཁུང་དགག་གི་ལས་འགུལ། གཅིག་རྡུང་གསུམ་རྒོལ་གྱི་ལས་འགུལ། སྒེར་འཐབ་བཟོ་དགག་གི་ལས་འགུལ། གཡས་ལྷུང་གྱོད་གཞི་ཁྲ་ལོག་གི་རླུང་ཡན་ལ་རྒོལ་ལན་བསློག་པའི་ལས་འགུལ་སོགས་ལས་འགུལ་མང་པོ་ཞིག་ཛ་དྲག་ངང་སྤེལ་བ་དེས་སྤྱི་དམངས་ཀྱི་འཚོ་གོས་ལ་སྨན་པའི་ཁེ་ལས་དང་། བྱ་གཞག་གཞན་གཉེར་རྒྱུ་ལྟ་ཞོག་ཞིང་ལས་དང་འབྲོག་ལས་ཐོན་སྐྱེད་ལ་ཡང་དམ་འཛིན་ལེགས་པོ་ཞིག་མ་བྱུང་བས་ན། ཞིང་རའི་མི་དམངས་རྣམས་འཚོ་གོས་གང་སར་དཀའ་ངལ་ཆེན་པོ་བྱུང་ནས་གོས་ལྷམ་ལྷན་པས་གང་ཞིང་བཅུ་ཕོགས་ཀྱིས་ཉིན་བདུན་བརྒྱད་ལས་མི་འདང་པའི་དུད་ཚང་མི་ཉུང་བ་ཞིག་བྱུང་ན་ཡང་སྤྱི་ལོ1969ལོར་མའོ་ཀྲུའུ་ཞིས་གསར་བརྗེ་དམ་འཛིན་བྱས་ནས་ཐོན་སྐྱེད་སྐུལ་སྤེལ་གཏོང་དགོས་ཞེས་པའི་བཀའ་སློབ་ཀྱི་དགོངས་དོན་འོག་ཐོན་སྐྱེད་གོང་སྤེལ་གཏོང་བའི་ཐད་དམིགས་བསལ་གྱི་དོ་སྣང་ཞིག་སླེབས་ཏེ་གོང་གསལ་གྱི་ལས་འགུལ་དེ་ལས་ཆ་ཤས་ཤིག་མུ་མཐུད་སྤེལ་ན་ཡང་ཐོན་སྐྱེད་གོང་འཕེལ་གཏོང་བའི་བྱ་ཐབས་རབ་དང་རིམ་པ་ཞིག་ལག་བསྟར་བྱས་པ་དེས་མི་དམངས་ཀྱི་འཚོ་བའི་ཆུ་ཚད་དེ་རིམ་པས་ལེགས་བཅོས་ཀྱི་ཕྱོགས་སུ་གོམ་པ་སྤོ་ཐུབ་པ་བྱུང་ནས་ཁྱིམ་ཚང་མང་ཆེ་བ་འཚོ་གོས་མི་འདང་པའི་དཀའ་ངལ་ལས་རིམ་བཞིན་སྒྲོལ་ཐུབ་པ་བྱུང་། ལོ་ངོ་དེ་དག་ནང་ཞིང་རའི་གོང་རིམ་ཚན་པར་འགྱུར་ལྡོག་འགའ་ཞིག་བྱུང་བ་ནི། སྤྱི་ལོ1959ལོར་རྒྱལ་གཉེར་སྟག་རྩེ་ཞིང་ར་ཐོག་མར་གསར་འཛུགས་བྱེད་སྐབས་ཞིང་རའི་གོང་རིམ་ཚན་པ་དེ་བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་ཡིན་ནའང་རྗེས་སུ་སྤྱི་ལོ1964ལོར་བོད་དམག་ཁུལ་ཁང་ཐོན་སྐྱེད་འཛུགས་སྐྲུན་པུའི་ཁོངས་སུ་བསྒྱུར་ཞིང་། དེ་རྗེས་སྤྱི་ལོ1979ལོར་བོད་རང་སྐྱོང་ལྗོངས་ཞིང་སྦོལ་ཐིང་གི་ཁོངས་སུ་བསྒྱུར། དུས་སྐབས་དེ་དག་གི་རིང་ཞིང་རའི་རུ་ཁག་སོ་སོ་ནས་མི་དར་མ་དང་། གཞོན་ནུ་ལོ་བཅོ་ལྔ་ཡན་རྣམས་སྒྲིག་འཛུགས་ཀྱིས་འཕྲལ་སྒྲུབ་རུ་ཁག་ཅེས་པ་ཞིག་བཙུགས་ཏེ་དེ་དག་མཉམ་སྡུད་ཐོག་མི་བཅུ་རེར་གུར་རེ་སྤྲད་ནས་དམག་མིའི་སྒྲིག་འཛུགས་ལྟར་པན་ཀྲང(班长)དང་། བལ་ཀྲང(排长) ལན་ཀྲང(连长)སོགས་འགོ་ཁྲིད་ཀྱི་རིམ་པ་སྣ་ཚོགས་བཟོས་ཏེ། ཆུ་ཡུར་དང་། ཆུ་རྫིང་། ལམ་བཟོ་སོགས་རུ་ཁག་གང་ཞིག་གི་ནང་དམིགས་བསལ་དང་། འཕྲལ་སྒྲུབ་ཀྱི་ལས་འགན་གསར་པ་གང་ཞིག་ཐོན་ན་ཡང་འཕྲལ་སྒྲུབ་རུ་ཁག་གི་མི་རྣམས་ས་ཆ་དེ་རང་དུ་གནས་སྤོས་ཀྱིས་ཉིན་ལྟར་ཞོགས་པ་ཆུ་ཚོད་བདུན་པའི་ཐོག་མལ་ལས་ལངས་ཏེ་ལུས་རྩལ་རྩེད་རྗེས་ཞོགས་ལྟོ་བཟས་ནས་ལམ་སེང་རུ་སྒྲིག་གིས་ལས་ཡུལ་དངོས་ལ་བསྐྱོད་དགོས་ཤིང་། ལས་གྲྭའི་བཀའ་བཀོད་པུའུའི་རྒྱང་གྲགས་ཐོག་ནས་ཁ་ཉིན་འགུལ་བསྐྱོད་དར་དམར་ཐོབ་མཁན་གྱི་སྔོན་ཐོན་མི་སྣ་དང་ཚན་པ་ཁག་ལ་བསྟོད་བསྔགས་དང་། རྗེས་ལུས་ཀྱི་མི་སྣ་དང་ཚན་པ་ཁག་ལ་སྐྱོན་བརྗོད་ཀྱིས་ཛ་དྲག་ཆེ་བའི་འགྲན་སློང་གི་སྐུལ་བརྡ་སྒྲོག་ཅིང་། ལས་མི་སོ་སོར་ས་ཆ་རྒྱ་དཔངས་བགོས་ནས་ལས་འགན་གང་འདྲ་ཞིག་ཡིན་ནའང་འགྲན་བསྡུར་གྱི་རྣམ་པའི་ཐོག་ནས་ཚ་ཚ་འུར་འུར་ངང་སྒྲུབ་དགོས་ཀྱི་ཡོད། དགོང་མོ་ཆུ་ཚོད་བརྒྱད་པར་ལས་ཐག་བཅད་རྗེས་གུར་གྱི་ནང་ལོག་ནས་དགོང་མོའོ་ལྟོ་ཆས་ཟས་ཚར་མ་ཐག་རུ་ཁག་སོ་སོ་བྱས་ཏེ་ཚོགས་འདུ་འཚོགས་ནས་དང་ཐོག་མའོ་ཀྲུའུ་ཞིའི་གསུང་རྩོམ་དང་། ཏང་གི་རྩ་བའི་ལམ་ཕྱོགས་ཁག་དྲིལ་བསྒྲགས་སློབ་སྦྱོང་དང་། ཉིན་གཅིག་གི་ལས་ཀའི་མཇུག་འབྲས་དང་། གནས་ཚུལ་ཇི་ཡོད་རྣམས་ཕྱོགས་སྡོམ་བྱེད་པ། དེ་རྗེས་ཚོགས་ཆུང་སོ་སོ་བྱས་ཏེ་སློབ་སྦྱོང་བྱས་པའི་ནང་དོན་དང་ལས་ཀའི་ཕྱོགས་སྡོམ་ཁག་ལ་གྲོས་སྡུར་གྱིས་མི་རེ་ངོ་རེས་རང་གི་བསམ་ཚུལ་དང་མྱོང་ཚོར་རེ་བརྗོད་དགོས་ཀྱི་ཡོད། དེ་ལྟར་ཁོང་ཚོས་ཆབ་སྲིད་སློབ་སྦྱོང་དང་། ལས་ཀའི་སྤུས་འབོར་སོགས་བྱ་གཞག་ཚང་མར་འགྲན་བསྡུར་གྱི་རྣམ་པའི་ཐོག་ནས་སྒྲུབ་ཀྱི་ཡོད་ནའང་ཁོང་ཚོར་འཐོབ་རེ་བྱེད་པ་ནི་དེང་སྐབས་ལྟར་དངུལ་དང་རྒྱུ་ནོར་མ་ཡིན་པར་གཟི་བརྗིད་ཀྱི་འགུལ་བསྐྱོད་དར་དམར་དང་། གཟི་བརྗིད་ཀྱི་ལག་ཁྱེར། གཟི་བརྗིད་ཀྱི་རྟགས་མ། གཟི་བརྗིད་ཀྱི་མེ་ཏོག་དམར་པོ་བཅས་འཐོབ་རྒྱུའི་ཆེད་དུ་ཡིན། གལ་ཏེ་མི་ཞིག་ལ་གཟི་བརྗིད་ཀྱི་མཚན་སྙན་དེ་འདྲ་ཞིག་ཐོབ་ན་དེ་ནི་རང་ཉིད་ཀྱི་མི་ཚེ་དེའི་བདེ་སྐྱིད་ཆེ་ཤོས་ཤིག་ཏུ་བརྩིས་ནས་དེང་སྐབས་བྱ་དགའི་དངུལ་སྒོར་མོ་ཁྲི་ཕྲག་ཐོབ་པ་ལས་ཀྱང་དགའ་ཚོར་ཆེ་བ་བྱེད་ཀྱི་ཡོད། དེ་ལྟར་སྐབས་དེར་མི་རྣམས་ཀྱི་དངོས་པོའི་ཆ་རྐྱེན་ཤིན་ཏུ་ཞན་པའི་ཁར་ཉིན་ལྟར་ཛ་དྲག་ཆེ་བའི་ལས་ཀ་ཆུ་ཚོད་བཅུ་ཙམ་བྱེད་དགོས་པས་ལུས་ཐོག་ཏུ་དཀའ་ངལ་ཆེན་པོ་ཞིག་ཡོད་པ་སྨོས་མི་དགོས་ཀྱང་དེ་དུས་མི་ཚང་མ་འཚོ་གོས་གང་སར་རྒྱལ་ཁབ་ཀྱིས་གཅིག་གྱུར་འཆར་འགོད་ལ་བརྟེན་ནས་འཚོ་བ་བསྐྱལ་དགོས་པས་མི་དང་མིའི་དབར་འཚོ་གོས་ཀྱི་ཆེད་དུ་ཞེ་སྡང་དང་། འགྲན་སེམས་གང་ཡང་བྱེད་དགོས་དོན་མེད་ཅིང་ལས་ཀ་བྱེད་སྐབས་གླུ་དང་དགོད་སྒྲས་ཁེངས་ཤིང་། རྒྱུན་དུ་མི་དང་མིའི་དབར་ལ་མཐུན་སྒྲིལ་དང་། བརྩེ་བ་ཟབ་མོ་ཞིག་ཡོད་པ་ནི་དེའི་དུས་ཀྱི་མི་ཚང་མས་ད་ལྟ་གཅིག་གྱུར་ཐོག་ངོས་འཛིན་ཞུ་ཡི་ཡོད། སྐབས་དེའི་འཕྲལ་སྒྲུབ་རུ་ཁག་གི་ལས་མི་རྣམས་ལ་དམངས་ཁྲོད་དུ་ཆུ་ཡུར་པ་ཞེས་འབོད་ཅིང་། ལོ་དེ་དག་གི་ནང་ཁོང་ཚོས་བཟོས་པའི་ཆུ་ཡུར་དང་ཆུ་རྫིང་དེ་དག་དང་། ད་དུང་འཕན་པོ་སྒོ་ལའི་ལམ་སོགས་ཀྱིས་སྐབས་འཕྲལ་གྱི་ཕན་ཐོགས་ཕྲན་བུ་ཙམ་ལས་ཕུགས་རྒྱང་རིང་པོའི་ཕན་ཐོགས་དེ་ཙམ་མ་བྱུང་བས་ན། སྐབས་དེའི་ལྷུན་གྲུབ་ཞིང་རའི་མི་དམངས་ཀྱི་ཁྲོད་དུ། ང་ཚོའི་ཅོ་ཅོག་རྒན་པ། །སྣང་བ་འཕྲུལ་རང་དྲགས་ནས། །རི་ལ་སྐེད་རགས་འཆིང་གིས། །ས་ལ་རི་མོ་འབྲི་གིས། །ད་ལོ་རྒན་སེམས་རྙེད་ནས། །མཁར་རྩེ་ཆུ་རྫིང་རྒྱག་གིས། །ཞེས་པའི་དམངས་གཞས་ཤིག་དར་ཁྱབ་ཀྱིས་རྗེས་སུ་དམངས་གཞས་དེ་འཕན་ཡུལ་གྱི་ས་ཆ་གང་སར་ཁྱབ་ཡོད། དེ་བཞིན་འཛུགས་སྐྲུན་རུ་ཁག་ཅེས་རུ་ཁག་སོ་སོ་ནས་ཞྭ་ཡོད་ཀྱི་བུ་ཕྲུག་ཁག་གཅིག་སྒྲིག་འཛུགས་ཀྱིས་ཁང་པ་དང་ཟམ་པ་གསར་རྒྱག་བྱེད་མཁན་གྱི་རུ་ཁག་ཅིག་སྒྲིག་འཛུགས་ཀྱིས་སྐབས་དེར་ཁོང་ཚོས་བརྒྱབ་པའི་རྒྱ་ལུགས་ཀྱི་ཁང་པ་དཔེ་གསར་ཅན་མང་པོ་ཞིག་ཡོད་པའི་ཁྲོད་ནས་ད་ལྟ་དངོས་སུ་མཐོང་རྒྱུ་ཡོད་པ་ནི། དེ་སྔོན་ལྷུན་གྲུབ་ཞིང་ར་ཆགས་ཡུལ་བྱང་ཁ་རུ་ལྷུན་གྲུབ་ཀྱི་རྡོ་ཁང་ཞེས་ཁང་པའི་ཐོག་དང་སྒྲོམ་གཞི་ཡོངས་རྫོགས་རྡོ་ལས་གྲུབ་པའི་ཁང་པ་དེ་དག་དང་། ཁོང་ཚོས་བརྒྱབ་པའི་རྡོ་ཟམ་བྲག་རལ་ཟམ་པ་རྙིང་པ་དང་། བཅིངས་གྲོལ་ཟམ་སྦུག་སོགས་མང་པོ་ཞིག་ད་དུང་ཡང་མི་རྣམས་ཀྱི་མཐོང་ཆོས་སུ་གྱུར། གཞན་ཡང་རུ་ཁག་སོ་སོའི་ཞིང་དབུལ་ཞིང་འབྲིང་འོག་མའི་བུ་ཕྲུག་ལས་བདམས་ཐོན་བྱུང་བའི་ན་གཞོན་ཁག་གཅིག་སྒྲིག་འཛུགས་ཀྱིས་འཕྲུལ་རིགས་ཀྱི་ལས་ཀ་སྣ་ཚོགས་བྱེད་མཁན་འཕྲུལ་རྨོད་རུ་ཁག་དང་། རླངས་འཁོར་རུ་ཁག ཉམས་གསོ་རུ་ཁག་སོགས་རུ་ཁག་དང་ཚན་པ་མང་པོ་ཞིག་བཙུགས་ཡོད་ཅིང་། ཚན་པ་དེ་དག་ལ་ཚན་པ་གཞན་ལས་ལྷག་པའི་དམིགས་བསལ་གྱི་གྲུབ་འབྲས་ཤིག་ཐོབ་ཡོད་པ་ནི། དེ་དུས་ཡུལ་ལུང་གཞན་དུ་རྨོ་འདེབས་སོགས་ཞིང་ཁུལ་གྱི་ལས་ཀ་མང་པོ་ཞིག་མཛོ་གཡག་རྟ་བོང་ལ་བརྟེན་དགོས་ཀྱི་ཡོད་ཀྱང་འཕན་པོ་ཞིང་རར་སྐབས་དེར་ས་ཞིང་མུའུ་ཁྲི18ཙམ་ཡོད་པ་དེ་དག་འཕྲུལ་ཆས་ཀྱི་རྨོ་འདེབས་བྱེད་ཚད་དེ་བརྒྱ་ཆ་85ཡན་ཟིན་གྱི་ཡོད་པ་མ་ཟད། འབྲུ་རིགས་ཕྱིར་གཏོང་དང་མི་དམངས་ལ་མཁོ་བའི་ཚོང་ཟོག་ནང་འདྲེན་སོགས་ཚང་མ་སྣུམ་འཁོར་ལ་བརྟེན་ནས་དབོར་འདྲེན་བྱེད་ཐུབ་ཀྱི་ཡོད་ལ། འཕྲུལ་རིགས་དེ་དག་བཀོལ་སྤྱོད་དང་ཉམས་བཟོ་བྱེད་མཁན་གྱི་མི་རྣམས་ཀྱང་བརྒྱ་ཆ་95ཡན་ཡུལ་དེ་གའི་མི་སྣ་གསོ་སྐྱོང་བྱས་པ་ལས་གྲུབ་པ་ཞིག་ཡིན། དེ་བཞིན་ཞིང་ལས་ཐད་དམིགས་བསལ་གྱི་གྲུབ་འབྲས་ཤིག་ནི་ཞིང་ལས་ཐོན་འཕར་ཡོང་ཕྱིར་ཚན་རིག་ལ་བརྟེན་ནས་ཞིང་ཁ་འདེབས་པའི་བྱ་གཞག་ཁྲོད་དགུན་གྲོ་ཞེས་ལོ་སྔོན་མའི་སྟོན་ཁར་ཞིང་ཁ་བཏབ་ནས་ལོ་ཕྱི་མའི་སྟོན་ཁར་འབྲུ་རིགས་བསྡུ་བའི་ཞིང་ལས་ལག་རྩལ་དེ་ཉིད་འཕན་པོའི་ཁུལ་དུ་ཚོད་ལྟ་ལེགས་གྲུབ་བྱུང་སྟེ་མུའུ་རེའི་ཐོན་ཚད་དེ་ཐེངས་དང་པོར་རྒྱ་མ་ལྔ་བརྒྱ་ལས་བརྒལ་བ་མ་ཟད་བོད་ཡོངས་ལ་དགུན་གྲོའི་སོན་བཟང་ཁྱབ་སྤེལ་གྱིས་བོད་ཀྱི་འབྲུ་རིགས་ཐོན་འཕར་གྱི་བྱ་གཞག་ཐད་ལེགས་སྐྱེས་ཆེན་པོ་ཞིག་ཕུལ་ཡོད། ད་དུང་འབྲོག་ལས་དང་ནགས་ལས་གཉིས་ལ་ཡང་དམིགས་བསལ་གྱི་གྲུབ་འབྲས་འགའ་ཞིག་ཐོབ་ཡོད་པ་ནི་འབྲོག་ལས་ཐད་རྒྱུད་བཟང་ལུག་གི་རིགས་རྒྱུད་གསོ་ཚགས་ཁྱབ་སྤེལ་བྱེད་པའི་བྱ་གཞག་ཐོག་ལེགས་གྲུབ་ཆེན་པོ་བྱུང་ནས་བལ་རྒྱུ་གཤིས་འཇམ་གྱི་ལུག་དེའི་བལ་གྱི་སྤུས་ཚད་དང་། འབོར་ཚད་ཚང་མ་བོད་ཙམ་མ་ཟད་རྒྱལ་ཡོངས་སུ་ཨང་དང་པོར་གྱུར་ཡོད་ལ། ནོར་དང་རྟ་སོགས་ཀྱི་རིགས་རྒྱུད་ལེགས་བཅོས་བྱས་པར་ཡང་གྲུབ་འབྲས་གང་ཙམ་ཐོབ་ཡོད། དེ་བཞིན་ནགས་ལས་ཐད་ཤིང་འཛུགས་ནགས་གསོའི་བྱ་གཞག་ལ་གྲུབ་འབྲས་ཆེན་པོ་ཐོབ་ཡོད་པ་ནི་སྐབས་དེར་ཤིང་འཛུགས་ནགས་གསོ་བྱས་ནས། མེས་རྒྱལ་སྔོ་ལྗང་ཅན་དུ་འགྱུར་དགོས་ཞེས་པའི་འབོད་ཚིག་གི་སྐུལ་འདེད་འོག་ལོ་ལྟར་ཤིང་འཛུགས་ནགས་གསོ་བྱ་རྒྱུ་དེ་བྱ་བ་གལ་ཆེན་ཞིག་ཏུ་བརྩིས་ཏེ་བཏབ་ཚད་སོན་ཐུབ་པ་དང་། སོན་ཚད་སྐྱེ་ཐུབ་པ་དགོས་པའི་གལ་ཆེའི་རྩ་དོན་དེ་གོང་འོག་ཚང་མས་ལག་ལེན་མཐར་ཕྱིན་དང་། དམ་འཛིན་ནན་པོ་བྱས་ཡོད་པ་ནི་འཕན་ཡུལ་ལྷོ་ཕྱོགས་ཀྱི་གཞུང་ལམ་ཆེ་ཆུང་སྣ་ཚོགས་དང་། ཁང་པའི་རྒྱབ་མདུན། དེ་བཞིན་ས་སྟོང་ཡོད་ཚད་སོགས་ས་ཆ་གང་དུ་སླེབས་ན་ཡང་སྔོ་ལྗང་ལྗོན་ཤིང་གིས་རབ་ཏུ་བརྒྱན་པའི་རྣམ་པ་གསར་རྐྱང་ཞིག་ཏུ་མངོན་པར་བྱས་ཡོད་ཀྱང་དེང་སྐབས་ཁང་པ་གསར་རྒྱག་སོགས་འཛུགས་སྐྲུན་སྣ་ཚོགས་ཀྱི་རྐྱེན་པས་འཕན་པོའི་མི་ཐོག་སྔ་མ་རྣམས་ཀྱིས་ལྷག་བསམ་དང་རྔུལ་ཁྲག་ལ་བརྟེན་ནས་གསར་བཙུགས་དང་གསོ་སྐྱོང་མཛད་པའི་སྐྱེ་ཤིང་ནགས་ཚལ་ལ་གཏོར་སྐྱོན་འགྲོ་བཞིན་པ་དེ་ཡང་བློ་ཕམ་གྱི་གནས་སུ་མཆིས་སོ། །ད་དུང་དེང་སྐབས་ཐང་དཀར་ཤང་གི་མངའ་ཁོངས་སུ་ཡོད་པའི་བྱང་བུ་གྲོང་ཚོ་དེ་ནི་སྤྱི་ལོ1959ལོའི་གོང་དུ་བྱང་བུའི་རི་ཁུག་དེར་མི་ཚང་ཐེམ་དུས་འགའ་ཞིག་ཡོད་པ་ལས་མང་ཆེ་བ་བྱང་བུ་གླིང་ཁ་ཞེས་འོམ་བུ་ཤིང་དང་འཇག་སྐྱ་ཕོན་ཆེན་སྐྱེས་པའི་རང་བྱུང་གི་གླིང་སྟོང་ཞིག་ཡིན་ཞིང་། གླིང་སྟོང་དེའི་སྟེང་དུ1967ལོར་འཕན་པོ་ཞིང་རའི་རུ་ཁག་བཅུ་དང་། དེ་མིན་གྱི་ས་ཁུལ་གཞན་ནས་ཞྭ་ཡོད་མི་སྣ་དང་། མི་ཧྲེང་ཁག་གཅིག་བསྡུ་རུབ་ཀྱིས་བྱང་བུ་ཞིང་རའམ་འོད་སྟོང(卫东)རུ་ཁག་བཅུ་གཅིག་པ་ཞེས་པ་དེ་གསར་འཛུགས་བྱས་ཏེ་གླིང་སྟོང་དེ་དག་གསར་སྦོལ་གྱིས་ས་ཞིང་བཟོས་ནས་ཐོན་སྐྱེད་གོང་འཕེལ་གཏོང་ཐབས་བྱས་ཡོད། (卫东ཞེས་པ་ནི་ཤར་ཕྱོགས་སྲུང་སྐྱོབ་ཅེས་པའི་དོན་ཡིན་ཞིང་འཛམ་གླིང་གི་གླིང་ཆེན་ལྔ་ལས་ཀྲུང་གོ་འདི་ཉིད་ཨེ་ཤི་ཡའི་གླིང་གི་ཤར་ཕྱོགས་སུ་གནས་ཡོད་པས་དེར་ཀྲུང་གོ་སྲུང་སྐྱོབ་ཅེས་པའི་གོ་དོན་ཡང་ལྡན་ཡོད།) དུས་དེ་ནས་བཟུང་སྤྱི་ལོ1983ལོ་བར་བྱང་བུ་ཞིང་རའི་མི་དམངས་རྣམས་འཕན་པོ་རྒྱལ་གཉེར་ཞིང་རའི་ཁོངས་སུ་གནས་ཤིང་དེ་གའི་མི་དམངས་ཀྱི་འཚོ་གོས་གནས་སྟངས་ཀྱང་འཕན་པོ་ཞིང་རའི་རུ་ཁག་གཞན་དང་གཅིག་མཚུངས་ཡིན་ནོ། །དེ་རྗེས་སྤྱི་ལོ1984ལོར་ཞིང་ར་གཏོར་ནས་ཐོན་སྐྱེད་འགན་འཁྲིའི་ལམ་ལུགས་ལག་བསྟར་བྱེད་སྐབས་རང་གི་ཕ་ཡུལ་དུ་ལོག་འདོད་ཡོད་པ་རྣམས་རང་མོས་བཞིན་ལོག་བཅུག་པ་དང་། ས་ཆ་དེ་གར་གཞིས་ཆགས་འདོད་ཡོད་པ་རྣམས་རང་མོས་ཀྱིས་གཞིས་ཆགས་ཏེ་ས་ཁོངས་དེ་དག་ཆ་ཚང་སྟག་རྩེ་རྫོང་ཐང་དཀར་ཤང་གི་མངའ་འོག་ཏུ་ཟླ་སྒྲིལ་བ་ཡིན། རབ་བྱུང་བཅུ་དྲུག་པའི་ས་ཕོ་རྟ་སྤྱི་ལོ1978ལོར་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་པ་ནས་བཟུང་རིམ་པས་སྲིད་ཇུས་ལ་འཕོ་འགྱུར་གྱིས་བོད་ལྗོངས་སྤྱི་དང་འདྲ་བར་འཕན་པོའི་ཁུལ་དུ་ཡང་སྤྱི་ལོ1984ལོར་ཁྱོན་ཡོངས་ནས་ཐོན་སྐྱེད་འགན་འཁྲིའི་ལམ་ལུགས་ལག་བསྟར་གྱིས་ས་ཞིང་དང་། ཕྱུགས་རིགས་རྣམས་ཁྱིམ་ཚང་སོ་སོར་འགན་གཙང་སྤྲད་ནས་རང་ཉིད་ཀྱིས་ཐོན་སྐྱེད་བྱས་པའི་ཐོན་རྫས་སྣ་ཚོགས་དང་། ཕྱུགས་ཟོག་གི་ཐོན་རྫས་རྣམས་མི་དམངས་སོ་སོར་རང་བདག་རང་སྤྱོད་བྱེད་པའི་ཐོབ་ཐང་རྣམས་དངོས་སུ་དོན་འཁྱོལ་བྱུང་སྟེ་སྔར་དང་བསྡུར་ན་མང་ཚོགས་ཀྱི་འཚོ་བ་སོགས་ཕྱོགས་གང་སར་ཡར་རྒྱས་ཆེན་པོ་ཕྱིན་ཡོད། དེ་ལྟར་ཐོན་སྐྱེད་འགན་འཁྲིའི་ལམ་ལུགས་ལག་བསྟར་བྱས་པ་ནས་བཟུང་འགྱུར་བཅོས་སྒོ་དབྱེ་དང་། དབུལ་བཅོས་ཕྱུག་འགྱུར། དེང་རབས་ཅན་བཞི་མངོན་འགྱུར། མཚོན་བྱེད་གསུམ་གྱི་དགོངས་པ་སློབ་སྦྱོང་། ཁྲོམ་རའི་དཔལ་འབྱོར་དར་སྤེལ་གྱིས། འབྱོར་འབྲིང་གི་ཕྱོགས་སུ་བསྐྱོད་པ། ཚན་རིག་གི་འཕེལ་རྒྱས་ལྟ་བར་བརྟེན་ནས། འཕུར་མཆོང་ལྟ་བུའི་འཕེལ་རྒྱས་ཡོང་བ་བྱེད་པ་སོགས་ཐོན་སྐྱེད་གོང་འཕེལ་དང་། ཁྲོམ་ར་དར་རྒྱས་སུ་བཏང་ནས་མི་དམངས་རྣམས་དབུལ་པོའི་གནས་ལས་གྲོལ་ཏེ་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་པའི་སྲིད་ཇུས་བཟང་པོ་རབ་དང་རིམ་པ་ཞིག་གཏན་འབེབས་གནང་ཡོད་ནའང་། སྲིད་ཇུས་དེ་དག་ལག་བསྟར་བྱེད་པའི་བརྒྱུད་རིམ་ཁྲོད་འགོ་ཁྲིད་མི་སྣ་ཉུང་ཤས་ཤིག་གིས་ཚུལ་མིན་གྱི་བྱ་སྤྱོད་ལ་བརྟེན་ནས་ལྐོག་ཟ་རུལ་སུང་གི་བྱ་ངན་མི་ཉུང་བ་ཞིག་གོང་འོག་གང་སར་མངོན་གསལ་དོད་པོས་ཐོན་བཞིན་པ་དེས་མི་དམངས་དང་སྲིད་གཞུང་དབར་གྱི་ཡིད་ཆེས་དང་། དད་སེམས་ལ་ཤུགས་རྐྱེན་ངན་པ་ཞིག་བཟོ་བཞིན་པ་དེ་ཡང་ད་ལྟའི་སྤྱི་ཚོགས་འདིའི་གནད་དོན་ཆེན་པོ་ཞིག་ཆགས་ཡོད་པས་ངེད་ཚོས་སྣང་ཚུལ་ངན་པ་དེ་དག་བསལ་ཕྱིར་བློ་གཅིག་སེམས་གཅིག་གིས་མེས་རྒྱལ་དང་མི་དམངས་ལ་ཞབས་འདེབས་ཞུ་པའི་ལྷག་བསམ་དང་། འཇོན་ནུས་ཆ་ཚང་ཡོད་པའི་དམངས་ཕན་སྤྱི་ཞབས་པ་གང་མང་ཞིག་འགོ་ཁྲིད་ཀྱི་ལས་གནས་ཐོག་སླེབས་རྒྱུར་གོང་འོག་ཚང་མས་དོ་འཁུར་ཆེན་པོ་བྱེད་དགོས་པ་དང་། དེ་བཞིན་འགྲོ་བ་མིའི་རིགས་ཀྱི་ངོས་ནས་བརྗོད་ན་ཕྱིའི་དངོས་པོ་ཡར་རྒྱས་ཆེན་པོ་ཕྱིན་པ་ཙམ་གྱིས་མི་ལ་བདེ་སྐྱིད་ཆ་ཚང་ཞིག་ཐོབ་ཐུབ་ཀྱི་མེད་ཅིང་། གལ་ཏེ་མིའི་རིགས་ཡོངས་ལ་ཆ་ཚང་བའི་བདེ་སྐྱིད་ཅིག་ལོངས་སྤྱོད་ཐུབ་པ་དགོས་ན། ཕྱིའི་དངོས་པོ་ཡར་རྒྱས་དང་མཉམ་དུ་ནང་སེམས་ཁམས་ལ་ཡར་རྒྱས་གཏོང་དགོས་པ་དེ་ད་ལྟ་འཛམ་གླིང་འདིའི་ཐོག་རྣམ་དཔྱོད་ལྡན་པའི་མི་ཚང་མས་གཅིག་གྱུར་ཐོག་ངོས་འཛིན་ཞུ་ཡི་ཡོད་པ་ལྟར་ངེད་ཚོས་སྤྱི་ཚོགས་རིང་ལུགས་ཀྱི་དངོས་པོའི་དཔལ་ཡོན་འཛུགས་སྐྲུན་བྱེད་པའི་བྱ་གཞག་ཁྲོད་འགྲོ་བ་མིའི་རིགས་ཀྱི་སེམས་ཁམས་ཡར་རྒྱས་གཏོང་བར་ངེས་པར་དུ་མཁོ་བའི་བསམ་པའི་དཔལ་ཡོན་གྱི་རྨང་གཞི་སྟེ་ཡ་རབས་བཟང་སྤྱོད་དང་། གཞན་ཕན་ལྷག་བསམ། འདོད་ཆུང་ཆོག་ཤེས་ཀྱི་ཀུན་སྤྱོད་བཟང་པོ་རྣམས་ཁྱབ་གདལ་གཏོང་རྒྱུར་ཤུགས་སྣོན་གྱིས་དེང་སྐབས་མི་དང་མིའི་དབར་གྱི་འབྲེལ་བ་དེ་དངུལ་དང་། དངོས་པོ་ཁོ་ནས་ཐག་གཅོད་པའི་སྲོལ་ངན་དེ་དག་དོར་ཏེ་ལྷད་མེད་ལྷག་བསམ་དང་། ཡ་རབས་གུས་བརྩེའི་སྤྱི་ཚོགས་ཀྱི་རྣམ་པ་ཞིག་མངོན་དུ་འགྱུར་བ་བྱས་ནས་མི་ཀུན་ལ་དངོས་གནས་དྲང་གནས་ཀྱི་ཞི་བདེ་དང་། བདེ་སྐྱིད་ཀྱི་མྱོང་ཚོར་ཞིག་ལོངས་སུ་སྤྱོད་ཐུབ་པ་བྱ་རྒྱུ་དེ་ནི་ད་ལྟའི་དུས་འདིར་ཁ་ཚ་དགོས་གཏུགས་སུ་གྱུར་རོ། །ཐོན་སྐྱེད་འགན་འཁྲིའི་ལམ་ལུགས་ལག་བསྟར་བྱས་པ་ནས་བཟུང་ཡུལ་གྱི་སྲིད་དབང་འཕོ་འགྱུར་ཐད་འཕན་པོའི་ལྷོ་སྟོད་ལྷུན་གྲུབ་ཞིང་རའི་ཁོངས་རྣམས་ཕོད་མདོའི་སྒང་དུ་ཆགས་པའི་བྱང་ཕྱོགས་ལྷུན་གྲུབ་རྫོང་གི་ཁོངས་སུ་ཟླ་སྒྲིལ་ནས་བདེ་གྲོང་དང་ཟ་དམ་ཆུས་གཉིས་དང་། དེའི་འོག་ཤང་བཅུ་གཅིག་བཙུགས། དེ་བཞིན་འཕན་པོ་ཞིང་རའི་ཁོངས་ཀྱི་རུ་ཁག་བཅུ་པོ་དེ་ཡང་ཁྱོན་ཡོངས་ནས་ཐོན་སྐྱེད་འགན་འཁྲིའི་ལམ་ལུགས་ལག་བསྟར་གྱིས་དང་ཐོག་སྟག་རྩེ་རྫོང་གི་མངའ་འོག་ཏུ་ཟླ་སྒྲིལ་ཡང་སྤྱི་ལོ1987ལོར་སླར་ཡང་ལྷུན་གྲུབ་རྫོང་གི་མངའ་འོག་ཏུ་སྒྲིལ་ནས་འཕན་མདའ་བྲག་རལ་ཟམ་པ་དང་། རྒྱ་ར་རི་ཟུར་ཡར་བརྒྱབ་པ་རྣམས་འཕན་པོ་ལྷུན་གྲུབ་རྫོང་གི་མངའ་ཁོངས་སུ་གཏན་འཁེལ་བྱུང་བ་ཡིན། དེ་རྗེས་སྤྱི་ལོ1988ལོར་གོང་རིམ་ནས་ཆོག་མཆན་ཐོབ་པ་བརྒྱུད་ལྷུན་གྲུབ་རྫོང་དེ་ཉིད་དེ་སྔོན་ལོ་ཤས་རིང་ལྷུན་གྲུབ་རྫོང་ཆགས་ཡུལ་བྱང་ཕྱོགས་ཕོད་མདོ་ནས་ལྷོ་ཕྱོགས་དགའ་ལྡན་ཆོས་འཁོར་དུ་གནས་སྤོས་ཀྱིས་དང་ཐོག་འཕན་པོ་ཞིང་རའི་སྐབས་ཀྱི་འཛུགས་སྐྲུན་དེ་དག་གི་རྨང་གཞིའི་ཐོག་རིམ་པས་རྒྱ་སྐྱེད་གནང་ཞིང་། ལོ་དེར་ལྗོངས་ཡོངས་སུ་ཆུས་གཏོར་ཤང་འཛུགས་ཀྱི་ལས་འགུལ་ནང་ཕོད་མདོ་ཆུས་ཕུད་པའི་བདེ་གྲོང་དང་། ཟ་ལྷ། ངར་ནང་། ཐང་འགོ འཕན་པོ་བཅས་ཆུས་ལྔ་ཕྱིར་འཐེན་གྱིས་དེའི་ཚབ་ཏུ་ཤང་བཅུ་དགུ་བཙུགས་པ་དེ་དག་ནི་དཔལ་གླིང་དང་། ལྕང་ཤར། ཡུལ་སྔ། དགའ་ཆོས། གྲུབ་རྒྱ། གལ་པོ། མཁར་རྩེ། བྱང་ཁ། མཚོ་སྟོད། བྱེ་མ། སུམ་འཕྲེང་། སྟག་ལུང་། ཕོད་མདོ། དབུས་རུ་ལུང་། བཅོམ་མདོ། ཐང་འགོ། གཙང་གཞུང་། ངར་ནང་། ལྷ་ཁང་བཅས་ཡིན་ཞིང་། དེ་རྗེས་སྤྱི་ལོ1999ལོར་ཕོད་མདོ་ཆུས་ཕྱིར་འཐེན་དང་དེ་བཞིན་རྫོང་ཡོངས་ཀྱི་ཤང་བཅུ་དགུ་དེ་དག་ཀྱང་ཁུ་བསྡུས་ཀྱིས་ད་ལྟ་རྫོང་ཡོངས་སུ་ཤང་དགུ་དང་། གྲོང་བརྡལ་གཅིག་ཡོད་པ་ནི་བྱང་ཕྱོགས་སུ་ཐང་འགོ་དང་། ཕོད་མདོ། ངར་ནང་བཅས་དང་། ལྷོ་ཕྱོགས་སུ་མཚོ་སྟོད་དང་། བྱང་ཁ། སུམ་འཕྲེང་། མཁར་རྩེ། ལྕང་ཤར། དཔལ་གླིང་བཅས་ཤང་དགུ་དང་། དགའ་ཆོས་གྲོང་བརྡལ་བཅས་སོ། །དེ་ལྟར་དགའ་ཆོས་གྲོང་བརྡལ་ནི་ད་ལྟའི་ལྷུན་གྲུབ་རྫོང་གི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས་བཅས་ཀྱི་ལྟེ་གནས་ཤིག་ཆགས་ཡོད་པས་ད་ལྟ་རྫོང་སྲིད་གཞུང་གི་མཐའ་སྐོར་དུ་རྫོང་སློབ་འབྲིང་དང་། རྫོང་སློབ་ཆུང་། རྫོང་མི་དམངས་སྨན་ཁང་སོགས་བྱ་གཞག་ཚན་པ་སྣ་ཚོགས་དང་། དེ་བཞིན་ལས་ཁུངས་དང་། ཚོང་ཁང་ཆེ་ཆུང་སྣ་ཚོགས། ཡུལ་མིའི་སྡོད་ཁང་ཤིན་ཏུ་མང་བ་བཅས་མི་ཚོགས་མང་བའི་གྲོང་བརྡལ་ཆེན་པོ་ཞིག་ཆགས་ཡོད་དོ། །

《འཕན་ཡུལ་རིག་པའི་འབྱུང་གནས》ལས་བཏུས།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།