རྒྱ་གར་རྡོ་རྗེ་གདན་གྱི་དཀར་ཆག་དང་ལམ་ཡིག།

རྩོམ་པ་པོ།:བན་ཤུལ་དཔལ་མཁར་རྒྱལ། ཡོང་ཁུངས།:མཚོ་སྔོན་པོ་དྲྭ་བ། དུས་ཚོད།:2022-02-17 10:01:44 ཀློག་གྲངས།:
རྒྱ་གར་རྡོ་རྗེ་གདན་གྱི་དཀར་ཆག་དང་ལམ་ཡིག་སྐོར་གྱི་བརྗེད་ཐོ།
བན་ཤུལ་དཔལ་མཁར་རྒྱལ།

       སྤྱིར་ན་རྒྱ་གར་རྡོ་རྗེ་གདན་ཞེས་བྱ་བ་ནི། རྒྱ་གར་ནང་བའི་ལྟ་གྲུབ་ལ་དད་པའི་གང་ཟག་རྣམས་ཀྱིས་དུས་གསུམ་སངས་རྒྱས་ཐམས་ཅད་འཚང་རྒྱ་བའི་གནས་མཆོག་ཅིག་ཏུ་འདོད་པ་དང་། སྟོན་པ་བཅོམ་ལྡན་འདས་ཞལ་བཞུགས་པའི་དུས་སུ་དགེ་སློང་གཞོན་ནུ་རྣམས་ལ་ལུང་བསྟན་པའི་གནས་ཆེན་བཞིའི[1]གྲས་ཀྱི་གཅིག་ཀྱང་ཡིན་གཤིས། ཀུན་གྱིས་མི་རབས་ནས་མི་རབས་སུ་གལ་འགངས་ཆེ་བའི་དད་བཀུར་གྱི་ཡུལ་དུ་བརྩི་བཞིན་ཡོད། དེ་ལྟ་བུའི་ངོ་བོར་ཡོད་པའི་གནས་མཆོག་རྡོ་རྗེ་གདན་ནི་ནང་བའི་རྗེས་འཇུག་ཀུན་གྱིས་ཐུན་མོང་མ་ཡིན་པའི་ཡུལ་དུ་བརྩིས་ནས་མཆོད་པའི་རྒྱུན་བར་མེད་དུ་བཙུགས་མོད། དུས་རེ་ཞིག་གི་ཚེ་བདེ་གཟར་ཅི་རིགས་ཤིག་བྱུང་ནས་གནས་མཆོག་རྡོ་རྗེ་གདན་ལའང་ཆག་འཇིག་ལན་མང་བྱུང་བའི་ལོ་རྒྱུས་མིག་གིས་བལྟར་མི་བཟོད་པ་མང་དུ་མཇལ་རྒྱུ་ཡོད།
        དེ་ལ་རྒྱ་གར་རྡོ་རྗེ་གདན་འདི་ཐོག་མར་བྲམ་ཟེ་མོ་ཛ་སའི་བུ་ཐ་ཆུང་གིས་བཞེངས་པར་བཤད་པ་དང་། ཡང་ཁ་ཅིག་གིས་ཆོས་རྒྱལ་མྱ་ངན་མེད་ཀྱིས་བཞེངས་ཞེས་པ་སོགས་ལུགས་མི་མཐུན་པ་འགའ་རེ་སྣང་ལ། གང་ལྟར་ཡང་བར་སྐབས་ཤིག་ཤིན་ཏུ་ཉམས་ཆག་པར་གྱུར་བའི་ཚེ། མ་ག་དྷཱའི་ཁྱིམ་བདག་འཆི་མེད་བྱ་བ་ཞིག་གིས་ཉམས་གསོ་གནང་ནས་ལོ་སྟོང་ཕྲག་དུ་མ་ཕྱིན་པ་དང་། དེ་ནས་ཡང་བསྐྱར་ཉམས་ཆག་ཏུ་ཕྱིན་པ་ན་བྷར་མའི་ཡུལ་གྱི་ནང་བ་རྣམས་ཀྱི་ཉམས་གསོ་མཛད་ནས་ལོ་དྲུག་བརྒྱ་ལྷག་ཕྱིན་ཡོད་ལ། དེ་ནས་སླར་ཡང་རྒྱ་གར་གཞུང་གིས་ཞིབ་ཚགས་ཀྱིས་ཉམས་གསོ་མཛད་པ་སོགས་ཀྱི་གོ་རིམ་བརྒྱུད་ནས་ད་ལྟའི་བར་ཀུན་གྱི་དད་པའི་རྟེན་དུ་བཞུགས་པ་དེ་ལྟར་ཡིན། 
        དེ་ལྟ་བུའི་ནང་བའི་གནས་དེ་ནི་རྒྱའི་བཙུན་པ་ཧྥ་ཤན༣༣༤ནས༤༢༠ནམ་ཆོས་ཀྱི་སྣང་བ་མཆོག་རྒྱ་གར་ནང་བའི་གནས་ཆེན་ཁག་ལ་དངོས་སུ་ཕེབས་ནས་དཀར་ཆག་རྒྱས་པར་བཀོད་པའི་བསྟན་བཅོས་གང་དེར། གནས་མཆོག་མ་ག་དྷཱའི་ལོ་རྒྱུས་སོགས་ཀྱིས་མཚོན་པའི་འཕགས་ཡུལ་སྤྱིའི་བྱུང་བ་གསལ་བོར་བྲིས་ཡོད་ལ། ཧ་ཅང་གཅེས་པའི་བསྟན་བཅོས་དེ་ཉིད་ཆེན་པོ་ཧོར་གྱི་ཡི་གེར་འགྱུར་བ་ནས་སོག་པོ་བློ་བཟང་རྟ་དབྱངས་ལགས་ཀྱིས་རང་རེའི་བོད་ཀྱི་སྐད་དུ་འགྱུར[2]ཏེ་ད་ཆ་ཀུན་གྱིས་སྤྱན་གཟིགས་ཐུབ་པ་དེ་ལྟར་དང་། དེ་བཞིན་དུ་རྒྱའི་བཙུན་པ་ཨུ་ཤང༦༣༥ནས༧༡༣གིས་ཀྱང་རྒྱ་གར་གནས་ཡིག་གསལ་བོར་བཀོད་པ་ལས་རྡོར་གདན་གྱི་ལོ་རྒྱུས་སོགས་གསལ་བོར་བྲིས་ཡོད་པ་ཡང་དིང་སང་བོད་ཡིག་ཏུ་འགྱུར[3]ཡོད་པ་དང་། དེ་ནས་ཡང་ཤར་ཕྱོགས་ཐང་གུར་གྱི་བཙུན་པ་ཐང་སན་ཙང༦༠༢ནས༦༦༤མཆོག་གིས་ཀྱང་ཆེན་པོ་ཐང་གུར་དུས་ཀྱི་རྒྱ་གར་འཕགས་པའི་ཡུལ་གྱི་དཀར་ཆག[4]རྒྱས་པ་ཤིག་བཀོད་པ་དེ་ནི་དིང་སང་འཛམ་གླིང་ཡོངས་ལ་གྲགས་ཆེ་ཞིང་། དེ་ཡང་སོག་པོའི་ལོ་ཙཱ་བ་གུང་མགོན་པོ་སྐྱབས་ཀྱིས་རང་རེའི་བོད་ཀྱི་སྐད་དུ་འགྱུར་མོད། རེ་ཞིག་གི་ཚེ་དཔེ་རྒྱུན་ཡང་ཧ་ཅང་དཀོན་པོར་གྱུར་ནས་ཕལ་ཆེར་བཞུགས་མི་བཞུགས་ཀྱི་ཚད་དུ་སོང་བའི་སྐབས་དེར། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས༡༩༢༧ནས༡༩༩༧ཀྱི་བཀའ་དྲིན་ལ་བརྟེན་ནས་ད་ཆ་ཉི་ཧོང་དང་པེ་ཅིང་སོགས་སུ་སྤར་སྐྲུན་གནང་ནས་གང་སར་མཇལ་ཐུབ་པ་དེ་ལྟར་ཡིན། བསྟན་བཅོས་རྨད་དུ་བྱུང་བ་དེའི་ནང་དུའང་རྒྱ་གར་རྡོ་རྗེ་གདན་གྱི་གནས་ཚུལ་བཀོད་ཡོད། དེ་དག་གིས་མཚོན་པའི་རྒྱའི་བཙུན་པ་སྐད་གྲགས་ཅན་དུ་མ་ནར་མར་རྒྱ་གར་འཕགས་པའི་ཡུལ་དུ་བྱོན་ནས་ཡུལ་དེའི་བྱུང་བ་དང་གནས་ཚུལ་སོགས་རྒྱས་པར་བྲིས་པ་མང་དུ་མཐོང་ནའང་། རང་རེའི་བོད་རྣམས་ལ་རྒྱ་གར་ནང་བའི་བསྟན་པ་རས་ལ་སྣུམ་ཞུགས་པ་ལྟ་བུ་ཞིག་དར་མོད་ཀྱང་། ཕྱིས་ཀྱི་མཁས་དབང་ཇོ་ནང་ཏཱ་ར་ནཱ་ཐ༡༥༧༥ནས༡༦༣༤དང་དགེ་འདུན་ཆོས་འཕེལ༡༩༠༣ནས༡༩༥༡ལ་ལྟ་བུ་རེ་གཉིས་ལས་རྒྱ་གར་འཕགས་པའི་ཡུལ་གྱི་ལོ་རྒྱུས་དྲི་མ་མེད་པ་ཤེས་མཁན་ཧ་ཅང་དཀོན་པའི་ཚད་དུ་སོང་ནའང་། དེའི་ཡན་ཆོད་དུ་བྱོན་པའི་རང་རེའི་བོད་ཀྱི་པཎ་གྲུབ་རྣམས་ནི་རྒྱ་གར་ཤར་ནུབ་ཀྱི་ཡུལ་སྤྱི་དང་དམིགས་བསལ་རྡོ་རྗེ་གདན་སོགས་གནས་ཆེན་ཁག་ལ་ཕྱག་ཕེབས་མ་ཕེབས་ཅི་རིགས་ཀྱང་། གང་ལྟར་བློའི་ངོར་ཡོད་པའི་རྒྱ་གར་ཡུལ་གྱི་དོན་སྤྱི་འཆད་པ་ལ་གང་དེའི་ཤར་ནུབ་ཀྱི་ཁ་ཕྱོགས་ཙམ་ཡང་མི་ནོར་བ་ནི་ཆེས་ཡ་མཚར་བའི་གནས་ཤིག་ཅི་ལ་མིན་ནམ། ཡིན་ནའང་གསེར་ལས་དཀོན་པའི་ལེགས་བཤད་དེ་དག་ཡི་གེར་འགོད་མཁན་མང་དུ་མ་བྱུང་ནས་གཅེས་ཉར་གནང་ཐུབ་མེད་པ་དེ་ནི་ཆེས་ཐུགས་མུག་པའི་གནས་སུ་གྱར་ཡོད།
        དེ་ལ་སྤྱིར་རང་རེའི་བོད་ཀྱི་སྐད་གཉིས་སྨྲ་བའི་ལོ་ཙཱ་བ་དང་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དམ་པ་ཕལ་ཆེར་སུམ་བརྒྱ་ལྷག་ཙམ་རྒྱ་གར་འཕགས་པའི་ཡུལ་དུ་ཕྱག་ཕེབས་ནས་སློབ་གཉེར་གནང་བའི་ལོ་རྒྱུས་རྒྱས་པར་ཡོད་ཀྱང་། དེ་དག་གི་ཁྲོད་ནས་རེ་གཉིས་ཙམ་ལས་རྒྱ་གར་གྱི་ལམ་ཡིག་རྒྱས་པར་བཀོད་པའི་བསྟན་བཅོས་མཛད་མེད་པ་ནི་གུས་པར་མཚོན་ན་བློའི་དཀྱིལ་འཁོར་དུ་ཤོངས་དཀའ་བའི་གནས་ཤིག་ཡིན་མོད། ཞིབ་ཏུ་བསམ་ན་བགྲོད་པར་དཀའ་བའི་རྒྱ་གར་ལམ་གྱི་བགེག་རྐྱེན་ཏེ། ནགས་ཀྱི་མདའ་གཞུའི་འཇིགས་པ་དང་། དུག་སྦྲུལ་གྱི་འཇིགས་པ། ཚ་བའི་འཇིགས་པ་བཅས་འཇིགས་པ་ཆེན་པོ་གསུམ་གདོང་ལེན་གནང་དགོས་པ་དང་། ཕྱག་ཕེབས་པའི་ལོ་ཙཱ་བ་རིམ་བྱོན་ཡང་ལམ་རྒྱུས་ཙམ་གྱི་ཆེད་དུ་ཕེབས་པ་མིན་པ་སོགས་ཀྱིས་ལམ་ཡིག་དང་གནས་ཡིག་སོགས་རེ་ཞིག་སླ་ཆོས་སུ་བཞག་པར་ཡང་རྒྱུ་མཚན་གཏན་ནས་མེད་པ་ཞིག་ག་ལ་ཡིན། ཡིན་ནའང་རྒྱ་གར་ནང་བའི་ལྟ་གྲུབ་ཀྱི་ཆུ་བོ་བོད་དུ་རྒྱས་པར་བཞུར་བ་ནས་བཟུང་དེའི་ཆུ་རྒྱུན་གཙང་མར་འཐུང་བའི་བོད་རྒན་རྣམས་ཀྱིས་ཀྱང་རྒྱ་གར་སྤྱིའི་ལོ་རྒྱུས་ཀྱི་བྱུང་བ་དང་དམིགས་བསལ་རྡོ་རྗེ་གདན་གྱི་སྐོར་ལ་ཐུགས་སྣང་བྱས་པའི་སྐོར་ཡང་ཅུང་ཟད་སྣང་བ་འདི་ལྟ་སྟེ། 
        བོད་ཀྱི་ཡུལ་དུ་ཆག་ལོ་རྣམ་གསུམ[5]བྱུང་བའི་ཡ་གྱལ་གྱི་ཆག་ལོ་ཙཱ་བ་ཆོས་རྗེ་དཔལ༡༡༩༧ནས༡༢༦༤མཆོག་རྒྱ་གར་འཕགས་པའི་ཡུལ་ཕྱག་ཕེབས་པའི་རྣམ་ཐར[6]ནི། ཁོང་གི་དངོས་སློབ་འཇུ་སྟོན་པ་ཆོས་དར་གྱིས་བསྒྲིགས་ཏེ་ཡི་གེར་བཀོད་ཅིང་ལེའུ་བཅུ་དྲུག་གི་བདག་ཉིད་ཅན་ཞིག་ཡིན་ལ་གང་དེའི་ལེའུ་ལྔ་བའི་ནང་དུ། རྒྱ་གར་རྡོ་རྗེ་གདན་གྱི་ལོ་རྒྱུས་དང་དེ་ལ་སྟོན་པ་སྦྲང་རྩི་བློ་གྲོས་ཀྱི་རྗེས་འཇུག་རྣམས་ཀྱིས་མཆོད་པའི་རྒྱུན་བཅད་དེ་ཆག་སྒོ་ཚབ་ཆེན་བསླངས་པའི་སྐོར་གསལ་བ་དང་། དེ་དང་འབྲེལ་ནས་དུས་རབས་ཉི་ཤུ་བར་རྒྱ་གར་གྱི་པཎ་ཆེན་རཱ་ཧུ་ལས་སྣར་ཐང་ནས་བོད་ཀྱི་ཕྱག་དཔེ་མང་པོ་རྒྱ་གར་ལ་བསྣམ་པའི་ཁྲོད་དུ། རྡོ་རྗེ་གདན་གྱི་དཀར་ཆག་དང་ལམ་ཡིག[7]ཅིག་ཚུད་པའི་སྐོར་ད་ཆ་དངོས་སུ་མཐོང་རྒྱུ་ཡོད་ལ། དུས་རབས་བཅུ་གཉིས་ནས་བཅུ་གསུམ་བར་བྱོན་པའི་སྣར་ཐང་གི་བཙུན་པ་བཅོམ་ལྡན་རིག་རལ་ལའངརྡོར་གདན་རྣམ་བཤད་རྒྱན་གྱི་མེ་ཏོགབྱ་བའི་བསྟན་བཅོས[8]ཧ་ཅང་གལ་ཆེ་བ་ཞིག་ཡོད། ད་ལྟའི་ཆར་མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གཏམ་རྒྱུད་གསེར་ཐང་གིས་མཚོན་པའི་བསྟན་བཅོས་རེ་འགའ་ལས། དམིགས་བསལ་རྡོར་གདན་ལམ་ཡིག་སྐོར་ལ་མཐོང་ཆེན་ཆེར་བྱས་པ་མ་མཐོང་མོད། བསྟན་བཅོས་དེ་དག་ཡུན་རིང་པོར་ས་རྡུལ་དང་དཔེ་མཛོད་ཁང་ཁག་ནས་འོ་བརྒྱལ་པའམ་གསང་བའི་ཚུལ་དུ་བཞུགས་པའི་རྐྱེན་ཡང་ཡིན་ལས་ཆེ་བས། སུ་གང་ཞིག་ལའང་ལེ་འདེད་དང་འཁང་རའི་གཏམ་སྨྲ་བའི་མཛད་པ་མི་སྐྱོང་བར་ཞུ།
        དེ་ལ་པཎ་ཆེན་རཱ་ཧུ་ལའི་བསྣམ་པའི་རྡོར་གདན་གྱི་དཀར་ཆག་དེའི་ཕྱི་མོ་དངོས་ནི་དཀོན་པར་གྱུར་ནས་མ་མཐོང་མོད། རྣམ་དཔྱོད་དང་ལྡན་པ་སྐྱེས་སར་ཀླུ་སྒྲུབ་ལགས་ཀྱིས་བུ་ཡིག་ཏུ་བཀོད་དེ་དཔེ་གཟུགས་སུ་སྤར་བསྐྲུན་བགྱིས་ཡོད་པ[9]ཧ་ཅང་བསྔགས་པའི་གནས་སུ་མཆིས་ལ། ཆབས་ཅིག་ཁོང་གིས་དཔེ་རྙིང་མཚམས་སྦྱོར་གྱི་གཏམ་ཅིག་བཀོད་པ་དེར་ཅུང་ཟད་དཔྱད་འཁྲུལ་དུ་སོང་བ་འགའ་རེ་མེད་དམ་སྙམ།
        པཎ་ཆེན་རཱ་ཧུ་ལ་ནས་བརྒྱུད་ཡོང་བའི་རྡོར་གདན་དཀར་ཆག་གི་དཔེ་རྙིང་དེའི་མ་ཕྱི་དངོས་མཇལ་བའི་སྐལ་བ་མ་ལྡན་པས་མཚན་བྱང་དངོས་ཇི་ལྟར་བྲིས་ཡོད་པའང་མི་ཤེས་མོད། སྐྱེས་སར་ཀླུ་སྒྲུབ་ལགས་ཀྱི་སྤར་བསྐྲུན་གནང་བ་དེའི་དབུརརྡོར་གདན་གྱི་དཀར་ཆག་དང་ལམ་ཡིག་བཞུགས་སོཞེས་འཁོད་འདུག་ལ་གཞུང་དངོས་ལྟར་ནའང་དཀར་ཆག་དང་ལམ་ཡིག་སོ་སོར་ཡོད་པ་དང་། དཀར་ཆག་ནི་ལེའུ་གསུམ་གྱི་བདག་ཉིད་དུ་ཡོད་ཅིང་ལམ་ཡིག་དེ་ཉིད་ནི་ཚིགས་བཅད་ཀྱིས་རྡོར་གདན་གྱི་དཀར་ཆག་དེའི་སྡོམ་ལྟ་བུར་མཛད་པ་ཞིག་མིན་ནམ་སྙམ། ཡིན་ནའང་དཀར་ཆག་དང་ལམ་ཡིག་གཉིས་ཀར་མཛད་བྱང་མ་གསལ་པས་དཔྱད་པ་གནད་དུ་ཐིངས་པ་ཞིག་བྱེད་མ་ཤེས་སོ། །རྡོར་གདན་གྱི་དཀར་ཆག་དེའི་མཇུག་ཏུ། འདི་དེབ་དཔེ་འདི་ཕྱི་སྒོ་ཆེེན་གཅིག་ལས་བྱུང་སྟེ་མཛད་པ་པོའི་མིང་གསུབ་ནས་གདའོ།། འོན་ཀྱང་རྡོ་རྗེ་གདན་དུ་ཕྱིན་པའི་ལོ་ཙཱ་བ་གཅིག་གིས་བྱས་པ་ལ་ཐེ་ཚོམ་མེད[10]ཅེས་བཀོད་ཡོད། སྐྱེས་སར་ཀླུ་སྒྲུབ་ལགས་ཀྱིས་དཔེ་འདིའི་ཕྱི་མོ་དཔེ་ཚད་སྒོ་ཆེན་བྱས་པ་ཏེ་གནའ་ཤོག་སྒོ་ཆེན་གྱི་ཚད་ལྟ་བུ་ཞིག་ཏུ་བྲིས་ནས་ཡོད་པའི་དོན་དུ་ངེས[11]ཞེས་ངོས་འཛིན་གནང་འདུག་ནའང་། གུས་པའི་དྲན་ཚོད་ལ་དཔེ་རྙིང་འདི་ནི་དང་པོ་གནའ་བོའི་ཤིང་སོགས་ཀྱིས་བྱས་པའི་ཕྱི་སྒོ་ཆེན་པོ་ཞིག་གི་ངོས་སུ་བྲིས་ཡོད་པ་ལ། ཕྱིས་སུ་རྒྱ་གར་འཕགས་པའི་ཡུལ་དུ་ཕྱག་ཕེབས་པའི་བོད་ཀྱི་ལོ་ཙཱ་བ་ཞིག་གིས་ཞལ་བཤུས་གནང་ནས་བོད་དུ་བསྣམ་ཡོང་བར་ངེས་སྙམ་ཡང་དཔྱད་གཞི། དང་པོ་ནས་གནའ་ཤོག་སྒོ་ཆེན་ལྟ་བུ་ཞིག་ཏུ་བྲིས་ཡོད་པའི་མ་ཕྱི་དངོས་ཡིན་ན་མཛད་པ་པོའི་མིང་གསུབ་ནས་གདའོ་ཞེས་པའི་ཚིག་ཡོང་མི་སྲིད་སྙམ། འདིར་བརྟག་ན་དང་པོ་དཔེ་རྙིང་འདི་སྒོ་ཆེན་ཞིག་གི་རྒྱབ་ངོས་སུ་བཀོད་ཡོད་པ་ལ་ཕྱིས་སུ་ཞལ་བཤུས་བྱས་པར་ཚོད་དཔག་བྱས་ཀྱང་འགལ་བ་ཆེར་མེད་སྙམ།
        གང་ལྟར་བརྒྱ་བཤད་ཚིག་གི་རྩ་བ་ནིརྡོར་གདན་གྱི་དཀར་ཆག་དང་ལམ་ཡིག་བཞུགས་སོཞེས་པའི་དཔེ་རྙིང་འདིའི་མཛད་པ་པོའི་མིང་གསུབ་པ་དེ་ཤེས་པར་བྱ་རྒྱུ་ནི་ཧ་ཅང་གལ་ཆེན་དུ་མཆིས་ལ། སྐྱེས་སར་ཀླུ་སྒྲུབ་ཀྱི་མཚམས་སྦྱོར་བྱས་པའི་གཏམ་དེར་དཔེ་རྙིང་འདི་ཉིད་ཀྱི་མཛད་པ་པོ་ཆག་ལོ་ཙཱ་བ་ཆོས་རྗེ་དཔལ་མིན་ཚུལ་ལ་སྒྲུབ་བྱེད་ལྟར་སྣང་འགའ་རེ་ཡང་བཀོད་ཡོད་མོད། ཁོང་ལ་ཧ་ལམ་དེའི་སྐོར་གྱི་དཔྱད་ཡིག་དཀོན་པར་གྱུར་བའི་དབང་གིས་ཉམས་ཞིབ་ཀྱི་རྩ་དོན་ལ་བགེགས་ཅུང་ཟད་བྱས་མེད་དམ་སྙམ། དེ་ལ་ཁོ་བོ་ལྟར་ནརྡོར་གདན་གྱི་དཀར་ཆག་དང་ལམ་ཡིག་བཞུགས་སོཞེས་པའི་དཔེ་རྙིང་འདིའི་མཛད་པ་པོ་ཆག་ལོ་ཆོས་རྗེ་དཔལ༡༡༩༧ནས༡༢༦༤ཡིན་པར་ཐེ་ཚོམ་བྱེད་མི་དགོས་པ་ཞིག་ཏེ། ཕལ་ཆེར་ཁོང་དུས་རབས་བཅུ་གསུམ་པའི་ནང་རྒྱ་གར་འཕགས་པའི་ཡུལ་དུ་ཕྱག་ཕེབས་དུས་སུ་མཛད་པ་ཞིག་ཡིན་ལ་ཆེ། དེ་ལ་མདོ་སྨད་ཀྱི་མཁས་དབང་བྲག་དགོན་པ་བསྟན་པ་རབ་རྒྱས༡༨༠༡ནས༡༨༦༦ཀྱིས་མཛད་པའི་མདོ་སྨད་ཆོས་འབྱུང་ན་ཆག་ལོའི་རྒྱ་གར་ལམ་ཡིག་དང་རྡོ་རྗེ་གདན་གྱི་ལམ་ཡིག[12]ཅེས་སོ་སོར་བཀོད་ཡོད་པ་དང་། དེ་དང་དུས་མཉམ་པར་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཨ་ཁུ་ཆིང་ཤེས་རབ་རྒྱ་མཚོ༡༨༠༣ནས༡༨༧༥ཚང་གི་དཔེ་དཀོན་ཐོ་ཡིག་ནའང་ཆག་ལོ་ཆོས་རྗེའི་རྒྱ་གར་ལམ་ཡིག[13]ཅེས་ཆག་ལོ་ཆོས་རྗེ་དཔལ་གྱི་མཚན་ཡང་དངོས་སུ་འཁོད་པའི་ལུང་ཁུངས་དེ་དག་གིས། ཆག་ལོ་ཙཱ་བ་ཆོས་རྗེ་དཔལ་ལ་རྒྱ་གར་ལམ་ཡིག་ཅིག་ཡོད་པ་མ་ཟད་རྡོ་རྗེ་གདན་གྱི་ལམ་ཡིག་ཅིག་ཡོད་པའང་རྟོགས་ནུས་སམ་སྙམ། དེས་ན་འདིར་བསྟན་པའི་རྒྱ་གར་ལམ་ཡིག་ཅེས་པ་ནི་འཇུ་སྟོན་པ་ཆོས་དར་གྱིས་ཡི་གེར་ཕབ་པའི་ཆག་ལོའི་རྣམ་ཐར་རྒྱས་པ་དེ་ཡིན་པ་དང་། རྡོ་རྗེ་གདན་གྱི་ལམ་ཡིག་ནི་ད་ལྟ་སྐབས་སུ་འཆད་བྱར་འགྱུར་བའིརྡོར་གདན་གྱི་དཀར་ཆག་དང་ལམ་ཡིག་བཞུགས་སོཞེས་པ་འདིར་ངོས་གཟུང་ཆོག་པར་ཁོ་བོས་འདོད་ཀྱང་མུ་མཐུད་བརྟག་པར་བྱའོ་ཞེས་ཀྱང་དྲན་སྐུལ་བ་ཡིན།
པར་འདི་ནི་ལྷོ་ཁའི་གཉལ་ཕྱོགས་ནས་པེ་ཅིང་དུ་འཁྱར་བའི་ཆག་ལོའི་སྐུ་འབག་ཧ་ཅང་རྩ་ཆེན་དེའི་རྒྱབ་ཡིག་ཏུ། ཆག་ལོ་ཙཱ་བ་གསུམ་པ་མཚུངས་མེད་རིན་ཆེན་ཆོས་ཀྱི་རྒྱལ་པོ་དགུང་ལོ་བདུན་ཅུ་བའི་འདྲ་སྐུ་ཉིད་ཀྱི་ཕྱག་ནས་ཀྱང་བཞུགས།ཞེས་འཁོད་ཡོད་པ་དེ་ཡིན།
        གཞན་ཡང་། སྣར་ཐང་གི་བཙུན་པ་བཅོམ་ལྡན་རིག་རལ༡༡༢༧ནས༡༢༥༠གྱིས་མཛད་པའིརྡོ་རྗེའི་གདན་རྣམ་བཤད་རྒྱན་གྱི་མེ་ཏོག་བཞུགས་སོཞེས་པའི་བསྟན་བཅོས་ཧ་ཅང་གལ་ཆེ་བ་ཞིག་ཡོད། དཔེ་རྙིང་འདི་ནི་ཉེ་ཆར་རྒྱལ་དབང་སྐུ་ཕྲེང་ལྔ་བ་ངག་དབང་བློ་བཟང་རྒྱ་མཚོ༡༦༡༧ནས༡༦༨༢ཡིས་ཕྱག་བཏབ་པའི་འབྲས་སྤུངས་གནས་བཅུ་ལྷ་ཁང་གི་ཕྱི་ར་ཅན་གྱི་ཨང་རྟགས༢༥ཅན་ནས་ཐོན་ཅིང་། ཁྱོན་བསྡོམ་ལེའུ་ལྔའི་བདག་ཉིད་དུ་གྱུར་ཡོད། ཡིན་ནའང་བསྟན་བཅོས་འདི་རྩོམ་དུས་སུ་བཅོམ་ལྡན་རིག་རལ་རྒྱ་གར་འཕགས་པའི་ཡུལ་དུ་ཕྱག་ཕེབས་མྱོང་མེད་ནའང་། དུས་ཕྱིས་སུ་མཁས་དབང་དགེ་འདུན་ཆོས་འཕེལ༡༩༠༣ནས༡༩༥༡གྱིས་རྡོ་རྗེ་གདན་དངོས་མ་དང་རིག་རལ་གྱི་རྡོར་གདན་རྣམ་བཤད། ཆག་ལོའི་རྒྱ་གར་ལམ་ཡིག་གསུམ་ལ་དངོས་སུ་དཔྱད་ཞིབ་བསྡུར་བ་གནང་དུས་སུ། མི་གཅིག་གིས་བྱས་པ་ལྟར་ཡོད[14]ཅེས་ཞལ་འཕང་ཆེན་པོ་གནང་བ་ནི་དོན་ལ་གནས་པའི་ལེགས་བཤད་དུ་གོ་དགོས་པ་ཡིན། འོན་ཀྱང་དོགས་པ་ཞིག་ལ། བཅོམ་ལྡན་རིག་རལ་རྒྱ་གར་དུ་ཕྱག་མ་ཕེབས་པའི་རྒྱུ་མཚན་གྱིས་རྡོར་གདན་རྣམ་བཤད་འདི་མཛད་དུས་སུ། དཔེ་བལྟ་བྱའི་ལུང་གི་ཡི་གེ་ཞིག་ཡོད་དགོས་པ་ཚད་མས་གྲུབ་པ་ཡིན། གུས་པས་བལྟས་ན་བཅོམ་ལྡན་རིག་རལ་གྱིས་རྡོར་གདན་རྣམ་བཤད་མཛད་དུས་སུ་ཁོང་གི་བླ་མ[15]ཆག་ལོ་ཙཱ་བ་ཆོས་རྗེ་དཔལ་གྱི་རྡོར་གདན་དཀར་ཆག་དེ་ཁོ་ན་ཁུངས་སུ་བཟུང་པ་ཡིན་ནམ་སྙམ། དེ་ཅིའི་ཕྱིར་ཞེ་ན། ཆག་ལོའི་རྡོར་གདན་དཀར་ཆག་དང་རིག་རལ་གྱི་རྡོར་གདན་རྣམ་བཤད་གཉིས་ནི་མ་གཅིག་ལས་འཁྲུངས་པའི་བུའི་ཚུལ་དུ་ཡོད་པ་ཞིག་སྟེ། བརྗོད་བྱའི་ཚིག་དོན་ཧ་ཅང་ཉག་ཉེ་བར་ཡོད་ལ་ས་བཅད་ཀྱི་ཆ་ཤས་ལེན་ཕྱོགས་ལའང་འབྲེལ་བ་ངེས་ཅན་ཞིག་ཡོད་པ་བསྟན་བཅོས་དེ་གཉིས་ཀྱི་ཚིག་དོན་གོ་བསྡུར་གནང་ན་གསལ་བོར་ཤེས་ནུས་སོ།།
        གཞན་ཡང་བཅོམ་ལྡན་རིག་རལ་གྱིས་རྡོར་གདན་གྱི་རྣམ་བཤད་འདི་མཛད་པའི་ཤུགས་རྐྱེན་གྱིས་སྐབས་དེར་ཁོང་འཚོ་བཞུགས་གནང་ཡུལ་གྱི་སྣར་ཐང་གཙུག་ལག་ཁང་ཡང་མ་ག་དྷཱ་རྡོ་རྗེ་གདན་ལ་དཔེ་ལེན་སྲོལ[16]བྱུང་ཡོད་པ་དང་། ཁོང་དང་དུས་མཉམ་པའི་སྣང་ཐང་གི་གདན་ས་པ་མཆིམས་ནམ་མཁའ་གྲགས༡༢༡༠ནས༡༢༨༥ཀྱི་ཞལ་བཀོད་བཞིན་ཙནྟན་ལས་བྱས་པའི་རྡོ་རྗེ་གདན་གྱི་བཀོད་པ་རྒྱ་ནག་ནས་གདན་དྲངས་པ་ཞིག་དང་། རྡོ་ནག་ལས་གྲུབ་པའི་རྡོ་རྗེ་གདན་གྱི་གནས་བཀོད་རྒྱ་གར་ནས་གདན་དྲངས་པ་གཉིས་ཀྱང་བཞུགས་ཡོད[17]པར་བཤད། དེའི་ཕྱིས་སུ་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་རྡོ་དང་ཙན་ཏན་ལས་བྱས་པའི་རྡོ་རྗེ་གདན་གྱི་གནས་བཀོད་དེ་དག་རྡོ་རྗེ་གདན་དངོས་དང་གོ་བསྡུར་མཛད་དུས་སུ་མི་གཅིག་གིས་བྱས་པ་ལྟར་སྣང་ཞེས་ཡང་དང་བསྐྱར་དུ་གསུངས་ཡོད།
        མདོར་ན། མིག་སྔར་ང་ཚོའི་ཆུ་བུར་མིག་ལ་བསྟན་དུ་ཡོད་པའི་རྡོར་གདན་གྱི་དཀར་ཆག་དང་ལམ་ཡིག རྣམ་བཤད་འདི་དག་གི་ཚིག་འབྲུ་རེ་རེ་ལའང་གསེར་སྲང་སྟོང་གིས་མི་ཁུགས་པའི་ཉམས་ཞིབ་ཀྱི་རིན་ཐང་ཡོད་པ་དང་། བོད་ཀྱི་སྔ་རབས་མཁས་དབང་རྣམས་ཀྱིས་དཀའ་བ་བརྒྱ་ཕྲག་དུ་མ་ཁྱད་དུ་བསལ་ཅིང་། རྣམ་དཔྱོད་རྩལ་དུ་སྤྲུགས་པའི་ལེགས་བཤད་ཀྱི་མཆོག་ཏུ་གྱུར་པ་ཡིན་པའང་ངོས་ཟིན་ནས་ཉམས་ཞིབ་གནང་འོས་པ་དང་། དུས་ཕྱིས་ཀྱི་མཁས་དབང་ཞྭ་དམར་བཞི་བ་སྤྱན་སྔ་ཆོས་གྲགས༡༤༥༣ནས༡༥༢༤ཀྱིས་རྡོ་རྗེ་གདན་གྱི་དཔལ་བྱང་ཆུབ་ཆེན་པོ་ལ་ལེགས་སྦྱར་སྐད་དུ་ཚིགས་སུ་བཅད་ནས་བསྟོད་པ་ལས། འཁྲུལ་བའི་དྲི་མ་ཞི་མཛད་ཅིང་། །དུས་གསུམ་གཟིགས་པའི་ཕ་རོལ་ཕྱིན། །[18]ཞེས་བསྔགས་པའི་ཞིང་གི་མཐུ་བོ་ཆེ་གང་དེ་མངོན་པར་འཚང་རྒྱ་བའི་གནས་མཆོག་མ་ག་དྷཱ་འམ་བོད་ཀྱི་སྐད་དུ་རྡོ་རྗེ་གདན་ཞེས་མཚན་སྙན་གྱི་བ་དན་དཀར་པོ་གཡོ་བ་གང་དེའི་སྔོན་བྱུང་ལོ་རྒྱུས་སོགས་ལ་ང་ཚོས་ཉམས་ཞིབ་གནང་ནས་ཆ་རྒྱུས་ཡོད་པར་བྱ་བར་རིགས་སོ།། དགེའོ།།

དཔྱད་ཡིག་གི་ལུང་ཁུངས།
[1] མདོ་ལས། ང་མྱ་ངན་ལས་འདས་པའི་རྗེས་སུ། དགེ་སློང་གསར་བུ་འགའ་ཞིག་འོང་ནས། ཁྱེད་ཀྱི་སྟོན་པ་ཇི་འདྲ་ཞེས་འདྲི་ན། དེ་དག་ལ་གནས་བཞི་བོ་འདི་དག་བསྟན་པར་བྱ་སྟེ་ཞེས་གསུངས་པ་བཞིན། རྡོ་རྗེ་གདན་བདག་ཅག་གི་སྟོན་པ་སངས་རྒྱས་པའི་གནས་དང་། ལུམྦུ་ནི་སྐུ་འཁྲུངས་བའི་གནས། ཝཱ་ར་ནཱ་སི་ཆོས་འཁོར་བསྐོར་བའི་གནས། རྩྭ་མཆོག་གྲོང་མྱ་ངན་ལས་འདས་པའི་གནས་བཅས་སོ།།
[2] ཆེན་པོ་ཧཱན་གུར་གྱི་བཙུན་པ་ཕཱ་ཧྱིན་འཕགས་པའི་ཡུལ་དུ་འགྲིམས་པའི་རྣམ་ཐར་རྒྱལ་བསྟན་འབྱུང་ཁུངས་ཀུན་གསལ་འཕྲུལ་གྱི་མེ་ལོང་ཞེས་བྱ་བ་བཞུགས་སོ།། སོག་པོ་བློ་བཟང་རྟ་དབྱངས་ཀྱིས་བོད་ཡིག་ཏུ་བསྒྱུར། དེབ་གཟུགས། གཞུང་དེེར་གསལ།
[3] ཐང་ཆེན་མོའི་སྣེ་སྣོད་འཛིན་པའི་སྐྱེས་ཆེན་དག་ནུབ་ཕྱོགས་འཕགས་ཡུལ་དུ་དམ་པའི་ཆོས་ཀྱི་དགོངས་པ་འཚོལ་བར་ཕྱིན་པའི་རྟོགས་བརྗོད་ཅེས་བྱ་བ་བཞུགས་སོ།། མཁའ་འགྲོ་རྒྱལ་གྱིས་བོད་ཡིག་ཏུ་བསྒྱུར། དེབ་གཟུགས། གཞུང་དེར་གསལ། 
[4] ཆེན་པོ་ཐང་གུར་དུས་ཀྱི་རྒྱ་གར་ཞིང་གི་བཀོད་པའི་དཀར་ཆག་བཞུགས་སོ།། གུང་མགོན་པོ་སྐྱབས་ཀྱིས་བསྒྱུར། ལྡེབ་བརྒྱ་དང་ཞེ་བརྒྱད་བྱོན། དབུ་ཅན་ཕྱག་བྲིས་མ། གཞུང་དེར་གསལ།
[5] ལྷོ་ཁའི་གཉལ་ཕྱོགས་སུ་འཁྱར་བའི་ཆག་ལོའི་སྐུ་འབག་ཧ་ཅང་རྩ་ཆེན་ཞིག་གི་རྒྱབ་ཡིག་ཏུ། ཆག་ལོ་ཙཱ་བ་གསུམ་པ་མཚུངས་མེད་རིན་ཆེན་ཆོས་ཀྱི་རྒྱལ་པོ་དགུང་ལོ་བདུན་ཅུ་བའི་འདྲ་སྐུ་ཉིད་ཀྱི་ཕྱག་ནས་ཀྱང་བཞུགས། ཞེས་འཁོད་པ་ལས་བོད་ལ་ཆག་ལོ་རྣམ་གསུམ་ཡོད་པ་རིགས་འདེད་ཀྱིས་ཤེས་ནུས་ལ། དེ་དག་ནི་ཆོས་ལོ་དགྲ་བཅོམ་པ། ཆག་ལོ་ཆོས་རྗེ་དཔལ། ཆག་ལོ་རིན་ཆེན་ཆོས་རྒྱལ་བཅས་ཡིན། 
[6] ཆག་ལོ་ཙཱ་བའི་རྣམ་པར་ཐར་པ་འཇུ་བ་ཆོས་དར་གྱིས་མཛད་པ་ངོ་མཚར་ཡོད། འབྲས་སྤུངས་གནས་བཅུ་ལྷ་ཁང་གི་ཕྱི་ར་ཅན་གྱི་ཨང་རྟགས༡༨༣ནས་ཐོན་པའི་དཔེ་རྙིང་དབུ་མེད་ཕྱག་བྲིས་མ། ལྡེབ་མ་ཉེར་བརྒྱད་བྱོན། གཞན་ཡང་། བླ་མའི་གསུང་དྲི་མ་མེད་པ་བསྒྲིགས་པ་ཞེས་བྱ་བ། འབྲས་སྤུངས་གནས་བཅུ་ལྷ་ཁང་གི་ཕྱི་ར་ཅན་གྱི་ཨང་རྟགས༡༧༨ནས་ཐོན་པའི་དཔེ་རྙིང་དབུ་མེད་ཕྱག་བྲིས་མ། ལྡེབ་མ་བཅུ་གཉིས་བྱོན། ཆག་ལོ་ཙཱ་བ་ཆོས་རྗེ་དཔལ་གྱི་རྣམ་ཐར། ཆོས་དཔལ་དར་བྱང་གིས་མཛད། ཕྱི་ལོ༡༩༨༡ལོར་ལྡི་ལིར་དེབ་གཟུགས་སུ་དཔར། དེབ་དེའི་སྔོན་བརྗོད་ནང་དུ། སྤྱིར་ན་ཆོས་རྗེ་དཔལ་གྱི་རྣམ་ཐར་རྒྱས་པའི་གླེགས་བམ་དཀོན་པའི་དུས་འདིར། རྒྱ་གར་གྱི་མཁས་དབང་རཱ་ཧུ་ལ་སཱངྐཏྱ་ཡ་ན་མཆོག་གིས་ཕྱི་ལོ་༡༩༣༠ལོར་དཔལ་སྣར་ཐང་ནས་བོད་དཔེ་མང་པོ་གདན་ཞུ་གནང་བའི་ཁོངས་སུ་འདིིའི་མ་དཔེ་ཞིག་ཀྱང་སྤྱན་དྲངས་ཞེས་གསལ་ཡོད། ཞེས་སོགས་ཆག་ལོའི་རྣམ་ཐར་མི་འདྲ་བ་ཁག་གསུམ་ཙམ་བཞུགས་ཡོད། 
[7] རྡོ་རྗེ་གདན་གྱི་ལམ་ཡིག་དང་དཀར་ཆག སྐྱེས་སར་ཀླུ་སྒྲུབ་ཀྱིས་བསྒྲིགས། དེབ་གཟུགས། དེའི་དབུ་རུ་བཀོད་པའི་དཔེ་རྙིང་མཚམས་སྦྱོར་གྱི་གཏམ་བྱ་བའི་ནང་དུ། རྡོ་རྗེ་གདན་གྱི་དཀར་ཆག་དང་ལམ་ཡིག་ཅེས་པའི་ཡིག་རྙིང་འདི་ལྟ་བུར་མཚོན་ན། བར་ལམ་བོར་བརླགས་ཤོར་ནས་རྙེད་དཀའ་བའི་ཚད་དུ་སླེབས་འདུག མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གྲོགས་པོ་པཎ་ཆེན་ར་ཧུ་ལ་བོད་དུ་ཕེབས་སྐབས་སྣར་ཐང་སོགས་ནས་དཔེ་རྙིང་གང་མང་ཞིག་རྒྱ་གར་དུ་བསྣམས་ཕེབས་པའི་ནང་དཔེ་རྙིང་འདི་ཡང་ཙུད་འདུག་ཅེས་བཀོད་ཡོད། 
[8] རྡོ་རྗེ་གདན་རྣམ་པར་བཤད་པ་རྒྱན་གྱི་མེ་ཏོག་ཅེས་བྱ་བ་བཞུགས་སོ།། བཅོམ་ལྡན་རིག་རལ་གྱིས་མཛད། འབྲས་སྤུངས་གནས་བཅུ་ལྷ་ཁང་གི་ཕྱི་ར་ཅན་གྱི་ཨང་རྟགས༢༥ནས་ཐོན་པའི་དཔེ་རྙིང་དབུ་མེད་ཕྱག་བྲིས་མ། ལྡེབ་མ་བཅུ་གསུམ་བཞུགས། 
[9][10] རྡོ་རྗེ་གདན་གྱི་ལམ་ཡིག་དང་དཀར་ཆག སྐྱེས་སར་ཀླུ་སྒྲུབ་ཀྱིས་བསྒྲིགས། དེབ་གཟུགས། དེར་གསལ།
[11] རྡོ་རྗེ་གདན་གྱི་ལམ་ཡིག་དང་དཀར་ཆག སྐྱེས་སར་ཀླུ་སྒྲུབ་ཀྱིས་བསྒྲིགས། དེབ་གཟུགས། དེའི་དབུ་རུ་བཀོད་པའི་དཔེ་རྙིང་མཚམས་སྦྱོར་གྱི་གཏམ་བྱ་བའི་ནང་དུ་གསལ།
[12] ཡུལ་མདོ་སྨད་ཀྱི་ལྗོངས་སུ་ཐུབ་བསྟན་རིན་པོ་ཆེ་ཇི་ལྟར་དར་བའི་ཚུལ་གསལ་བར་བརྗོད་པ་དེབ་ཐེར་རྒྱ་མཚོ་ཞེས་བྱ་བ་བཞུགས་སོ།། བྲག་སྒོམ་པ་དཀོན་མཆོག་བསྟན་པ་རབ་རྒྱས་ཀྱིས་མཛད། ༡༩༨༢ལོར་ཀན་སུའུ་མི་རིགས་དཔེ་བསྐྲུན་ཁང་ནས་དཔར། ཤོག་ངོས༨ན་གསལ། 
[13] དཔེ་རྒྱུན་དཀོན་པ་འགའ་ཞིག་གི་ཐོ་ཡིག་དོན་གཉེར་ཡིད་ཀྱི་ཀུནྡ་བཞད་པའི་ཟླ་འོད་འབུམ་གྱི་སྙེ་མ་བཞུགས་སོ།། ཤེས་རབ་རྒྱ་མཚོའི་གསུང་འབུམ་ཤིང་དཔར་མ་བའི་ཁྲོད་དུ་བཞུགས་ཡོད། ཨ་ཁུ་ཆིང་ཤེས་རབ་རྒྱ་མཚོས་མཛད། ཤོག་ལྡེབ༢ན་གསལ།
[14] རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ་ཞེས་བྱ་བ་བཞུགས་སོ།། དགེ་འདུན་ཆོས་འཕེལ་གྱིས་མཛད། གཞུང་དེར་གསལ།
[15] བཅོམ་ལྡན་རིག་རལ་པའི་རྣམ་ཐར་བཞུགས། འབྲས་སྤུངས་གནས་བཅུ་ལྷ་ཁང་གི་ཕྱི་ར་ཅན་གྱི་ཨང་རྟགས༣༨༦ནས་ཐོན་པའི་དཔེ་རྙིང་དབུ་མེད་ཕྱག་བྲིས་མ། ཤོག་ལྡེབ༦ན། བླ་མ་ཆག་ལོ་ཙཱ་བ་ཆོས་རྗེ་དཔལ་ལ་དཔལ་གསང་བ་འདུས་པ་སློབ་དཔོན་ཀླུ་སྒྲུབ་དང་། ཀླུའི་བྱང་ཆུབ་གཉིས་ཆར་གྱི་དཀྱིལ་འཁོར་ཆོ་ག་ཉི་ཤུ་བའི་སྒོར་དབང་བསྐུར་བ་ཞུས་ནས་ཞེས་པའི་ལུང་དུམ་ལ་ཁུངས་བཅོལ་ཡོད།
[16] མཆིམས་ནམ་མཁའ་གྲགས་ཀྱི་རྣམ་ཐར་བཞུགས། དབུ་ཅན་ཕྱག་བྲིས་མ། ཤོག་ལྡེབ༣༥ན། དེ་ནས་གདན་ས་རིན་པོ་ཆེ་དཔལ་སྣར་ཐང་གི་གཙུག་ལག་ཁང་མ་ག་ཏ་རྡོ་རྗེ་གདན་དང་མཚུངས་པ་ཞེས་པའི་ཁུངས་བཅོལ་ཡོད། 
[17] རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ་ཞེས་བྱ་བ་བཞུགས་སོ།། དགེ་འདུན་ཆོས་འཕེལ་གྱིས་མཛད། གཞུང་དེར་གསལ།
[18] རྡོ་རྗེ་གདན་གྱི་དཔལ་བྱང་ཆུབ་ཆེན་པོ་ལ་ལེགས་སྦྱར་གྱི་སྐད་དུ་ཚིགས་སུ་བཅད་ནས་བསྟོད་པ་ཞེས་བྱ་བ་བཞུགས་སོ།། སམ་བོད་ཤན་སྦྱར་ཕྱག་བྲིས་མ། གཞུང་དེར་གསལ། 
ཕྱི་ལོ༢༠༡༨ལོའི་ཟླ༣པའི་ཚེས༡༡ཉིན་བོད་ཀྱི་རིག་གཞུང་ཉམས་ཞིབ་པ་བན་ཤུལ་དཔལ་མཁར་རྒྱལ་གྱིས་ཡུལ་དབུས་ལྷ་སར་བྲིས་སོ།།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།