༄༅། །ལ་དྭགས་གླེ་ཆེན་དཔལ་མཁར་ཕོ་བྲང་།
རྩོམ་པ་པོ།:ཁེ་ཉུ་ལེ་སི་ཧྲུདང་ཇོན་སེན་ཏུ།
ཡོང་ཁུངས།:ཧི་མ་ལ་ཡ་འཕྲིན་སྟེགས།
དུས་ཚོད།:2022-02-17 11:00:16
ཀློག་གྲངས།:
༄༅། །ལ་དྭགས་གླེ་ཆེན་དཔལ་མཁར་ཕོ་བྲང་།
---མྱུར་སྐྱོབ་བྱེད་འོས་པའི་ཧི་མ་ལའི་གནའ་བོའི་དཔེ་མཚོན་བཟོ་བསྐྲུན།
ཁེ་ཉུ་ལེ་སི་ཧྲུདང་ཇོན་སེན་ཏུ་ཡིས་བརྩམས། པད་མ་དོན་གྲུབ་ཀྱིས་བསྒྱུར།
གནད་བསྡུས། བརྗིད་ཉམས་ལྡན་པའི་ལ་དྭགས་གླེ་ཆེན་དཔལ་མཁར་ཕོ་བྲང་ནི། དུས་རབས་བཅུ་བདུན་པའི་དུས་སྟོད་དུ་རྒྱལ་པོ་སེངྒ་རྣམ་རྒྱལ་གྱིས་གཙུག་ཏོར་ལྷ་ལྕང་གི་བྲག་ལྡེབས་སུབཞེངས་ཤིང་། སྤྱི་ལོ1834ལོར་ལ་དྭགས་རྒྱལ་པོའི་རྒྱལ་སྲིད་གཞན་དབང་དུ་ཤོར་བས། སྐུ་མཁར་འདི་ལ་བདག་རྐྱེན་མེད་པར་མཁར་ཤུལ་དུ་ལུས། འདིར་ཕོ་བྲང་དེའི་དེ་སྔའི་བཟོ་བཀོད་ཀྱི་ཁྱད་ཆོས་དང་སྤྱོད་སྒོའི་རིན་ཐང་སོགས་ལ་རྟོགས་ཞིབ་བགྱིས་ཏེ། གང་དེའི་དམིགས་བསལ་གྱི་ས་ཁམས་ཆགས་ཚུལ་དང་ལོ་རྒྱུས་དོན་རྐྱེན་སོགས་ལས་ཕོ་བྲང་དེའི་གལ་ཆེན་རང་བཞིན་བརྗོད་ཡོད་པ་དང་། སྤྱི་ཚོགས་དེང་རབས་ཅན་གྱི་འཕེལ་འགྲོས་དང་བསྟུན་ནས་ལ་དྭགས་ཡུལ་དུ་ཡུལ་སྐོར་ལས་རིགས་ཤུགས་ཆེར་དར་ལ། དཔེ་མཚོན་ཅན་གྱི་གནའ་བོའི་བཟོ་བསྐྲུན་མང་པོ་རང་ཤུགས་སུ་ཉམས་རྒུད་དུ་ཕྱིན་ཅིང་། ཕོ་བྲང་དེ་ཡང་ཉམས་ཉེས་ཀྱི་གནས་སུ་ལྷུང་པས་དེ་ལ་ཉམས་གསོ་དང་བསྐྱར་བཞེངས་དགོས་པའི་འབོད་སྐུལ་བཏང་ཡོད།
གནད་ཚིག ལ་དྭགས། གླེ་ཆེན་དཔལ་མཁར་ཕོ་བྲང་། བཟོ་བསྐྲུན། ཉམས་གསོ། བསྐྱར་བཞེངས།
གླེང་གཞི།
ལོ་རྒྱུས་ཀྱི་སང་རས་སུ་ཐུམ་པའི་གནའ་བོའི་མཁར་རྙིང་སྟེ་ལ་དྭགས་རྒྱལ་རབས་ཀྱི་རྒྱལ་ས་གླེ་ཆེན་དཔལ་མཁར་ཕོ་བྲང་ནི། དུས་རབས་བཅུ་བདུན་པར་ལ་དྭགས་ཀྱི་ཡུལ་ཁམས་སྤྱི་ལ་མངའ་མཛད་པའི་རྒྱལ་པོ་སེངྒ་རྣམ་རྒྱལ་གྱི་སྐུ་རིང་དུ་བཞེངས་ཤིང་། ཕོ་བྲང་འདི་ནི་སྤྱི་ལོ1645ནས་སྤྱི་ལོ1695ལོའི་བར། རྒྱལ་དབང་ལྔ་བ་ཆེན་མོས་གསར་བཞེངས་གནང་བའི་ཕོ་བྲང་པོ་ཏ་ལའི་དཔེ་མཚོན་གྱི་བཟོ་བསྐྲུན་མ་དཔེ་གལ་ཆེན་ཞིག་ཡིན། གླེ་ཆེན་དཔལ་མཁར་ཕོ་བྲང་ནི་ཉེ་འཁོར་གྱི་ས་བབས་ཏེ། བྲག་རི་དང་གཡང་རོང་སོགས་ཀྱི་རྐྱེན་གྱིས་ཧ་ཅང་ཁོད་ཡངས་ཤིང་སྙོམས་པའི་ཐང་དཀྱིལ་དུ་ཆགས་པ་མ་ཡིན་མོད། འོན་ཀྱང་བཟོ་བསྐྲུན་འདི་ནི་ཀུན་གྱིས་དོ་སྣང་བྱེད་ཡུལ་གལ་ཆེན་ཞིག་ཏུ་གྱུར་ཡོད། ཕོ་བྲང་གཙོ་བོ་སྟེ་གླེ་ཆེན་དཔལ་མཁར་ནི་གཙུག་ཏོར་ལྷ་ལྕང་གི་བྲག་རིའི་སྟེང་བཞེངས་པའི་བཟོ་བསྐྲུན་ཀུན་གྱི་དཀྱིལ་དབུས་སུ་ཡོད་ཅིང་། ཞེང་ཚད་ལ་རྨི60དང་མཐོ་རུ་རྨི58ཡོད་པས་ཀུན་ལས་མཐོ་ཤོས་དང་བརྗིད་ཉམས་ཆེ་ཤོས་ཀྱི་རྗེས་ཤུལ་དེ་ཡིན་པ་མ་ཟད་བཟོ་བསྐྲུན་གྱི་ཁྱད་ཆོས་ལེགས་ཤོས་དེའང་ཡིན། འོན་ཀྱང་ཕོ་བྲང་དེ་དུས་ཡུན་ངེས་ཅན་ཞིག་གི་རིང་ལ་ཉམས་རྒུད་དུ་ལུས་ཤིང་། སྔར་ཡོད་གྱི་བཟོ་བསྐྲུན་རྣམ་པའི་བརྗིད་ཉམས་དང་ཁྱད་ཆོས་སོགས་པར་རིས་དང་ཡིག་ཚང་གང་ལས་ཀྱང་གསལ་བོར་མཐོང་དཀོན་པས། སྔོན་གནས་འདིར་ཡུལ་སྐོར་དང་ཉམས་ཞིབ་དུ་ལྷགས་པའི་ནུབ་གླིང་བའི་ཡུལ་སྐོར་ཟིན་ཐོ་དང་ངག་སྒྲོས་སོགས་ནི་མཁར་འདིའི་བཟོ་བསྐྲུན་གྱི་ལོ་རྒྱུས་འཚོལ་ཞིབ་བྱེད་པའི་ཐབས་ལམ་ཉག་ཅིག་ཡིན། གླེ་ཆེན་དཔལ་མཁར་ལྟ་བུའི་མཁར་རྙིང་རྗེས་ཤུལ་ནི་ཧ་ཅང་དཀོན་པས། དེ་ཡི་ལོ་རྒྱུས་རིན་ཐང་སོགས་ལ་དཔྱད་འཇོག་བྱེད་རྒྱུ་ནི་ཤིན་ཏུ་གལ་ཆེ་བར་སྣང་། རྒྱུ་མཚན་ནི་རྗེས་ཤུལ་དེ་དག་གིས་དུས་རབས་དུ་མ་བརྒྱུད་དེ་དམིགས་བསལ་གྱི་ཁོར་ཡུག་དང་འཕྲོད་པར་གྱུར་བའི་མཐོ་སྒང་གི་རིག་གནས་ལ་ཞིབ་འཇུག་བྱེད་པར་མཐོང་སྣེ་གསར་བ་བསྐྲུན་པས། གལ་སྲིད་བཟོ་བསྐྲུན་རྗེས་ཤུལ་དེ་དག་གི་བྱེད་ལས་དང་ལོ་རྒྱུས་རིན་ཐང་སོགས་ལ་རྒྱུས་མངའ་ཕྲན་ཙམ་མེད་ཚེ། མདོ་དབུས་མཐོ་སྒང་དང་དེའི་ཉེ་འཁོར་གྱི་ས་མཐོའི་རིག་གནས་ལ་དེ་བས་ཀྱང་གསལ་ཆ་ཡོད་མི་སྲིད་ལ། ས་གནས་ཀྱི་རིག་གནས་དང་རི་ཁུལ་རིག་གནས་བར་གྱི་འབྲེལ་བ་དེའང་རྟོགས་པར་དཀའ་བར་སྙམ། དེར་བརྟེན་འདིར་གླེ་ཆེན་དཔལ་མཁར་ཕོ་བྲང་གི་ལོ་རྒྱུས་དང་བཟོ་བསྐྲུན་རྣམ་པའི་ཁྱད་ཆོས། ད་ལྟའི་གནས་བབ་སོགས་ལ་རྟོགས་ཞིབ་བགྱིས་ཏེ། དེ་ལ་མྱུར་དུ་ཉམས་བཟོ་དང་བསྐྱར་བཞེངས་དགོས་པའི་འབོད་སྐུལ་བགྱིས་ཡོད།
དང་པོ། ལ་དྭགས་ཀྱི་རྒྱལ་ས་གླེ་ཆེན་དཔལ་མཁར།
གླེ་གྲོང་ཁྱེར་ནི་ཕུ་ཆུའི་སྐྱིབས་སུ་ཆགས་ཤིང་། ཆུ་དེ་ནི་ཧིན་རྡུ་ཆུ་བོའི་ཆུ་ལག་ཅིག་ཡིན། (པར་རིས1)ས་ཁུལ་དེའི་ནམ་གཤིས་སྐམ་ཤོས་ཆེ་ཡང་། བདས་བསགས་ལས་གྲུབ་པའི་ས་རྒྱུ་བཟང་ཞིང་ཡུར་ཆུའི་ཆ་རྐྱེན་འཛོམས་པས། དེ་རུ་འདེབས་འཛུགས་ཀྱི་ཆ་རྐྱེན་ལེགས་པོ་གྲུབ་ཡོད། གླེ་གྲོང་ཁྱེར་ནི་ཨེ་ཤ་ཡ་དབུས་མ་དང་ཁ་ཆེ། (ཀསྨིར)རྒྱ་གར་བྱང་ཕྱོགས་བཅས་ཀྱི“དར་གོས་ཚོང་ལམ”དང་འབྲེལ་བའི་ཉོ་འཚོང་ལྟེ་གནས་ས་ཁུལ་ཅིག་ཏུ་ཆགས་ཤིང་། གླེ་གྲོང་ཁྱེར་གྱི་ལྕགས་རི་དེ་ཕོ་བྲང་གི་འདབས་སུ་བསྲིངས་ལ། གྲོང་ཁྱེར་གྱི་སྡོད་ཁང་མང་ཆེ་ཤོས་ནི་ཚོང་པ་དང་མུ་སི་ལིམ་གྱི་ཆོས་པ། ནང་པ་སངས་རྒྱས་པའི་ཆོས་དད་ཞིང་བ་སོགས་ཀྱི་སྡོད་ཁང་ཡིན། གླེ་ཕོ་བྲང་དང་གླེ་གྲོང་ཁྱེར་གཉིས་ནི་མུ་འབྲེལ་དུ་ཆགས་པས། གྲོང་ཁྱེར་གྱི་སྤྱིའི་རྣམ་པའི་བཟོ་བཀོད་ཁྱབ་སྟངས་དེའང་ཧ་ཅང་འོས་འཚམས་ཤིག་ཡིན། དུས་རབས་བཅུ་དགུ་བའི་དུས་སུ་གྲོང་ཁྱེར་དེ་རྒྱ་བསྐྱེད་འགོ་ཚུགས་ཤིང་ལྕགས་རིའི་ཕྱི་རོལ་དུ་ཚོང་འདུས་གྲུབ་འགོ་ཚུགས།
སྤྱི་ལོ1951ལོའི་བོད་ལྗོངས་ཞི་བའི་བཅིངས་འགྲོལ་དང་། སྤྱི་ལོ1962ལོའི་ཀྲུང་ཧིན་ས་མཚམས་ཀྱི་དམག་འཁྲུག་དོན་རྐྱེན་ལས། ལ་དྭགས་དང་བོད་ལྗོངས། ཞན་ཅིང་བཅས་ཀྱི་བར་ལ་ཆོས་ལུགས་དང་ཚོང་དོན་འབྲེལ་འདྲིས་ཀྱི་རྒྱུན་ཆད་པར་གྱུར་ལ། དེ་ནས་བཟུང་ལ་དྭགས་ཀྱི་གལ་ཆེའི་འགོག་སྲུང་གི་འཐབ་ཇུས་དེའང་མཐོ་རུ་བཏང་། ལོ་རྒྱུས་ཀྱི་དོན་རྐྱེན་དེ་དག་བརྒྱུད་དེ་ལ་དྭགས་ཀྱི་སྤྱི་ཚོགས་དང་ཚན་རྩལ་བཅོས་བསྒྱུར་གྱི་གོམ་འགྲོས་མགྱོགས་སུ་ཕྱིན་ལ། གླེ་ཆེན་དཔལ་མཁར་ནི་དམག་དོན་གྱི་རྟེན་གཞི་གཙོ་བོ་ཞིག་ཏུ་གྱུར། དུས་མཚུངས་སུ་སངྒེ་ཁ་འབབ་ཆུ་བོའིའབབ་ཡུལ་གྱི་གནས་འདི་རུ་གཞུང་ལམ་དང་གནམ་གྲུ་འབབ་ཐང་། བཟོ་བསྐྲུན་གསར་བ་མང་དུ་བྱུང་། གནས་དེར་དམག་དོན་གྱི་རྟེན་གཞི་བཙུགས་པ་ནས་བཟུང་ས་གནས་ཀྱི་མི་གྲངས་ཀྱིས་གྲོང་ཁྱེར་སྤྱིའི་མི་འབོར་གྱི་ཟིན་ཚད་དམའ་རུ་ཕྱིན་ལ། སྲོལ་རྒྱུན་གྱི་ཉོ་འཚོང་རྣམ་པའི་དཔལ་འབྱོར་སྒྲིག་གཞི་དེ་ཡང་རྨང་ནས་འགྱུར་བ་ཆེན་པོ་བྱུང་། སྔར་མེད་པའི་མགྱོགས་མྱུར་གྱི་འཕེལ་འགྲོས་ཁྲོད། སྤྱི་ཚོགས་ཀྱི་སྒྲིག་གཞི་གསར་བ་ཐོལ་གྱིས་བྱུང་ཞིང་། ཆུའི་ཐོན་ཁུངས་སོགས་ཐོན་ཁུངས་གསར་བ་དང་སྟབས་བདེའི་འཕྲིན་སྐྱེལ་གྱི་མ་ལག་སོགས་སྔོག་འདོན་བགྱིས།
སྤྱི་ལོ1974ལོའི་ཟླ་དགུ་པར་དུས་ཡུན་རིང་བོར་ཕྱི་ཕྱོགས་སུ་འབྲེལ་འདྲིས་ཉུང་བའི་ལ་དྭགས་ཡུལ་དུ་ཡུལ་སྐོར་ལས་རིགས་ཐོག་མར་སྤེལ་བ་དང་། ཡུལ་དེའི་དཔལ་འབྱོར་འཕེལ་རྒྱས་ཀྱི་དགོས་མཁོ་ཆེ་དྲག་པས། ལམ་སང་ཐོན་ལས་གསར་བ་དེ་དང་འཚམས་པའི་རྨང་གཞིའི་སྒྲིག་ཆས་མཁོ་སྒྲུབ་བྱེད་དཀའ་བར་གྱུར། གླེ་ཆེན་དཔལ་མཁར་ཕོ་བྲང་ནི་རིམ་བཞིན་ཀུན་གྱིས་དོ་སྣང་བྱེད་སའི་ཡུལ་སྐོར་ཁུལ་གྲགས་ཆེན་ཞིག་ཏུ་གྱུར་ལ། མགྲོན་ཁང་དང་ཟ་ཁང་། གནའ་རྫས་ཚོང་ཁང་སོགས་མང་དུ་འཕེལ་བ་དང་བསྟུན་ནས་སྲོལ་རྒྱུན་གྱི་རིག་དངོས་རྗེས་ཤུལ་མང་པོར་བདག་རྐྱེན་མེད་པར་གྱུར། དུས་མཚུངས་སུ་གླེ་ཆེན་དཔལ་མཁར་ཕོ་བྲང་ལྟ་བུའི་མཁར་རྙིང་རྗེས་ཤུལ་དག་གི་སྲུང་སྐྱོབ་དང་ཉམས་གསོའི་དགོས་གལ་རང་བཞིན་དེ་སྣང་མེད་དུ་གྱུར་ཞིང་། དེའི་ལོ་རྒྱུས་ཐོབ་ཐང་དང་རིག་དངོས་རིན་ཐང་སོགས་ལའང་མཐོང་ཆེན་མེད་པར་ལུས།
རྩོམ་འདིར་རྩོམ་པ་པོས་སྤྱི་ལོ1975ལོར། གླེ་ཆེན་དཔལ་མཁར་ཕོ་བྲང་གི་རྗེས་ཤུལ་ལ་རྟོགས་ཞིབ་དང་དཔྱད་གཞི་འབོར་ཆེན་འཚོལ་སྡུད་བྱས་པར་བརྟེན། མཁར་རྙིང་དེའི་བཟོ་བསྐྲུན་ལོ་རྒྱུས་ཇེ་གསལ་དུ་བཏང་ལ། འཛམ་གླིང་ཡུལ་གྲུ་སོ་སོའི་མི་རྣམས་ལ་ཁྱད་མཚར་བའི་ལོ་རྒྱུས་བཟོ་བསྐྲུན་འདིའི་ད་ལྟའི་ཉམས་ཉེས་ཀྱི་གནས་སྟངས་སོགས་ངོ་སྤྲོད་བྱས་ཡོད།
པར་རིས1 ལ་དྭགས་གླེ་གྲོང་ཁྱེར།
གཉིས་པ། ལ་དྭགས་ཕོ་བྲང་གི་ལོ་རྒྱུས།གླེནི་དང་པོ་ལ་དྭགས་རྒྱལ་པོ་གྲགས་པ་འབུམ་ལྡེ་ཡིས་སྤྱི་ལོ1400ནས་སྤྱི་ལོ1440ལོའི་བར། ལ་དྭགས་སྟོད་ཕྱོགས་ཀྱི་ཡུལ་ཁམས་འདི་ལ་མངའ་མཛད་དུས་ཀྱི་རྒྱལ་ས་ཡིན། ཕོ་བྲང་དེའི་གོང་རོལ་དུ་ཕོ་བྲང་རྣམ་རྒྱལ་རྩེ་མོ་ཡོད་ཅིང་། དེ་ནི་རྒྱལ་པོ་བཀྲ་ཤིས་རྣམ་རྒྱལ་གྱིས་བཞེངས་པ་ཡིན། རྒྱལ་པོ་དེ་ཡིས་སྤྱི་ལོ1500ནས་སྤྱི་ལོ1532ལོའི་བར་ཡུལ་འདི་དང་དེའི་ཉེ་འཁོར་གྱི་ཆུ་བྷི(Chubi)ས་ཆར་དབང་བསྒྱུར་ལ། དེ་བཞིན་གླེ་ཆེན་དཔལ་མཁར་ཕོ་བྲང་ནི་སྤྱི་ལོ1600ཡས་མས་སུ་ལ་དྭགས་རྒྱལ་པོ་སེངྒ་རྣམ་རྒྱལ(1570-1642)གྱིས་སྔར་ཡོད་ཀྱི་རྨང་གཞིའི་སྟེང་གསར་བཞེངས་མཛད།
ལོ་རྒྱུས་ངག་རྒྱུན་ལྟར་ན། གླེ་ཕོ་བྲང་གི་ས་དཔྱད་དེ་རྒྱལ་པོ་སེངྒ་རྣམ་རྒྱལ་གྱི་ཡབ་འཇམ་དབྱངས་རྣམ་རྒྱལ་གྱིས་མཛད་ཅིང་། ཞིབ་ཕྲའི་གནས་ཡུལ་གཏན་འཁེལ་ནི་རྒྱལ་པོ་རང་ནས་མཛད་དེ་གླང་བོ་ཆེའི་སྤྱི་གཙུག་ལྟ་བའི་བྲག་འཕྲེད་ཅིག་ཏུ་བཞེངས་པ་ཡིན། བྲག་རིའི་འདབས་སུ་གནའ་བོའི་སྦྱར་སྡོང་ཆེན་པོ་ཞིག་ཡོད་ལ། གླང་ཆེན་གྱི་མཆེ་བ་ལྟ་བའི་སྡོང་པོའི་ཡལ་ག་དག་དྲང་ཐད་དུ་སྐྱེས་ཤིང་། སྡོང་པོའི་འཁྲིས་སུ་གཙུག་ཏོར་ལྷ་མོའི་ལྷ་ཁང་ཅིག་ཀྱང་བཞེངས་ཡོད། རྒྱལ་པོ་སེངྒ་རྣམ་རྒྱལ་གྱིས་རྩིག་བཟོ་ལ་མཁས་པ་ཀུན་བསྡུས་ཏེ་གཟའ་སྐར་འབྱུང་འཕྲོད་དགེ་བའི་ཉིན་ལ་བཀྲ་ཤིས་པའི་རྟགས་རྟེན་འབྲེལ་དང་བཅས་རྩིག་རྨང་བཏིངས། རྒྱལ་པོའི་ནང་འཁོར་དང་བཀའ་བློན་བཞི། ལས་སྣེ་དྲུག་ཅུས་ལྟ་སྐུལ་གྱི་འགན་དང་ལེན་གྱིས་ཕོ་བྲང་གི་རྩིག་པའི་ཤར་ནུབ་རྒྱུ་ལམ་དང་། བཟོ་བསྐྲུན་སྤྱིའི་ཁྱབ་སྟངས་འཆར་འགོད་སོགས་ལ་དོ་དམ་གང་ལེགས་མཛད་དེ་ལོ་ངོ་གསུམ་གྱི་དུས་ཡུན་ནང་ཕོ་བྲང་ལེགས་པར་གྲུབ། རྒྱལ་པོས་རྩིག་དཔོན་དང་ལས་སྣེ་དོ་དམ་པ་ཀུན་ལ་གནང་སྦྱིན་ཡིད་ཚིམ་པ་གནང་ཞིང་། བཤད་སྲོལ་རེ་ལ་རྒྱལ་པོས་མི་དམངས་ཀུན་ལ་ཁྲལ་འགེལ་མཁར་ལས་བྱེད་དུ་བཅུག་པ་དང་། སླར་ཡུལ་གཞན་དུ་མཁར་འདི་ལྟ་བུ་བཟོ་བཀོད་ཁྱད་དུ་འཕགས་པ་ཞིག་བཟོ་བར་དོགས་ནས། མཁས་ལས་གྲུབ་རྗེས་མཁར་འདིའི་བཞེངས་བསྐྲུན་པ་དང་རྩིག་དཔོན་ཀུན་གྱི་ལག་པ་བཅད་པའི་ཟེར་སྒྲོག་ཀྱང་ཡོད་པས་དེ་ལ་དཔྱོད་པར་འཚལ།
ནུབ་གླིང་བས་ཐོག་དང་པོར་གླེ་ཆེན་དཔལ་མཁར་ལ་ཞིབ་འཇུག་བྱས་པ་ནི། སྤྱི་ལོ1820ནས་སྤྱི་ལོ1822ལོའི་བར། ལ་དྭགས་སུ་སླེབས་པའི་ཝེ་ལིམ་མོ་ཁོ་ཧྥི(William Moorcroft)དང་ཇེ་རོ་ཊི་ཐུ་པེ་ཁེ(George Trebeck)གཉིས་ཡིན། ཁོང་གཉིས་ཀྱིས་བརྩམས་པའི《ཧིན་རྡུ་སི་ཐན་གྱི་འགྲུལ་བཞུད》ཅེས་པའི་དེབ་ཀྱི་ཁྲོད་དུ། “གླེ་མཁར་གྱི་ཆེས་གལ་ཆེ་བའི་བཟོ་བསྐྲུན་ནི་ཐོག་བརྩེགས་དགུ་ཅན་གྱི་རྒྱལ་པོའི་ཕོ་བྲང་དེ་ཡིན་ལ། དེའི་མཐོ་ཚད་ལ་ཧྥེ་ཁྲི་ཉིས་བརྒྱ་ལྔ་བཅུཡོད་པ་དང་། གླེ་གྲོང་ཁྱེར་དང་མུ་འབྲེལ་དུ་ཆགས་པའི་བཟོ་བསྐྲུན་ཀུན་ལས་ཡིད་དབང་འཕྲོག་ཤོས་དེ་ཡིན། བཟོ་བསྐྲུན་དེ་ནི་སྤྱིར་བཏང་གི་བོད་ལུགས་བཟོ་བསྐྲུན་གཞན་དང་འདྲ་བར། གྱང་གི་རྩིག་པ་འོག་ནས་སྟེང་དུ་རིམ་བཞིན་བསྐུམས་ཏེ་འཆར་འགོད་བྱས་ཡོད། ཕོ་བྲང་མདུན་རོལ་གྱི་གྲོང་ཁྱེར་གྱི་སྡོད་ཁང་དག་ནི་རྒྱང་ནས་བལྟས་ཚེ་ཤོག་བྱང་གིས་བཟོས་པའི་ཁང་པ་མང་པོ་གྲལ་དུ་བསྒྲིགས་པ་དང་མཚུངས།……”ཞེས་འཁོད་ཡོད།
སྤྱི་ལོ1834ལོའི་ཌོག་རའི་དམག་འཁྲུག་གི་སྐབས་སུ་ཟོ་ར་ཝར་སིང་གི་དམག་གིས་ལ་དྭགས་རྒྱལ་པོའི་དབང་ཆ་འཕྲོག་ཅིང་། གླེ་ཆེན་དཔལ་མཁར་བཟུང་ནས་བཀའ་བློན་ཀུན་གྱི་གཟིམ་ཁང་བཤིག་ལ། སྐུ་མཁར་ནུབ་བྱང་གི་མཆོད་རྟེན་འགའ་ཡང་རྨེག་མེད་དུ་བཏང་། རྒྱལ་བློན་ཀུན་གླེ་མཁར་ནས་བཏོན་ཏེ་གླེ་མཁར་ནུབ་ངོས་དང་སེངྒེ་ཁ་འབབ་ཆུ་བོའི་གཡོན་ངོགས་སུ་ཆགས་པའི་ཏོག་མཁར་དུ་བཞུགས། དེ་ནས་བཟུང་གླེ་ཆེན་དཔལ་མཁར་དེ་སླར་ཡང་རྒྱལ་པོའི་སྐུ་མཁར་དུ་མ་བྱས་ཤིང་། མཁར་དེའི་དགྲ་དམག་འགོག་སྲུང་གི་ནུས་པའང་ཉམས་པར་གྱུར།
ཨེ་ལག་སན་ཌར་ཁ་ནེ་ཧེན(Alexander Cunningham)གྱིས《ལ་དྭགས》ཞེས་པའི་བརྩམས་ཆོས་ཁྲོད་དུ། སྤྱི་ལོ1846ལོའི་མཁར་འདིའི་གནས་བབ་ཞིབ་འབྲི་བྱས་ཡོད་དེ། “གླེ་ཆེན་དཔལ་མཁར་ནི་ཧ་ཅང་མཐོ་ཞིང་བརྗིད་པ་གྲོང་ཁྱེར་གྱི་ཡང་སྟེང་དུ་འགྱིང་སྟབས་སུ་འགྲེང་པའི་མཁར་ཧ་ཅང་ཡིད་དུ་འོང་པ་ཞིག་ཡིན་ལ། མཁར་གྱི་མཐོ་ཚད་ལ་ཧྥེ་ཁྲི་ཉིས་བརྒྱ་ལྔ་བཅུ་དང་ཐོག་བརྩེགས་བདུན་དུ་གྲུབ། མཁར་གྱང་གི་གསེག་ཚད་ཧ་ཅང་ཆེ་སྟེ། འོག་ཏུ་རྩིག་ཞེང་ཆེ་ལ་དེ་ནས་རིམ་བཞིན་སྟེང་དུ་རྩིག་ཞེང་ཆུང་དུ་བཏང་སྟེ་བརྩིགས་ཡོད། དེ་ནི་རྩིག་པ་བརྟན་པོ་དང་བཀོད་པ་མཛེས་པོ་ཡོང་བའི་ཐབས་ཟབ་མོ་ཞིག་ཡིན། སྐུ་མཁར་གྱི་ཐོག་ཁང་རབ་གསལ་ལྷོ་རུ་བསྟད་ཅིང་སྒོ་དང་དཀར་ཁུང་མང་དུ་བཏོད་ཡོད། སྐུ་མཁར་གྱི་ཁང་པའི་ཀ་གཞུ་དང་གདུང་མ་ཀུན་ལ་གཟི་གདོང་དང་ནོར་བུ། པད་མ། པ་ཏྲ་སོགས་མཛེས་ཤིང་ཡིད་དུ་འོང་བ་དུ་མ་བརྐོས་ནས་ཚོན་རྩིས་མཛེས་པར་བྱས་པ་མ་ཟད། རྩིག་པ་ཀུན་ལ་གཤམ་རིས། ནོར་བུའི་ཕྲེང་བ། དར་དཔྱངས་སྐེད་རིས་སོགས་དང་བཀྲ་ཤིས་རྟགས་བརྒྱད། རྒྱལ་སྲིད་སྣ་བདུན་དང་བཀྲ་ཤིས་རྫས་བརྒྱད་སོགས་བཀྲ་ཤིས་རྟགས་མཚན་གྱི་རི་མོ་ཚོན་རྩིས་བྲིས་ཡོད། དེར་བརྟེན་སྐུ་མཁར་འདིའི་སྤྱིའི་བཟོ་བཀོད་ནི་བརྟན་ཞིང་བབ་ཆགས་པས། དེའི་བཟོ་བསྐྲུན་གྱི་ཆ་ཚད་དང་བསྡུར་ཚད་སོགས་ལས་མཛེས་ཉམས་ལྷག་ཏུ་ཐོན་ཡོད།”ཞེས་གསུངས།
1 | བཀྲ་ཤིས་རྣམ་རྒྱལ་གྱི་ཕོ་བྲང་།(རྣམ་རྒྱལ་རྩེ་མོ) |
2 | ཞིང་སྐྱོང་ལྷ་ཁང་། |
3 | བྱམས་ཁང་། |
4 | ཞིག་རལ་དུ་གྱུར་བའི་སོ་ལྟ་ཁང་། |
5 | གླེ་ཆེན་དཔལ་མཁར་ཕོ་བྲང་། |
6 | མཆོད་རྟེན། |
7 | གུ་རུ་པད་མ་སམ་བྷ་ཝའི་ལྷ་ཁང་། |
8 | རྒྱལ་པོའི་རྟ་ར། |
9 | དགོན་པ་སོ་མ། |
10 | བྱམས་ཁང་སོ་མ། |
11 | སྤྱན་རས་གཟིགས་ཀྱི་ལྷ་ཁང་། |
པར་རིས2 གླེ་ཆེན་དཔལ་མཁར་དང་བཟོ་བསྐྲུན་གཞན་དག་གི་གནས་ཡུལ།
པར་རིས3 ཐོག་བརྩེགས་ངོས་མཉམ་རི་མོ། 3、4、5
པར་རིས4 ཐོག་བརྩེགས་དགུ་རུ་སྣང་བའི་གླེ་ཆེན་དཔལ་མཁར་ཕོ་བྲང་། ཏེ་ནེ་ལིན(Dainelli)གྱིས་སྤྱི་ལོ1930ལོར་པར་བླངས།
“འདས་པའི་དུས་སུ་གླེ་ཕོ་བྲང་དུ་རྒྱལ་བློན་གྱི་བྱེད་སྒོ་དང་ཆོས་ལུགས་ཆོ་གའི་བྱེད་སྒོ་དག་མཉམ་འདྲེས་སུ་སྤེལ་ལ། རྒྱལ་པོས་རྒྱལ་ཁྲིམས་ཆོས་བཞིན་བསྐྱངས་ཤིང་སྐུ་གསུང་ཐུགས་རྟེན་མང་དུ་བཞེངས་པས་ཆོས་ལུགས་ཀྱང་འཕེལ་རྒྱས་ཆེན་པོ་བྱུང་། འོན་ཀྱང་སྤྱི་ལོ1834ལོའི་ཊོག་རའི་དམག་འཁྲུག་གིས་ལ་དྭགས་ཀྱི་ཆོས་སྲིད་ཟུང་འབྲེལ་གྱི་སྤྱི་ཚོགས་ལམ་ལུགས་དེ་རྨང་ནས་གཏོར་ཞིང་། ཕོ་བྲང་དང་སྐུ་མཁར་དག་གི་གཟི་མདངས་ཉམས་ཆག་ཏུ་བཏང་ལ། “མདོས་མོ་ཆེ”ཞེས་པའི་ལོ་གསར་གྱི་བྱེད་སྒོ་དེ་མ་གཏོགས་ཕོ་བྲང་གི་བྱེད་སྒོ་གཞན་རྣམས་ཧ་ལམ་ཉམས་པར་གྱུར།”ཞེས་ཧེ་ལིན་པོ་པེ་ཧོ་ཌིཡིས་གླེ་ཕོ་བྲང་གི་བྱེད་སྒོའི་སྐོར་ནས་དེ་ལྟར་གསུངས། (བཅར་འདྲི་བརྒྱུད་ནས་གསུངས་པ)“སྔོན་ཀྱི་དུས་སུ་ལོ་རེའི་བོད་ཟླ12པའི་ཚེས28ཉིན། བྲག་ཐོག་དགོན་པའི་བླ་མ་མཁན་པོ་དག་གིས་གླེ་ཕོ་བྲང་དུ་གླུད་གཏོང་གི་ཆོ་ག་སྤེལ་བ་དང་། གླེའི་ཉེ་འཁོར་གྱི་དགོན་སྡེ་སོ་སོའི་དགེ་སློང་དག་ཀྱང་གནས་འདིར་ལྷགས་ཏེ་ཆོ་གའི་བྱེད་སྒོར་ཞུགས་པ་ཡིན། ཆོ་ག་དེ་ལ“མདོས་མོ་ཆེན་མོ”ཞེས་ཟེར། ཕྱི་དབང(Faing/Phyang)དགོན་པ་དང་མང་སྤྲོ(Mato)དགོན་པའི་དགེ་སློང་དག་གིས་ལོ་འཁོར་རེར་རེས་མོས་གྱིས་དགོན་པ་སོ་མའི(ཇོ་ཁང་ཡང་ཟེར)སྐུ་རིམ་མཛད་པ་ཡིན་ལ། དུས་དེ་དང་བསྟུན་ནས་གླེ་གྲོང་ཁྱེར་དུ་ས་ཐག་རིང་པོ་ནས་འོང་པའི་ཚོང་པ་དག་གིས་ཚྭ་དང་ཁམ་བུ། ཤིང་འབྲས། ལུག་བལ། མར་དང་སྒོ་ཕྱུགས་སོགས་ཀྱི་ཉོ་ཚོང་བྱེད་པས་རྒྱུན་པར་སྐབས་ཐོག་ཚོང་འདུས་ཀྱི་རྣམ་པ་གྲུབ་པ་རེད། མདོས་མོ་ཆེན་མོའི་སྐབས་སུ་སྐུ་དྲག་དག་རྒྱུན་པར་ཕོ་བྲང་དུ་རྒྱལ་པོར་མཇལ་འཕྲད་ཞུ་རུ་འོང་ལ། རྒྱལ་པོས་ཕོ་བྲང་གི་ཚོམས་ཆེན་དུ་རྒྱལ་བློན་དྲག་ཞན་ཀུན་གཞུང་གྲལ་ལ་འཁོད་དེ། གསོལ་སྟོན་གཟབ་རྒྱས་བཤམས་ནས་བཟའ་བཏུང་གྱ་ནོམ་པོར་ལོངས་སྤྱོད་བཞིན་དྲག་ཤོས་མའི་གར་རྩེད་ལ་གཟིགས་པ་ཡིན། ཕོ་བྲང་གི་དུས་སྟོན་སྐབས་སུ་གར་རྩེད་མཁན་དག་ལ“དྲག་ཤོས་མ”ཞེས་འབོད་ཅིང་གླུ་དང་རོལ་མོ་ལ་ཤིན་ཏུ་མཁས། གར་དང་གླུ་ལ་རམ་འདེགས་བྱེད་མཁན་གྱི་རོལ་མོ་བ་ཀུན་ལ“མཁར་མོན”ཞེས་ཀྱང་ཟེར། རྒྱལ་བློན་ཀུན་གྱིས་དུས་སྟོན་གྱི་བཟའ་བཏུང་ལ་རོལ་རྗེས། རྒྱལ་པོས་ལུས་ལ་གོ་མཚོན་ཐོགས་ཤིང་དཔའ་ཆས་སྤྲོས་ཏེ་སྲུང་དམག་ཆིབས་སྦྲགས་དང་བཅས་གླེའི་ཚོང་འདུས་སུ་གཟིགས་ཞིབ་དུ་ཕེབས་སྲོལ་ཡོད། གླེའི་ཚོང་འདུས་སུ་མདོས་མོ་ཆེན་མོ་དང་བསྟུན་ནས་ཕོ་བྲང་དང་དགོན་སྡེའི་སྲུང་མ་དག་ལ་མཆོད་པའི་རྟ་རྒྱུག་གི་བྱེད་སྒོ་སྤེལ་བ་སྟེ། དགོན་པ་སོ་སོའི་སྲུང་མའི་སྐུ་ཚབ་རྟ་རྒྱུག་འགྲན་ཞུགས་པ་དག་གིས་ཆས་དམིགས་བསལ་བ་རེ་གསོལ་ནས་འགྲན་བསྡུར་ལ་ཞུགས་པ་ཡིན། བྱེད་སྒོའི་ཆེས་མཇུག་མཐའི་འགྲན་ཞུགས་མཁན་ནི“འཆམ་འཇུག་པ”སྟེ། ཧེ་མི(Hemis)དགོན་པའི་ཆོས་སྐྱོང་གི་སྐུ་ཚབ་ཡིན། སྲུང་མའི་རྟ་རྒྱུག་གི་ཆོ་ག་དེ་ནི་སྤྱི་ལོ1947ལོའི་བར་དུ་རྒྱུན་བསྲིངས་ཤིང་། གླེ་ཕོ་བྲང་གི་དགོན་པ་སོ་མ་རུ་ད་དུང་ཆོ་ག་དེ་སྔར་སྲོལ་བཞིན་སྤེལ་མོས་ཡོད།”ཞེས་གསུངས།
དེང་སྐབས་གླེ་ཕོ་བྲང་ནི་མདོས་མོ་ཆེན་མོའི་ཆོ་ག་སྤེལ་ས་ཁོ་ནར་གྱུར་ཅིང་། ལོ་རེའི་ཧོར་ཟླ་གཉིས་པའི་ཚེས་ཉེར་བརྒྱད་ནས་ཉེར་དགུའི(བོད་ཟླ་དང་པོ་ནས་གཉིས་པ)བར་ལ། དགོན་ཁག་སོ་སོ་ནས་ཕེབས་པའི་དགེ་སློང་དག་གིས་སྔར་སྲོལ་ལྟར་ཆོ་ག་སྤེལ་བ་ཡིན། བྱེད་སྒོ་འདི་ནི་ལ་དྭགས་ཡུལ་དུ་སྤྱི་ཚོགས་དང་ཆོས་ལུགས་ཀྱི་བྱེད་སྒོ་གལ་ཆེན་ཞིག་ཡིན་པས་སྔར་བཞིན་མི་དྲག་དང་མི་དམངས་ཡོངས་ཐུན་མོང་གིས་ཞུགས་སྲོལ་ཡོད།
གསུམ་པ། གླེ་ཕོ་བྲང་དང་དེའི་འཁོར་ཡུག
གླེ་ཕོ་བྲང་ནི་ཕོ་བྲང་རྣམ་རྒྱལ་རྩེ་མོའི་འདབས་སུ་ཆགས་ཤིང་གཙུག་ཏོར་ལྷ་ལྕང་གི་རི་རྒྱུད་སྟེང་གི་བཟོ་བསྐྲུན་དམིགས་བསལ་ཅན་ཞིག་ཡིན། རི་རྒྱུད་དེ་ནི་སྤྱི་ལེ་དུ་མའི་བར་དུ་བསྲིངས་བས་དེ་རུ་སྔོན་གྱི་བཟོ་བསྐྲུན་རྙིང་བ་དང་མཁར་ཤུལ་མང་པོ་བསྟུད་མར་ཆགས་ཡོད།(པར་རིས2)གཙུག་ཏོར་ལྷ་ལྕང་གི་རི་རྒྱུད་སྟེང་གི་བཟོ་བསྐྲུན་དག་ནི། སྤྱི་ལོ1520ལོར་རྒྱལ་པོ་བཀྲ་ཤིས་རྣམ་རྒྱལ་གྱིས་བཞེངས་པའི་རྣམ་རྒྱལ་རྩེ་མོ་ཕོ་བྲང(1)དང་ཞིང་སྐྱོང་མགོན་ཁང་།(2) བྱམས་ཁང་དམར་པོ(3)སྟེ། སྟེང་ཁང་དུ་མ་ཧ་ག་ལ་ཕྱག་དྲུག་པའི་སྐུ་བརྙན་བཞུགས་ཤིང་། འོག་ཁང་དུ་རྒྱལ་བ་བྱམས་པའི་སྐུ་བརྙན་དང་ཞིག་རལ་དུ་གྱུར་བའི་སོ་ལྟའི་ཐོག་ཁང་སོགས(4)ཡོད། དེར་མཐུད་རྒྱལ་པོ་སེངྒ་རྣམ་རྒྱལ་གྱིས་བཞེངས་པའི་གླེ་ཆེན་དཔལ་མཁར་ཕོ་བྲང(5)དང་། གླེ་ཕོ་བྲང་གི་ལྷོ་ངོས་སུ་ཡོད་པའི་ད་ལྟ་ཞིག་རལ་གྱུར་བའི་མཆོད་རྟེན(6)ཡོད། ཕོ་བྲང་དང་ཉེ་བའི་མཆོད་རྟེན་གྱི་འདབས་སུ་གུ་རུ་པད་མ་སམ་བྷ་ཝའི་ལྷ་ཁང་དང(7)རྒྱལ་པོའི་རྟ་ར(8)མཆིས། རྒྱལ་པོའི་རྟ་རའི་སྟེང་ཕྱོགས་སུ་སྟོན་པའི་སྐུ་བརྙན་བཞུགས་ཤིང་ཐོག་བརྩེགས་གཉིས་སུ་སྣང་བའི་དགོན་པ་སོ་མའམ་ཇོ་ཁང(9)བཞེངས་ཡོད། དེ་ཡི་མདུན་ཐད་དུ་ར་བ་ཆེན་པོ་ཞིག་ཀྱང་ཡོད། ཇོ་ཁང་གི་ཤར་ལྷོའི་མཚམས་སུ་ལྷ་ཁང་ཆེན་པོ་གཉིས་ཡོད་དེ། གཅིག་ནི་རྒྱལ་བ་བྱམས་པའི་ལྷ་ཁང་སོ་མ(10)ཡིན་ལ། ཅིག་ཤོས་ནི་སྤྱན་རས་གཟིགས་ཀྱི་ལྷ་ཁང(11)ཡིན། བྱམས་ཁང་སོ་མ་ནི་སྤྱི་ལོ་དུས་རབས་བཅོ་ལྔ་བའི་དུས་སུ་བཞེངས་པར་གྲགས།
གླེ་ཕོ་བྲང་གི་རྒྱབ་ལོགས་སུ“ཕུ་ཆུའི་བཟོ་བསྐྲུན”ཞེས་བཟོ་བསྐྲུན་རྙིང་པ་སྐོར་ཞིག་ཡོད་ལ། དེ་ནི་སྔོན་ཕོ་བྲང་དུ་བཏུང་ཆུ་མཁོ་འདོན་བྱེད་སའི་ཁྲོན་པ་དང་ཆུ་མཛོད་ཡིན། ཕོ་བྲང་གི་འདབས་སུ་དེ་སྔར་ཕོ་བྲང་གི་ལྕགས་རིའི་འཛུགས་སྐྲུན་དུ་གཏོགས་པའི་སྲོལ་རྒྱུན་བཟོ་བསྐྲུན་དུ་མ་མཆིས་མོད། འོན་ཀྱང་དེང་སྐབས་གླེ་གྲོང་ཁྱེར་གྱི་རྣམ་པ་དེ་སྔར་ལས་གཞི་རྒྱ་ཆེ་རུ་ཕྱིན་པས། གྲོང་ཁྱེར་རྙིང་པའི་ལྕགས་རི་ལས་བརྒལ་ཏེ་ཡུལ་མིའི་ས་ཞིང་མང་པོའང་བཟོ་བསྐྲུན་གྱི་འོག་ཏུ་ཚུད་ཡོད།
བཞི་བ། གླེ་ཕོ་བྲང་། བོད་ལུགས་བཟོ་བསྐྲུན་གྱི་མ་དཔེ་འགངས་ཆེན།
གླེ་ཕོ་བྲང་ནི་ལ་དྭགས་ཀྱི་སྲོལ་རྒྱུན་བཟོ་བསྐྲུན་ཀུན་ལས་བཟོ་རྩལ་ཆེས་མཐོ་ཤོས་དང་ཆེས་ལེགས་ཤོས་དེ་ཡིན་ལ། བཟོ་སྐྲུན་སྤྱིའི་བཀོད་པ་དང་སྒྲོམ་གཞི། རྒྱུ་ཆ་དང་རྒྱན་བཀོད་སོགས་གང་ལ་གཞིགས་ཀྱང་བོད་ལུགས་བཟོ་སྐྲུན་གྱི་ཕུལ་བྱུང་མ་དཔེ་གལ་ཆེན་ཞིག་ཡིན། བཟོ་བསྐྲུན་སྤྱི་ལ་མཚོན་ན་བཟོ་བཀོད་ཀྱི་བསྡུར་ཚད་ནི་ཧ་ཅང་ཞིབ་ཚགས་པ་མ་ཟད། གཞན་ད་དུང་མངོན་གསལ་དོད་པའི་ཁྱད་ཆོས་ཤིག་ཡོད་པ་ནི་རྩིག་པའི་མཐོ་དམའ་མི་སྙོམས་པའི་བཟོ་བཀོད་རྣམ་པའི་ཁྱད་ཆོས་དེ་རེད།
བོད་ཀྱི་སྲོལ་རྒྱུན་བཟོ་རྩལ་ལྟར་ན། ལྷ་ཁང་སོགས་དགུ་ཐོག་ཏུ་བཞེངས་བ་ནི་དམིགས་བསལ་གྱི་རིག་གནས་ཁྱད་རྟགས་ཤིག་སྟེ།(པར་རིས3-4)ཨེ་ཤ་ཡའི་རིག་གནས་ཁྲོད་གྲངས་ཀ་དགུ་ཡིས་བཀྲ་ཤིས་པའི་དོན་མཚོན་པ་དང་། ནང་པ་སངས་རྒྱས་པའི་ཆོས་དད་པ་ཞིག་ལ་མཚོན་ན། གྲངས་ཀ་དགུ་ནི་གནམ་རིམ་པ་དགུ་བརྩེགས་སྟེ་ལྷའི་ཡུལ་མཚོན་བྱེད་ཡིན། རྒྱ་གར་གྱི་རིག་གནས་ཁྲོད་དུ་རིའི་རྒྱལ་པོ་རི་རབ་ཡང་གནམ་རིམ་པ་དགུ་བརྩེགས་སུ་ཡོད་པས། དེར་བརྟེན་ལྷ་ཁང་དང་ཕོ་བྲང་མང་ཆེ་ཤོས་ནི་དགུ་ཐོག་ཏུ་བཞེངས་པ་མ་ཟད། ཆེས་མངོན་མཚན་ཅན་གྱི་བཟོ་བསྐྲུན་མ་དཔེ་སྟེ། ལྷ་སའི་ཕོ་བྲང་པོ་ཏ་ལ་ཡང་ཐོག་བརྩེགས་དགུ་རུ་བཞེངས་ཡོད། གླེ་ཕོ་བྲང་ལ་མཚོན་ན། ཕོ་བྲང་གཙོ་བོའི་སྟེང་དུ་སླར་ཡང་ཐོག་བརྩེགས་གཉིས་བསྣན་ཏེ་ཕོ་བྲང་གི་ཚོགས་ར་རྒྱ་བསྐྱེད་ཡོད་པ་དང་།(པར་རིས5)ཕོ་བྲང་ལྷོ་ཡི་བཟོ་བསྐྲུན་སྤྱིའི་མཐོ་ཚད་ལ་རྨི58ཡོད། སྲོལ་རྒྱུན་ལྟར་ན། ཕོ་བྲང་གི་ཡང་ཐོག་ཏུ་རྒྱལ་པོའི་བཞུགས་ཤག་དང་ཚོགས་ཁང་། རྒྱལ་མོའི་གཟིམ་ཆུང་། གཟིགས་མོ་གཟིགས་སའི་རབ་གསལ་ཤིང་གི་རྒྱ་དྲ་ཅན། དགེ་འདུན་ཚོགས་སའི་འདུ་ཁང་། བླ་སྤྲུལ་དང་སྐུ་མགྲོན་ཆེ་གྲོས་ཀྱི་གཟིམ་ཤག མཆོད་ཁང་གཉིས་བཅས་ཡོད། གཞན་འོག་ཐོག་ཁག་ཏུ་ལས་མི་དང་གསོལ་དཔོན། སྐུ་སྲུང་དང་ཞབས་ཕྱི་ཀུན་གྱི་ལས་ཤག་ཡོད། ཤར་ངོས་སུ་སེངྒེ་སྒོ་མོ་ཆེ་ཡོད་ཅིང་། སྒོ་ལྟག་ཏུ་ཤིང་གི་སེངྒེ་ཐག་པ་ནང་ནས་ཐེན་ན་ནང་དུ་རྒྱབ་ལོག་ལ་འཛུལ་འགྲོ་བ་དང་། ཐག་པ་ལྷོད་ན་ངར་སྐད་དང་བཅས་ཕྱིར་ཐོན་པ་ཞིག་བཟོས་ཡོད་ཅིང་། “སེངྒེ་སྒོ་མོ”ཞེས་གྲགས་ཆེ་ལ་སྒོ་མོ་དེ་ཡི་སྒོ་ཞོལ་ཀ་བ་བཞིས་བཏེགས་ཡོད། ཕོ་བྲང་གི་རྒྱབ་ལོག་ཏུ་ཆུ་ལེན་སའི་གསང་ལམ་དང་། མཁར་གྱི་མདུན་ངོས་འོག་གཤམ་དུ་ཆིབས་ར་ཡོད། ཐོག་བརྩེགས་བཞི་བ་ལ“ཁང་ཐོག་ཆེན་མོ”ཟེར་ཞིང་། དེ་ནི་ལྷོ་རུ་བསྐྱངས་པའི་ཚོམས་ཆེན་ཞིག་སྟེ། ཞེང་ཚད་ལ་རྨི40ཡོད་པ་དང་རྒྱལ་པོའི་ཕོ་བྲང་གི་ཆབ་སྲིད་དང་རིག་གནས་ཀྱི་མཛད་སྒོ་བསྡུ་ས་ཡིན།
གླེ་ཕོ་བྲང་གི་རྩིག་རྨང་དེ་འཛེང་རྡོས་གྲུབ་པའི་སྲ་མཁྲེགས་ཀྱི་བྲག་རིའི་སྟེང་བཏིངས་ཤིང་།(པར་རིས5-8)སྲོལ་རྒྱུན་གྱི་མཁར་ལས་རྩིག་སྟངས་ཀྱི་བཟོ་རྩལ་མང་པོས་རྩལ་དུ་བཏོན་ཡོད། མཁར་རྨང་གི་རྩིག་པ་དང་ཕན་ཚུན་སྦྲེལ་ཏེ་བརྩིགས་པའི་རྩིག་པས་མཁར་གྱི་ཕྱིའི་ལྷོ་འདབ་དང་ནང་ངོས་ཀྱི་སྒལ་རིས་རྩིག་པ་ལ་ལྗིད་འདེགས་རོགས་རམ་གྱི་བྱེད་ནུས་ཐོན་ཞིང་། བཟོ་བསྐྲུན་ཁང་མིག་རེའི་རྩིག་པའི་མཐོ་དམའ་མི་སྙོམས་པའི་ངོས་སུ་ཆེས་རིང་ན་རྨི1.7ཙམ་གྱི་ཧེ་བག་ཡོད་ལ། དེ་ནས་རིམ་བཞིན་ཆེས་ཐུང་ན་རྨི0.5ཙམ་གྱི་ཧེ་བག་གྲུབ་ཅིང་། མཁར་གྱི་རྩིག་རྨང་དེ་བྲག་རིའི་སྟེང་བཏིངས་པས་བྲག་རིའི་རྣམ་པ་དང་བསྟུན་ནས་བརྩིགས་ཡོད། མཁར་གྱི་སྟེང་ཕྱོགས་ནི་མེ་རུ་བསྲེགས་པའི་ས་གནས་ཀྱི་སོ་ཕག་གིས་བརྩིགས་ལ། བཟོ་རྩལ་དེ་ནི་ཁྱད་དུ་འཕགས་པའི་ལ་དྭགས་ཀྱི་སྲོལ་རྒྱུན་ལག་ཤེས་གལ་ཆེན་ཞིག་ཡིན། ཕོ་བྲང་གི་པང་གཅལ་ནི་རྩིག་པ་དང་མཉམ་པོར་འཕྲེད་དུ་བསྟར་བའམ། ཡང་ན་ཁང་པ་ཆེ་བའི་ནང་དུ་ཀ་བ་དང་གདུང་མ་མང་ཤོས་ཀྱི་ཁ་ལྷོ་རུ་བསྟད་པས། དེའི་རྣམ་པར་བསྟུན་ནས་བཏིངས་ཡོད། གདུང་ལྕམ་གྱི་སྟེང་ཀླད་འགེབ་བྱེད་དུ་སྡོང་པོའི་ཡལ་ག་དང་ལྕུག་ཕྲན་མང་པོ་བསྟར་དུ་བརྒྱུས་ཤིང་། དེའི་སྟེང་དུ་ས་རིམ་པ་ངེས་ཅན་ཞིག་བརྡལ་ནས་ཆག་ཆག་བཏབས་ཡོད།
པར་རིས5 ཕོ་བྲང་གི་ལྷོ་ངོས་ཐོག་བརྩེགས་གཉིས་སུ་སྣང་བ། J. Sandayཡིས་པར་བླངས།
ཁང་བཟོའི་གལ་ཆེན་རང་བཞིན་ནི་རྒྱུན་པར་ཁང་པའི་གཞི་རྒྱ་ཆེ་ཆུང་གིས་མཚོན་པ་དང་། ཀ་བའི་མང་ཉུང་གི་ཚད་དང་དཀར་ཁུང་གི་ཆེ་ཆུང་། ཡང་ན་བརྐོས་རིས་དང་རྒྱན་རིས་སོགས་ཀྱང་དེ་ཡི་རྨང་གཞིའི་ཆ་རྐྱེན་ལྟ་བུ་ཡིན། སྤྱིར་བཏང་གི་ཚོམས་ཁང་ནི་ཀ་བ་བཅུ་དྲུག་གིས་འདེགས་ཤིང་། གླེ་གྲོང་ཁྱེར་དུ་མ་བཅོས་རྒྱུ་ཆ་དཀོན་པས། འཛེང་རྡོ་སོགས་རྡོ་རིགས་ཀྱི་རྒྱུ་ཆ་དང་སྤེན་མ་སོགས་ཤིང་གི་རིགས་རྣམས་ནི་ཕྱི་དབང་ནས་ནང་འདྲེན་བྱེད་དགོས་པ་ཡིན། ལ་དྭགས་ཀྱི་མི་རྣམས་ཀྱིས་མ་བཅོས་རྒྱུ་ཆ་ལ་གྲོན་ཆུང་བྱེད་སླད། ས་གནས་ཀྱི་ས་དམར་སོ་ཕག་དེ་བཟོ་བསྐྲུན་གྱི་རྒྱུ་ཆ་གཙོ་བོར་བྱེད་ལ། བཟོ་བསྐྲུན་མང་ཆེ་ཤོས་ཀྱི་ཁྲོད་དུ་མིས་ལས་སྣོན་ལས་གྲུབ་པའི་སྣ་འདུས་ཀྱི་བཟོ་བསྐྲུན་རྒྱུ་ཆ་དག་བེད་སྤྱོད་མི་བྱེད་པ་ཡིན། ལ་དྭགས་ཡུལ་དུ་ཁང་པའི་དཀར་ཁུང་གི་སྒོར་དབྱིབས་རྒྱན་རིས་དག་གིས་ཉི་འོད་མཚོན་པ་དང་། དཀར་ཁུང་གོང་རོལ་དུ་སྤེན་མའི་ལྕིག་ཕྲན་མང་པོ་བྲེས་གཏུབ་རན་པར་བྱས་རྗེས་ཁྲིགས་ཆགས་སུ་བསྡེབས་ནས་འཇོག་སྲོལ་ཡོད། དཀར་ཁུང་ཕྱི་རོལ་དུ་ཞིབ་ཚགས་ཀྱི་བརྐོས་རིས་དང་རྒྱན་བཀོད་རྣམ་པས་ལེགས་བཅོས་བྱས་ཡོད། མཁར་གྱི་བཟོ་བསྐྲུན་གྱི་ཁ་རྒྱུན་པར་ལྷོ་རུ་བསྟད་པས་ཉི་འོད་ཤིན་ཏུ་ལེགས། (པར་རིས5)ནམ་ཟླ་སྐམ་ཤོས་ཆེ་བའི་ལ་དྭགས་ཀྱི་ཡུལ་འདིར་ཁང་ཀླད་ནི་སྙོམས་པོར་བྱེད་པ་སྟེ། དེ་ནི་ཆར་ཆུ་ཧ་ཅང་ཉུང་བའི་རྐྱེན་གྱིས་ཡིན། ཁང་ཀླད་དག་ནི་བདེ་ཞིང་སྙོམས་པས་དེ་རུ་ཁྱིམ་ཚང་གི་བྱ་འགུལ་སྣ་ཚོགས་སྤེལ་ཆོག་ལ། ཁང་ཀླད་ཀྱི་ངོས་སྙོམས་པའི་རྣམ་པ་དང་ཁང་པའི་ནང་གི་པང་གཅལ་གྱི་ངོས་སྙོམས་པའི་རྣམ་པ་གཉིས་ཅུང་འདྲ་ཡང་། སྔ་མ་དེ་ནི་ས་མཐུག་པོ་བརྡལ་ནས་གྲུབ་པ་དང་ཕྱི་མ་དེ་ནི་ཤིང་ལེབ་བསྒྲིགས་ནས་གྲུབ་པ་ཡིན། ལ་དྭགས་ཀྱི་ཁང་ཀླད་ཀྱི་མཐའ་བཞི་ནི་རབ་གསལ་ཐུང་ངུར་བྱས་པས་དེ་ཡིས་ཆར་རླུང་འགོག་པའི་ནུས་པ་ཐོན་པ་མ་ཟད། རྟིང་ཕྱོགས་ཀྱི་བཟོ་བསྐྲུན་དག་ལ་སྲུང་སྐྱོབ་ཀྱི་བྱེད་ནུས་ཀྱང་ཐོན་གྱིན་ཡོད། དེར་བརྟེན་ལ་དྭགས་ཡུལ་གྱི་བཟོ་བསྐྲུན་གྱི་ཁྱད་ཆོས་ལ་རྒྱུས་ལོན་གསལ་བོ་བྱེད་ཚེ། ངེས་པར་དུ་ཡུལ་དེའི་མི་རྣམས་ཀྱིས་ས་གནས་ཀྱི་མ་བཅོས་རྒྱུ་ཆ་དག་ཇི་ལྟར་བཟོ་བསྐྲུན་ཐད་ལ་བཀོལ་བར་རྟོགས་ཞིབ་བྱེད་རྒྱུ་དེ་ཡིན།
གླེ་ཕོ་བྲང་གི་བཟོ་བསྐྲུན་ཁྱད་ཆོས་ཁྲོད་མི་རྣམས་རང་ཤུགས་སུ་དོ་སྣང་བྱེད་དུ་འཇུག་ནུས་པ་ནི་སྤུས་ལེགས་པའི་རྡོ་བརྐོས་དང་མཁར་ཕྱིའི་རྩིག་པ་དེ་རེད།(པར་རིས6)མཁར་གྱང་གི་གཞོགས་ངོས་དོ་མཉམ་དང་རྩིག་ངོས་ཀྱི་དྲ་མིག་རེ་རེ་གྲལ་འགྲིག་པའི་ཕྱིར་དུ། རྩིག་རྡོ་རེ་རེ་སྐས་རིམ་བཞིན་གཅིག་ཐོག་གཅིག་གིས་རྩིག་མགོ་མནན་ནས་རྩིག་པ་བརྟན་པོ་ཡོང་བ་དང་མཛེས་ཉམས་དོད་པོ་ཡོང་བར་བྱས་ཡོད། ཐོག་ཁང་ཅུང་དམའ་བའི་ཁང་པ་རུ་རྩིག་པའི་བར་མཚམས་སུ་རིང་ཚད་ལ་རྨི་གསུམ་ཙམ་གྱི་ཤུག་པའི་ཤིང་ལེབ་བསྒྲིགས་ཤིང་། རྩིག་ངོས་སུ་བོངས་ཆེ་བའི་རྡོ་བརྐོས་སྣ་ཚོགས་ཀྱིས་བརྒྱན་ཡོད། ཕོ་བྲང་གི་མཁར་གྱང་ནི་རྩིག་པའི་འོག་རིམ་ནས་སྟེང་རིམ་དུ་འཛེང་རྡོ་ཁོ་ནས་བརྩིགས་པས། དེ་ཡིས་གཞི་རྒྱ་ཆེ་བའི་མཁར་གྱི་ལྕགས་རི་ལ་འདེགས་སྐྱོར་གྱི་བྱེད་ནུས་བཏོན་ཡོད། ཕོ་བྲང་སྟེང་ཕྱོགས་ཀྱི་རྩིག་པ་ནི་སྲོལ་རྒྱུན་གྱི་འཇིམ་བཟོ་འབའ་ཞིག་ལས་གྲུབ་ཅིང་། དེའི་དབྱིབས་དང་བཀོད་པ་སོགས་ལ་གཏན་འཁེལ་གྱི་ཚད་གཞི་མེད། རྩིག་པ་བརྟན་པོ་ཡོང་བ་དང་རྗིད་ཚད་ཇེ་ཡང་དུ་གཏོང་བའི་ཐབས་སུ་རྒྱུན་པར་འདམ་རྩིབས་སུ་རྡོ་ཧྲུག་བསྲེས་པ་རེད།
པར་རིས6 ཕོ་བྲང་གི་རྩིག་པའི་གྲུབ་ཆ།
གླེ་ཕོ་བྲང་གི་དཀར་ཁུང་གི་བཀོད་སྒྲིག་དང་བསྡུར་ཚད། ཆེ་ཆུང་གི་ཚད་སོགས་ལ་བོད་ལུགས་བཟོ་བསྐྲུན་གྱི་ཁྱད་ཆོས་ལྡན་ཞིང་། དཀར་ཁུང་གི་སྒོ་ནི་གྲུ་བཞི་ནར་གཟུགས་སུ་བྱས་ལ། ས་ངོས་དང་ཐག་ཉེ་བའི་དཀར་ཁུང་གི་བར་གསེང་ནི་ཧ་ཅང་ཆུང་། དེ་ནི་བཟོ་བཀོད་སྤྱིའི་མཛེས་ཉམས་དང་འགོག་སྲུང་གི་ཆེད་དུ་ཡིན་ལ། གཞན་ད་དུང་དངོས་ཟོག་གསོག་འཇོག་གི་དགོས་པའི་ཆེད་ཀྱང་ཡིན།ཕོ་བྲང་སྟེང་ཕྱོགས་ཀྱི་ཁང་པའི་བཟོ་བཀོད་དག་ནི་ཧ་ཅང་གལ་ཆེ་སྟེ། རྒྱུ་མཚན་སྐུ་མགྲོན་སྣེ་ལེན་ཁང་དང་རྒྱལ་པོའི་སྡོད་ཤག་སོགས་དེ་རུ་ཡོད་ལ། ཉི་འོད་ཀྱི་ཆ་རྐྱེན་ཀྱང་ཤིན་ཏུ་ལེགས་པོ་ཡོད། དེར་བརྟེན་ཕོ་བྲང་སྟེང་ཕྱོགས་ཀྱི་བཟོ་བསྐྲུན་དག་གི་དཀར་ཁུང་གི་ཚད་ནི་བཟོ་བཀོད་སྤྱིའི་མཛེས་པ་དང་རིན་ཐང་ལ་བབ་བསྟུན་ཡིན་དགོས་ཏེ། དཀར་ཁུང་ཆེན་པོར་བཟོ་བ་དང་རབ་གསལ་གཟབ་རྒྱས་སུ་བཟོ་བ་ནི་བཟོ་བསྐྲུན་ཁྱད་པར་ཅན་ལ་གདེང་འཇོག་བྱེད་པའི་ཚད་གཞི་གལ་ཆེན་ཞིག་ཡིན།
གླེ་ཕོ་བྲང་གི་བཟོ་བསྐྲུན་དེར་ཕྱི་ནས་བལྟས་ཚེ། བོད་ལུགས་བཟོ་བསྐྲུན་གྱི་ཁྱད་ཆོས་དང་མཐུན་པར་རྩིག་ངོས་སུ་གྲོ་ཤུན་བསྲེས་པའི་འདམ་རྩིབས་ཡུག་གཅིག་ཏུ་བྱུགས་ཤིང་། ཅུང་ཟད་གལ་ཆེ་བའི་ཁང་པའི་རྩིག་ལྡེབས་སུ། ས་རྒྱུ་བཟང་བའི་འདམ་རྩིབས་ཀྱིས་རབ་ཏུ་ཞིབ་ཚགས་པར་བྱུགས་ཡོད། ཕོ་བྲང་གི་ཁང་མིག་དག་གི་ཁྲོད་དུ། རྒྱལ་བློན་གྱི་སྤྱིར་བཏང་གི་ཁང་པའི་རྩིག་ལྡེབས་སུ་རྩི་མདོག་སེར་སྐྱས་བྱུགས་ཤིང་། ཧ་ཅང་གལ་ཆེ་བའི་ཚོམས་ཆེན་དང་ཁང་མིག་དག་གི་རྩིག་ལྡེབས་སུ་རི་མོ་སྣ་ཚོགས་ཀྱིས་བརྒྱན་ཡོད།
ཕོ་བྲང་ལྷོ་ངོས་ཀྱི་ཐོག་བརྩེགས་དང་པོ་ནས་བཟུང་། རིམ་བཞིན་སྟེང་ཕྱོགས་སུ་ཐོག་བརྩེགས་རེའི་བར་དུ་དཀར་ཁུང་ལ་བར་གསེང་ངེས་ཅན་རེ་མཆིས་ཤིང་། བར་གསེང་དེ་ཚོས་ཐོག་བརྩེགས་སོ་སོ་ཕན་ཚུན་སྦྲེལ་ནས་ཡོད། དེ་ལ་ཕྱི་ནས་བལྟས་ཚེ། དཀར་ཁུང་གི་བར་གསེང་དག་ནི་ཆེ་ཆུང་ཆ་མི་ཉམས་པས། ངེས་གཏན་གྱི་ཐོག་བརྩེགས་བཟོ་བསྐྲུན་གྱི་རྣམ་པ་དང་ཅུང་ཟད་མི་འདྲ་བར་དམིགས་གསལ་གྱི་བཟོ་བཀོད་ཁྱད་ཆོས་ལྡན་པ་རེད།(པར་རིས5)
པར་རིས7 འཇུག་སྒོའི་ཤར་ངོས་ཀྱི་བཟོ་རྩལ་ཞིབ་ཚགས་པའི་སྒོ་ཁྱམས་འོག་གི་ཀ་གཞིའི་བརྐོས་རིས་དང་བརྒྱན་བཀོད་དེ། ཀ་སྨིརབཟོ་རྩལ་གྱིས་ཤན་ཞུགས་ཤིང་། དེ་ཡི་སེང་གེའི་བརྐོས་རིས་ཀྱིས་བཞེངས་བསྐྲུན་མཁན་ཏེ་རྒྱལ་པོ་མཚོན་པ་ཡིན།
པར་རིས8 ཤར་ངོས་ཀྱི་འཇུག་སྒོ་གཙོ་བོའི་བར་ཁྱམས་སྟེ། 1930ལོར་བླངས་བའི་འདྲ་པར་ཁྲོད་རུད་པར་གྱུར་བའི་བཟོ་བསྐྲུན་གྱི་ཆ་དེ་དག་ནི་དཀར་ཁུང་གི་ཆར་ཁེབས་ཡིན།
ཕོ་བྲང་གི་འཇུག་སྒོ་ནི་ཤར་ངོས་ཀྱི་ཐོག་བརྩེགས་གཉིས་པའི་བཟོ་རྩལ་ཞིབ་ཚགས་ཅན་གྱི་སྒོ་ཁྱམས་འོག་ཏུ་ཡོད་ཅིང་། སྒོ་ཁྱམས་འདི་ནི་ཕོ་བྲང་དང་དུས་མཉམ་པོར་བཞེངས་པ་ཡིན་མོད། འོན་ཀྱང་དེ་ཡི་ཁྱད་ཆོས་དང་རྣམ་པ་ནི་དུས་ཡུན་གཅིག་ཏུ་བཞེངས་པའི་བཟོ་བསྐྲུན་གཞན་ལས་ཐུན་མོང་མ་ཡིན་པ་ཞིག་ཡིན། (པར་རིས7-8)སྒོ་ཁྱམས་ཀྱི་ཀ་བའི་ཡང་སྟེང་གི་སེང་མགོའི་བརྐོས་རིས་དག་ནི་རྒྱལ་པོའི(སེང་གེ་རྣམ་རྒྱལ)མཚོན་རྟགས་ཡིན་ལ། དེ་ནི་ཕོ་བྲང་གི་འཇུག་སྒོའི་ནང་དཀྱིལ་གྱི་ཀ་བའི་གཞི་དང་གདུང་མའི་སྟེང་དུ་བརྐོས་ཡོད། ཕོ་བྲང་གི་ནང་དུ་འཛུལ་སའི་བར་ཁྱམས་ནི་བྲག་རི་བརྟོལ་ནས་ཡོད་ལ། བར་ཁྱམས་དེ་ནི་ཐོག་བརྩེགས་གསུམ་པར་ཕྱོགས་པ་དང་། ཐོག་བརྩེགས་བཞི་བའི་ཁྱམས་རའི་བར་དུ་བསྲིངས་ཡོད།ཐོག་བརྩེགས་བཞི་བ་ནི་ཕོ་བྲང་གི་ཁྱམས་ར་གཙོ་བོ་སྟེ། དེ་ལ“ཁང་ཐོག་ཆེན་མོ”ཟེར་ཞིང་། དེ་ནི་གདུགས་དཀར་ལྷ་ཁང་ཡིན། ཐོག་བརྩེགས་ལྔ་བ་ནི་ཚོམས་ཆེན་ཏེ། “ཐོག་ཆེན”ཡང་ཟེར། དེ་ཡི་སྲིད་དུ་རྨི10.45དང་ཞེང་ལ་རྨི17.45ཡོད། ཐོག་ཆེན་ནི་ཤར་ལྷོའི་ཟུར་དུ་གནས་ཤིང་། ཚོམས་ཆེན་འདི་རུ་དང་ཐོག་ཁྱམས་རའི་ཕྱི་རོལ་གྱི་ཐེམ་སྐས་བརྒྱུད་ནས་འགྲོ་དགོས། ཕོ་བྲང་གི་ཐོག་བརྩེགས་དང་པོ་ནས་དྲུག་པའི་སྤྱི་ཡོངས་ཀྱི་བཀོད་པའི་རྣམ་པ་ནི་ཧ་ཅང་མངོན་གསལ་ཡིན་ཞིང་། རྒྱལ་བློན་རྣམས་ཀྱི་འཚོ་བའི་སྐྱེལ་ཁུལ་འདི་རུ་ཡོད་ལ། མགྲོན་པོའི་སྣེ་ལེན་ཁང་དང་གསོལ་ཁང་། གཟིམས་ཁང་སོགས་ནི་ཕོ་བྲང་གི་ལྷོ་ནུབ་མཚམས་སུ་ཡོད། གཞན་ཐོག་བརྩེགས་དེའི་ཤར་རྒྱུད་དུ་ཁྲུས་ཁང་དང་མཛོད་ཁང་། གསོལ་ཁང་སོགས་ཡོད།
ཐོག་བརྩེགས་བདུན་པ་རུ་རྒྱལ་བློན་གྱི་ཆབ་སྲིད་གྲོས་མོལ་ཚོམས་ཆེན་ཡོད་ལ། རྒྱལ་པོའི་གཟིམ་ཆུང་དང་སངས་རྒྱས་གླིང་ལྷ་ཁང་། ཤར་གྱི་གཟིམ་ཆུང་སོགས་ཡོད། དེ་ཡི་ཤར་ལྷོའི་མཚམས་སུ་ཡོད་པའི་བསྲོ་སྟེགས་དེ་ནི་གཞུང་ཕྱོགས་ཀྱི་ཚོགས་ར་ཆེན་མོ་ཡིན་ཏེ། ཐོག་བརྩེགས་བརྒྱད་པའི་བྱང་ཤར་ཕྱོགས་སུ་རིམ་བཞིན་སྡོད་ཤག་ཇེ་ཉུང་དུ་ཕྱིན་ཡོད། སྲོལ་རྒྱུན་བཟོ་རྩལ་ལྟར་ན། ཕོ་བྲང་གི་ཡང་སྟེང་དེ་ཐོག་བརྩེགས་དགུ་རུ་སྣང་ལ། གླེ་ཕོ་བྲང་གི་ཐོག་བརྩེགས་དགུ་བའི་ཡང་སྟེང་ནི་རྩེ་གཟིམ་ཆུང་སྟེ“མགུར་ལྷའི་ལྷ་ཁང”ཡིན། དེ་ནི་རྒྱལ་པོའི་མགུར་ལྷ་སྟེ་དགྲ་ལྷའམ་སྲུང་མའི་ལྷ་ཁང་ཡིན།
གླེ་ཕོ་བྲང་དུ་ཁང་མིག་བརྒྱ་ལྷག་མཆིས་མོད། འོན་ཀྱང་ད་ལྟ་གསལ་འབྱེད་བྱེད་ནུས་པ་ནི་ཉུང་ཤོས་ཙམ་ལས་མེད་སྟབས། ཁང་མིག་དེ་དག་གི་རིག་གནས་ལོ་རྒྱུས་སོགས་ལ་ཞིབ་འཇུག་བྱེད་པ་ནི་ཤིན་ཏུ་གལ་ཆེ། ལྷག་ཡོད་ཀྱི་ཁང་མིག་ལས་གཙོ་བོ་ནི་ཐོག་བརྩེགས་བཞི་བའི་ལྷ་ཁང་སྦུག་མ་སྟེ། ཕོ་བྲང་ནུབ་བྱང་མཚམས་སུ་བྲག་རིའི་སྟེང་བཞེངས་པའི་གདུགས་དཀར་ལྷ་ཁང་ཡིན། དེ་ཡི་སྲིད་དུ་རྨི10.35དང་ཞིང་ལ་རྨི10.05ཡོད། དེ་ལ“མཐིལ་གྱི་ལྷ་ཁང”ཞེས་ཀྱང་ཟེར། ཕོ་བྲང་གི་ལྷ་ཁང་ནི་ཁྱམས་ར་གཙོ་བོའི་ཡང་སྟེང་གི་རྨི་གཅིག་ཙམ་གྱི་གནས་སུ་རང་ཚུགས་སུ་བཞེངས་ཤིང་། དེའི་འཇུག་སྒོ་ནི་ཤར་ལྷོའི་མཚམས་སུ་གཏད་ཅིང་མཆོད་ཁང་གི་འཇུག་སྒོ་དང་དྲང་ཐད་དུ་གནས་ཡོད། མཆོད་ཁང་གི་ཕྱིའི་བཟོ་བཀོད་ནི་གྲུ་བཞི་ནར་གཟུགས་སུ་སྣང་ལ། གདུང་མ་དང་ལྕམ་ཤིང་དག་ཀ་བ་བཅུ་དྲུག་གིས་བཏེགས་ནས་དཀར་ཁུང་ལ་དྲ་མིག་མང་དུ་བཏོད་ཡོད། གནམ་གཅལ་གྱི་དཀྱིལ་དུ་རྒྱུ་ཤིང་གིས་བཟོས་པའི་སྒྲོན་མེ་ཞིག་བཏགས་ཤིང་། གནམ་གཅལ་གྱི་ཤིང་མཐིལ་ཤར་དུ་གཏད་ཡོད། ལྷོ་ཡི་རྩིག་པའི་ནང་ལོགས་སུ་གདུགས་དཀར་མའི་འཇིམ་བཟོའི་སྐུ་བརྙན་ཞིག་བཞེངས་ཤིང་། དེའི་གཡས་ལོགས་སུ་སྟོན་པ་ཤཱཀྱ་ཐུབ་པའི་སྐུ་བརྙན་དང(པར་རིས9)། ལོགས་གཉིས་སུ་སློབ་དཔོན་པད་མའི་སྐུ་བརྙན་སོགས་བཞེངས་པ་མ་ཟད། བཀའ་འགྱུར་པོད་གྲངས་བརྒྱ་དང་གསུམ་ཅན་གྱི་གླེགས་བམ་གླེགས་ཤིང་དང་བཅས་པ་མང་དུ་བརྩིགས་ཡོད། མཆོད་ཁང་དེ་རུ་མཆོད་མེ་སྦར་སའི་གནས་ལས་གཞན་དུ་ནི་ལྡེབས་རིས་མེད་ཅིང་། དེར་བཞུགས་པའི་ལྡེབས་རིས་ནི་སྟོན་པའི་འཁྲུང་རབས་ཀྱི་ལྡེབས་རིས་ཡིན་ལ། རྗེས་སུ་མཆོད་ཁང་དེའི་ནོར་རྫས་དང་སྐུ་གསུང་ཐུགས་རྟེན་རྣམས་ཏོག་ཡུལདུ་དྲངས་པ་རེད། མཆོད་ཁང་དེ་ལ་འབྲུག་པ་བཀའ་བརྒྱུད་ཀྱི་ཆོས་བརྒྱུད་འཛིན་པའི་ཧེ་མི་དགོན་པའི་དགེ་སློང་དག་གིས་བདག་གཉེར་བྱེད་ཅིང་། དགོན་པ་དེའི་དགེ་སློང་ལས་མི་ཞིག་མཆོད་ཁང་གི་དཀོར་གཉེར་ལ་བསྐོ་སྲོལ་ཡོད།
ཕོ་བྲང་གི་ཐོག་བརྩེགས་བདུན་པ་རུ་རྒྱལ་པོའི་མཆོད་ཁང་བཞུགས་ཤིང་། དེ་ལ“སངས་རྒྱས་གླིང”ཞེས་ཟེར། སྲིད་དུ་རྨི8.5དང་ཞེང་ལ་རྨི7བཅས་ཡོད། མཆོད་ཁང་དེ་རུ་སྟོན་པ་ཤཀྱ་ཐུབ་པ་དང་སྒྲོལ་མའི་སྐུ་བརྙན་བཞུགས་ལ། ཕོ་བྲང་གི་ལྟད་མོ་གཟིགས་སའི“ཐོག་ཆེན”ནི་ཐོག་བརྩེགས་ལྔ་བའི་ཤར་ལྷོའི་ཟུར་དུ་གནས་ཤིང་དེ་ཡི་སྲིད་དུ་རྨི10.45དང་ཞེང་ལ་རྨི17.4བཅས་ཡོད། ཁོད་ཡངས་པའི་ཐོག་ཆེན་དེའི་བྱང་ཕྱོགས་སུ་བཀག་སྡོམ་བྱས་པའི་བཞུགས་ཁྲི་འགའ་མཆིས་ཤིང་། ཐོག་ཆེན་གྱི་བར་ཁྱམས་ནི་དཀྱིལ་དབུས་སུ་ཡོད་ལ། དེ་ཡི་ཁང་ཀླད་ནི་རྒྱན་སྤྲས་པའི་ཀ་བ་དུ་མས་འདེགས་སྐྱོར་བྱས་ཡོད། ཐོག་ཆེན་དེ་ནི་སྲིད་ཀྱི་གྲོས་མོལ་འཚོག་སའི་ཚོམས་ཆེན་ཡིན། གཞན་ཐོག་བརྩེགས་བདུན་པར་རྒྱུན་པར་ཆོས་ལུགས་ཀྱི་ཆོ་ག་སྣ་ཚོགས་སྤེལ་ཅིང་། རྒྱལ་པོའི་གཟིམ་ཆུང་ལས་ཐད་ཀར་ཁྱམས་ར་གཙོ་བོར་གཟིམས་མོ་བྱེད་ནུས། གཟིམ་ཆུང་དེ་ནི་བརྐོས་རིས་ཀྱིས་བརྒྱན་པའི་ཀ་བ་གདུང་ལྕམ་དུ་མས་བཏེགས་ཡོད། རྒྱལ་པོའི་བཞུགས་ཁྲི་ནི་ཁྲི་སྟེགས་ཆུང་ངུ་ཞིག་གི་སྟེང་དུ་གནས་ལ། རྒྱལ་པོས་དེ་སྔར་ཚོགས་ཁང་དེ་རུ་བོད་ནས་ཡོང་བའི་སྐུ་ཚབ་ཕོ་ཉར་མཇལ་འཕྲད་ཞུས་མྱོང་། ཚོམས་ཆེན་ལྷོ་ནུབ་རྒྱུད་ཀྱི་སྟེགས་བུ་ཆེན་པོ་དེ་ནི་སྲིད་འཛིན་ཀྱི་གྲོས་མོལ་མཇལ་འཕྲད་ཞུ་ས་ཡིན།
པར་རིས9 ལྷ་ཁང་གཙོ་བོའི་མཆོད་སྟེགས། གདུགས་དཀར་ལྷ་ཁང་དུ་ཤཱཀྱའི་སྐུ་བརྙན་བཞུགས།
ལྔ་བ། གླེ་ཕོ་བྲང་གི་དེང་སྐབས་ཀྱི་གནས་བབ།ཊོག་རའི་དམག་འཁྲུག་གི་རྗེས་སུ། རྒྱལ་བློན་ཁྱིམ་རྒྱུད་དག་གླེ་དང་བྲལ་ཏེ་ཏོག་ཡུལ་ཕྱོགས་སུ་ཡུལ་བྱོལ་དུ་ཕེབས། ཏོག་མཁར་ནི་དེ་སྔ་སྤྱི་ལོ1828ལོར་རྒྱལ་པོ་ཚེ་དཔལ་དོན་གྲུབ་རྣམ་རྒྱལ་གྱིས་བཞེངས་ཤིང་། མཁར་དེ་བཞེངས་ནས་རིང་པོ་མ་ལོན་པར་ལ་དྭགས་སིང་པའི་འོག་ཏུ་ཤོར། འོན་ཀྱང་ཏོག་མཁར་ནི་ད་ལྟའི་བར་དུ་སྔར་བཞིན་རྒྱལ་བློན་གྱི་རྗེས་རབས་པ་དག་གི་སྡོད་གནས་སུ་གྱུར་ཡོད། གླེ་ཕོ་བྲང་ནི་ལོ་རྒྱུས་དོན་རྐྱེན་མང་པོ་བརྒྱུད་ནས་རྦད་དེ་ཀུན་ལ་དོ་སྣང་མེད་པར་གྱུར་བས། ཕོ་བྲང་གི་མཁར་ཤུལ་དུ་སྔར་བཞིན་ཆོ་ག་སྒྲུབ་པའི་དཀོར་གཉེར་འགའ་ལས་གཞན་སུ་ཡང་མེད། ཕོ་བྲང་དེ་ནི་བདག་གཉེར་དང་ཞིག་གསོ་མེད་པར་ཡུན་རིང་ལུས་པས། སྤྱིའི་བཟོ་བཀོད་སྒྲིག་གཞི་ལ་ཉམས་ཉེས་ཆེན་པོ་བྱུང་ཞིང་། ཕོ་བྲང་ནུབ་ཕྱོགས་ཀྱི་རྩིག་རྨིང་མར་བབས་ཏེ་རྡིབ་པའི་ཉེན་ཁ་ཡང་བྱུང་ཡོད། (པར་རིས8)དེ་ནི་གཙོ་བོ་ཕྱོགས་དེའི་ཕོ་བྲང་གི་རྩིག་རྨང་ལ་བྲག་རྡོའི་རྨང་གཞི་བརྟན་པོ་མེད་པ་དང་། མཁར་གྱི་རྩིག་པ་དེ་ཕོ་བྲང་གི་ངོས་གཞན་ལས་གཟར་བའི་གནས་སུ་བརྩིགས་པས་ཡིན། ཡིན་ཡང་མཁར་ལས་བྱེད་པའི་རྩིག་བཟོ་བ་དག་གིས་དང་པོ་ནས་རྩིག་པའི་འཇིག་ཉེན་གྱི་གནད་དོན་དེ་ལ་རྟོགས་ཞིབ་བགྱིས་ཤིང་། རྩིག་ཕྱིའི་འདེགས་སྐྱོར་ནུས་པའང་ཇུས་འགོད་གང་ལེགས་བྱས་པར་སྣང་།
གླེ་ཕོ་བྲང་གི་ངོས་ཁ་ཤས་སུ་གཏོར་བཤིག་གི་ཚད་ཆེ་རུ་ཕྱིན་པས་བཟོ་བསྐྲུན་གྱི་ཆ་ཤས་གཙོ་བོ་དག་ལ་ཡང་འཇིག་ཉེན་ཚབས་ཆེན་ཐེབས་ཡོད། གཞན་ད་དུང་ཡུལ་སྐོར་བ་དང་གནས་མཇལ་བ་དག་གི་བདེ་འཇགས་ལའང་ཉེན་ཁ་ཆེན་པོ་འབྱུང་མོས་ཡོད། དེར་བརྟེན་བཟོ་བསྐྲུན་དེ་ཇི་ནུས་ཀྱིས་ཉམས་གསོ་དང་སྲ་བརྟན་དུ་མ་བཏང་ཚེ། ལོ་རྒྱུས་མཁར་ཤུལ་དེ་དུས་ཡུན་ཐུང་ངུ་ཙམ་གྱི་རྗེས་སུ་རྨེག་མེད་དུ་འགྲོ་ངེས་རེད། དེར་བརྟེན། གླེ་གྲོང་ཁྱེར་གྱི་མི་རྣམས་ཀྱིས་མིག་སྔར་གླེ་ཕོ་བྲང་གི་བཟོ་བཀོད་སྒྲིག་གཞི་སོགས་ལ་ཕྱོགས་ཡོངས་ནས་རྟོགས་ཞིབ་བྱེད་འགོ་ཚུགས་ཤིང་། དེ་ལ་མྱུར་སྐྱོབ་ཀྱི་ཇུས་གཞི་མང་པོ་ལག་བསྟར་བྱས་ཏེ། ཕོ་བྲང་གི་སྒྲོམ་གཞི་དང་བཞེངས་བསྐྲུན་སྒྱུ་རྩལ་སོགས་ཉམས་ཆག་ཏུ་འགྲོ་བར་སྔོན་འགོག་གང་ལེགས་བྱེད་བཞིན་མཆིས། འོན་ཀྱང་ཕོ་བྲང་གི་བཟོ་བསྐྲུན་མྱུར་སྐྱོབ་ཀྱི་ཇུས་གཞི་དེ་དག་ཡུན་དུ་བརྟན་པ་དང་བྱེད་ནུས་གལ་ཆེན་ཐོན་པའི་སླད་དུ། ད་ལྟའི་དཔལ་འབྱོར་འབྲེལ་བའི་གྲུབ་ཚུལ་དང་ཐོན་ལས་གསར་སྤེལ་ཕྱོགས་ལ་བསམ་གཞིགས་ཞིབ་ཏུ་བྱེད་འོས་ཏེ། ཡུལ་སྐོར་ལྟེ་གནས་སུ་གྱུར་བའི་གླེ་ཕོ་བྲང་ནང་ཁུལ་དུ། ཡུལ་སྐོར་ཞབས་ཞུའི་ལས་རིགས་ཀྱི་ཡོང་འབབ་བསྡུ་སའི་རྟེན་གཞི་ཁ་ཤས་འཛུགས་རྒྱུ་ནི་ཤིན་ཏུ་གལ་ཆེ་བར་བསམ། དཔེར་ན། ཐོག་བརྩེགས་དམའ་བའི་ཚོམས་ཆེན་ཁག་ཏུ་ལོ་རྒྱུས་ཤུལ་བཞག་རིག་དངོས་བཤམས་སྟོན་ཁང་བཙུགས་ཏེ། ལ་དྭགས་ཡུལ་གྱི་འཚོ་བ་རོལ་སྟངས་མཚོན་པའི་རིག་གནས་བྱ་འགུལ་སྤེལ་བ་དང་དེ་འབྲེལ་གྱི་རིག་དངོས་ཡོ་ཆས་བསྒྲིག་པ། ས་གནས་ཀྱི་སྒྱུ་རྩལ་ཐོན་རྫས་སོགས་འགྲེམས་སྟོན་ཕྱིར་འཚོང་བཅས་བྱས་ཆོག
གླེ་ཕོ་བྲང་གི་ཐོག་བརྩེགས་བར་མ་རྣམས་སུ་རིག་གནས་ལོ་རྒྱུས་འགྲེམས་སྤེལ་བྱེད་སའི་དངོས་མང་བཤམས་སྟོན་ཁང་འཛུགས་པ་སྟེ། ནང་པའི་ཆོས་ཀྱི་འབྱུང་ཁུངས་མཚོན་པའི་རིག་དངོས་འགྲེམས་སྟོན་བྱེད་པ་དང་། ལ་དྭགས་འདུས་པའི་གནའ་བོའི་དར་གོས་ཚོང་ལམ་རྒྱུད་ཀྱི་ཉོ་འཚོང་རིག་གནས་དང་། ཨེ་ཤ་ཡ་དབུས་མའི་རིག་གནས་སོགས་མི་རིགས་མང་པོའི་འདུས་སྡོད་ཁུལ་ལམ། རིག་གནས་མཉམ་འདྲེས་ཀྱི་ཁྱད་ཐོན་དངོས་རྫས་མང་པོ་འགྲེམས་སྟོན་བྱས་ཆོག དེ་མིན་ཕོ་བྲང་གི་ཐོག་ཁང་དག་ལ་ཉམས་གསོ་དང་བསྐྱར་བཞེངས་ལེགས་པོར་བྱས་རྗེས་རིག་དངོས་སྲུང་སྐྱོབ་བྱ་བའི་གཞུང་ལས་ཁང་དུ་སྤྱད་ཆོག
མདོར་ན། གླེ་ཆེན་དཔལ་མཁར་ཕོ་བྲང་གི་ལོ་རྒྱུས་རྗེས་ཤུལ་འདི་ལ་སླར་ཡང་ཚེ་སྲོག་གི་གསོན་ཤུགས་གསར་བ་ཞིག་སྦྱིན་པར་ངེས་པར་དུ་རིག་གནས་དང་ཡུལ་སྐོར་ལས་རིགས་ལ་བརྟེན་དགོས་ཤིང་། ས་ཁམས་ཚགས་ཚུལ་དམིགས་བསལ་ཡིན་པའི་ལ་དྭགས་ཀྱི་ཡུལ་འདི་ལ་མཚོན་ན། གནའ་བོའི་ཕོ་བྲང་སོགས་ལོ་རྒྱུས་རིག་གནས་ཀྱི་རྗེས་ཤུལ་རེ་འགའ་མ་གཏོགས་གསར་སྤེལ་བྱེད་རུང་བའི་ལས་རིགས་གསར་བ་ཤིན་ཏུ་དཀོན་པས། གལ་ཏེ་མྱུར་སྐྱོབ་ཀྱི་བྱེད་ཐབས་འདི་དག་དང་དུ་མ་བླངས་ཚེ། ཐུན་མོང་མ་ཡིན་པའི་གླེ་ཕོ་བྲང་གི་རིག་གནས་དང་བཟོ་བསྐྲུན་རྗེས་ཤུལ་འདིའི་མ་འོངས་པའི་གནས་སྟངས་ལའང་ཁག་ཐེག་བྱེད་མི་ནུས་སོ། །
ལ་དྭགས་རྒྱལ་ས་གླེ་ཕོ་བྲང་། མྱུར་སྐྱོར་བྱེད་འོས་པའི་ཧི་མ་ལའི་གནའ་བོའི་དཔེ་མཚོན་བཟོ་བསྐྲུན། W.MoorcoftདངG.Trebeckཡིས་བརྩམས་ཤིང་སྤྱི་ལོ1820ལོར་པར་དུ་བསྐྲུན་པའི《ཧི་མ་ལའི་མངའ་སྡེ་ཧི་རྡུ་སི་ཐན་གྱི་འགྲུལ་བཞུད》ཅེས་པའི་དེབ་ལས་དྲངས། (པར་རིས1-11)
དཔྱད་གཞིའི་ཡིག་ཆ།
1.དཔེ་རིས་དཔྱད་གཞི།
1820: W. Moorcroft and G. Trebeck; Travels in Hindustan, Frontispiece, vol. 1.
1853: A.Cunningham; Ladakh, Physical, Statistical and Historical, plate XXI, face page 314.
1901: Sven Hedin; Transhimalaya, vol. 1.
1909: Francke; Antiquities of Indian Tibet, vol. 1, plate XXX, view of Leh, p. 78.
1932: G. Dainelli; Il mio viaggio nel Tibet occidentale, Milan, A. Mondadori, pp. 113 and 337.
1935: G. Tucci; Le Tibet des Neiges, (ed. 1969), p. 30.
1937: Prince Peter of Greece and Denmark, photographs of Leh(personal communication) .
1940: Gergan; La-doags rgyal-rabs 'chi-med gter, Srinagar, 1976.
2.ལ་དྭགས་ལོ་རྒྱུས་ཀྱི་དཔྱད་གཞི།
Cunningham, A. , 1854: Ladakh, Physical, Historical and Statistical. London.
Desideri, I. , 1937: An Account of Tibet. London.
Francke, A.H.,1914-1925:Antiquities of Indian Tibet; Calcutta,Vol. II. The Chronicles of Ladakh and Minor Chronicles.(Reprint 1972) , pp. 106-112.
Gergan, S. , 1976: La-dvags rGyal-rabs chi-med gter. Srinagar.
Moorcroft, W. and Trebeck, G., 1841: Travels in the Himalayan Provinces of Hindustan and the Panjab, in Ladakh and Kashmir, in Peshawar, Kunduz and Bokhara. London. (Reprint 1971)
Petech, L. , 1939: A Study of the Chronicles of Ladakh. Calcutta.
---1977: The Kingdom of Ladakh. Rome.
Rockhill, W. W. ,1891: Tibet, a geographical, ethnographical andhistorical sketch, derived from Chinese sources. In: J.R.A.S.GB.Ir.,Jan. 1891,pp.1-133; 185-291.(Contains a Chinese work called Notice of the Province of Wei and Tsang, written by Ma-Shao-Yun, commissary general of the Chinese army which was sent to expel the Gorkhas from Tibet in 1786. )
Snellgrove, D.and Skorupski, T.,1977: The Architectural Heritage of Ladakh. Warminster, Aris and Philipps, pp. 99-102.
Thubstan Paldan (translated by M. Aris), 1976: A Brief Guide to the Buddhist Monasteries and Royal Castles of Ladakh. Nanjangud.
Tucci, G.,1932-1936: Indo-Tibetica, Vol. I-III. Rome.
3. ལ་དྭགས་དང་འབྲེལ་བའི་མིའི་རིགས་རིག་པའི་དཔྱད་གཞི།
Heber, A. and Heber, K.M.,1976: Himalayan Tibet and Ladakh. New Delhi (first edition 1903) .
Kaplanian, P.,1981: Les Ladakhi du Cachemire. Hachette,Paris.
4. བོད་ཀྱི་བཟོ་བསྐྲུན་སྐོར་གྱི་དཔྱད་གཞི།
Denwood, P. , 1971: Forts and castles, an aspect of Tibetan architecture. Shambala. Occasional Papers of the Institute of Tibetan Studies, No. 1, pp. 7-17. Tring.
---1974: Bhutan and its architecture. Objets et Mondes XIV, Paris.
Hummel, S. , 1953: Geschichte der Tibetische Kunst. Leipzig.
---1956: Wer waren die Erbauer der Tibetischen Burgen. Paideuma, VI (4) : 205-209.
---1964:Tibetische Architektur. Bull. Soc.Suisse d'Anthro-pologie et d'Ethnologie, pp. 62-95.
Jest, C. and Stein,J.A.,1977:Dynamics of development and tradition. The architecture of Ladakh and Bhutan in Himalaya. In: Himalaya, Ecologie et Ethnologie. Colloque International du CNRS, Paris, CNRS.
Karmay, H. , 1975: Early Sino-Tibetan Art. Warminster.
Khosla, R., 1979: Buddhist Monasteries in the Western Himalaya. Bibliotheca Himalayica, Series III, Vol. 13. Kathmandu.
Marechaux, P. , 1981: Deux maisons de culture tibétaine à Piang(Nyi-Shang) et à Songde (Zanskar).In: L'Homme et la maisonen Himalaya (Ed. G.Toffin),Paris,CNRS.
Mortari Vergara Caffareli, P. , 1976: Il Linguaggio archittetonico del Tibet e la sua diffusione nell'Asia Orientale. Revista degliStudi Orientali, pp. 197-240.Rome.
Murdock, P.,1981:Vernacular House form in Ladakh. In: L Homme et la maison en Himalaya (Ed. G. Toffin), Paris,CNRS.
Pommaret-Imaeda, F. , 1979: The construction of Ladakhi housesin the Indus valley. In: Tibetan Studies in Honor of N.H. Richard-son (Ed. M. Aris). Warminster.
Stein, R.A., 1957: L'habitat, le monde et le corps humain en Extrême Orient et en Haute Asie. Joumal Asiatique, CCXLVI/1: 37-74.
---1957: Architecture et pensée religieuse en Extrême Orient. Arts Asiatiques, IV, 3.
Wang, Yi: Xizang wen wu jianwen ji. Wen Wu, 3:38-43.
5.བོད་ཀྱི་ཤེས་རིག་སྐོར་གྱི་དཔྱད་གཞི།
Richardson, H.E. and Snellgrove,D.,1968: A Cultural History of Tibet. London.
Stein, R.A.,1972:Tibetan Civilisation. Faber and Faber, London.
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།