༄༅། །དཀར་བརྗིད་ལྕང་རའི་ཤིང་སྒོ་ངོ་སྤྲོད་མདོར་བསྡུས།

རྩོམ་པ་པོ།:པདྨ་ཚེ་རིང་། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2023-11-07 08:32:37 ཀློག་གྲངས།:
       གནའ་ནས་ད་ལྟའི་བར་ས་སྒོ་མེ་དང་གནམ་སྒོ་མེ་ཞེས་སྙན་པའི་བ་དན་རིང་མོ་མ་ཉམས་མ་ཡལ་པར་ཡུལ་ཕྱོགས་ཀུན་ན་གཡོ་བཞིན་མཆིས། དེ་ཡང་ཆིང་རྒྱལ་རབས་ཅཱ་ཆིན་དུས་སུ་སྐུ་གཞོགས་ཏིང་ཀྱཱ་སྐུ་ཕྲེང་སྔ་ཤོས་ཤིག་གིས་ཡུལ་ཕྱོགས་འདིར་མངའ་མཛད་གནང་སྐབས་སུ་ས་རྩོད་དང་ཆུ་རྩོད་ཀྱི་ཁ་མཆུ་མེད་པར་བཟོ་ཆེད། སྒོ་མེ་ཚོ་སྒོ་སྟོད་སྨད་བར་གསུམ་ཞེས་ས་མཚམས་དབྱེ་འབྱེད་བྱས་ཏེ། ཁྲི་ཀའི་ལྕང་རའི་ལོ་ཡག་ཏུ་སྒོ་ཆེན་ཞིག་དང་བྲག་དཀར་རྫོང་གི་ཆུ་སྔོན་ཆུ་བོའི་མཚམས་སུ་སྒོ་ཆེན་ཞིག་བཟོ་སྐྲུན་མཛད་དེ་སྒོ་མེ་ས་མཚམས་ལྕང་རའི་ཤིང་སྒོ་ཡན་ཆད་ནས་ཆུ་སྔོན་ཆུ་བོ་མན་ཆད་ཡིན་པ་ཐད་གཅོད་མཛད་ཅེས་སྐད།
ལྕང་རའི་ཤིང་སྒོ་རྙིང་པའི་པར།
       ལྕང་རའི་ཤིང་སྒོ་ནི་ཁྲི་ཀའི་དཀར་བརྗིད་ཡུལ་ཚོའི་ལྕང་རའི་ལོ་ཡག་སྡེ་བའི་ཤར་ཕྱོགས་ཀྱི་གདོང་སྣ་ཞིག་ཏུ་བརྗིད་ཆགས་ངང་བཞེངས་སྐྲུན་མཛད་ཡོད་ལ། གནས་འདི་ཡང་བ་ཡན་རྫོང(化隆县)དང་སྐུ་འབུམ་རྫོང་།(湟中县) ཁྲི་ཀ་རྫོང(贵德县)བཅས་རྫོང་གསུམ་གྱི་འདྲེས་མཚམས་ཡིན་པས་ངག་རྒྱུན་ལ་ཁྲི་ཀའི་བྱ་སྐད་རྫོང་གསུམ་ཡུལ་ན་གོ(贵德鸡儿叫三县)ཞེས་བརྗོད། ས་དེ་གའི་བོད་རིགས་དང་རྒྱ་རིགས་མང་ཚོགས་ཚོའི་ངག་རྒྱུན་ལྟར་ན་ཤིང་སྒོ་འདི་ཆིང་རྒྱལ་རབས་ཅཱ་ཆིན་དུས་སུ་བཞེངས་སྐྲུན་མཛད་པ་དང་། རྗེས་སུ་ཐེངས་གཉིས་ལ་སླར་གསོ་མཛད་ཅེས་སྐད། ཐེངས་དང་པོ་ནི་ཆོས་ལུགས་དད་མོས་རང་དབང་གི་སྲིད་ཇུས་ཐོན་པའི་རྗེས་དང་། ཐེངས་གཉིས་པ༢༠༡༧ལོ་ཡིན། བཞེངས་བཀོད་ཀྱི་རྣམ་པ་ནི་ཐོག་བརྩེགས་གཉིས་ཅན་གྱི་ལྷ་ཁང་གི་བཟོ་བཀོད་ཡིན་ལ། རྒྱ་ཕིབས་དང་མདའ་ཡབ། ལན་ཀན་སོགས་ཀྱིས་གྲུབ་འདུག་ཅིང་། བརྗིད་ཆགས་ཤིང་མཛེས་ཉམས་དོད་པོ་ལྡན་པ། ཐོག་སོ་དང་པོ་ནི་སྒོ་ཆེན་ཡིན་ལ། སྒོ་ཀླད་ཀྱི་དབྱིབས་ནི་ཟླུམ་གོར་དང་། སྒོ་འགྲམ་གཉིས་ཀྱི་རིང་ཚད་ལ་ཧ་ལམ་སྨི་བདུན་ཙམ་ཡོད། ཐོག་སོ་གཉིས་པའི་སྟེང་དུ་ལྷ་ཁང་བཞེངས་སྐྲུན་བྱས་འདུག་སྟེ། འདིའི་རྟེན་གཙོ་བོ་ནི་ལྷ་ཆེན་རྩལ་རྫོགས་མཐུ་བོ་ཆེ(无量天尊)ཡིན་ལ། རྟེན་འདིའི་གཡས་ཕྱོགས་སུ་ཞི་བའི་ལྷ(文官)ཞིག་དང་གཡོན་ཕྱོགས་སུ་དྲག་པའི་ལྷ(武官)ཞིག་བཞེངས་འདུག་ལ་གསོན་ཉམས་དོད་པོ་ལྡན་ཞིང་དད་པའི་འདུན་པ་དབང་མེད་དུ་འཕྲོག
ལྕང་རའི་ཤིང་སྒོ་གསར་པའི་པར།
       ཐེངས་གཉིས་པ་སླར་གསོ་མཛད་པའི་ལོ་དེའི་ཧོར་ཟླ་དགུ་བའི་ཚེས་དགུ་ཉིན་ལྟས་ལེགས་པ་ཞིག་ལ་སྒོ་མེ་ཆོས་རྗེ་ཏིང་ཀྱཱ་རིན་པོ་ཆེའི་སྤྲུལ་སྐུ་ཏིང་ཀྱཱའི་སྐུ་ཕྲེང་ལྔ་པ་ཀུན་བཟང་པདྨ་རྣམ་རྒྱལ་མཆོག་དཀར་བརྗིད་སུམ་བྷ་རུ་ཕེབས་ནས་ཕྱིར་ཟི་ལིང་ཕྱོགས་སུ་ཕེབས་གནང་མཛད་པའི་ལམ་བར་དུ་ས་དེ་གའི་དད་ལྡན་མང་ཚོགས་ཚོས་ལྷ་ཁང་དེ་བཞེངས་པའི་གདུང་མ་འདེགས་པ་དང་འཕྲད། དེ་ནས་ཡུལ་དེའི་དད་ལྡན་མང་ཚོགས་རྣམས་ཀྱིས་སྐུ་ཉིད་ཕེབས་བསུ་གནང་སྟེ། ལྷ་ཁང་དེའི་རྟེན་དང་བརྟེན་པ་ཚང་མར་གཟུངས་གཞུག་ཕུལ་པ་དང་རབ་གནས་གང་ལེགས་མཛད་པར་བཅུག་སྟེ། དད་ལྡན་མང་ཚོགས་རྣམ་པའི་བསམ་དོན་ཡིད་བཞིན་འགྲུབ་པར་བྱས། སྤྱིར་ལྷ་ཁང་འདིར་རིག་གནས་ལོ་རྒྱུས་མང་པོ་ཞིག་མཆིས་ལ། ད་ལྟ་བློ་དམན་ངའི་ལག་ཏུ་འདི་ཙམ་ལས་མ་སོན་པས་འདིར་ཞིབ་འཇུག་གི་སྤྲོ་བ་ཡོད་མཁན་ཚོས་མུ་མཐུད་དུ་འཚོལ་ཞིབ་བྱ་རྒྱུར་སྙིང་ནས་རེ།
ཐག་རིང་ནས་བླངས་པའི་པར།
ཡོང་ཁུངས། ༢༠༢༣ལོའི«ལྗོན་དབང»དེབ།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།